ཅི་ཞིག་ལ་གཞན་འབྲེལ་གན་རྒྱ་ཟེར་བ་དང་མི་གསུམ་པས་དབང་ཆ་གང་དག་སྤྱོད་པ་དང་འགན་འཁྲི་གང་དག་འཁུར་དགོས་སམ།
གྱོད་དཔེ།
དཔལ་སྐྱིད་ཀྱིས་དོན་འགྲུབ་ཀྱིས་ཉོས་པའི་ལྭ་བ་དོན་འགྲུབ་ལ་བསྐུར་བ་དང་། བསྐུར་གླ་དངོས་པོ་འབྱོར་རྗེས་སྟེར་རྒྱུ་བྱས་ཡོད་པས་དོན་འགྲུབ་རང་གིས་སྟེར་དགོས། དེར་དོན་འགྲུབ་འཐད་པ་བྱུང་། འོན་ཀྱང་མྱུར་སྐྱེལ་པས་དངོས་པོ་དོན་འགྲུབ་ཀྱི་སར་བསྐྱལ་རྗེས། དོན་འགྲུབ་ཀྱིས་བསྐུར་གླ་སྟེར་རྒྱུ་ཁས་མ་བླངས། མཇུག་མཐར་དཔལ་སྐྱིད་ཀྱིས་མཚོ་མོའི་ལག་ནས་སྒོར་མོ་བསྐྱིས་ཏེ་བསྐུར་གླ་བྱིན་པར་མ་ཟད། དོན་འགྲུབ་ཀྱིས་མཚོ་མོར་སྐྱིན་གསབ་སྟེར་དགོས་པ་ཁ་ཆད་བྱས། གྱོད་དོན་འདིའི་ནང་དུ། ཕྱོགས་སོ་སོའི་དོ་བདག་བར་གྱི་འབྲེལ་བ་ག་འདྲ་ཞིག་ཡིན་ནམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདིའི་གནད་འགག་ནི“གཞན་འབྲེལ་གན་རྒྱ”ཡི་ནང་གི་ཕྱོགས་སོ་སོའི་དོ་བདག་བར་གྱི་འབྲེལ་བ་དེ་ཇི་ལྟར་གསེད་སྒྲིག་བྱེད་པར་ཐུག་ཡོད། གྱོད་དོན་འདིའི་ནང་དུ། དོན་འགྲུབ་དང་དཔལ་སྐྱིད། དཔལ་སྐྱིད་དང་མྱུར་སྐྱེལ་ཀུང་སི་བར་ལྭ་བ་ཞིག་བསྐུར་བའི་དོན་དེའི་ཐད་གྲོས་མཐུན་གཅིག་གྱུར་བྱུང་ཡོད་ལ། དེར་བརྟེན་དཔལ་སྐྱིད་དང་དོན་འགྲུབ་གཉིས་ཀྱི་བར་དུ“གཞན་འབྲེལ་གན་རྒྱ”ཞིག་གྲུབ་ཡོད་དེ། དཔལ་སྐྱིད་ཀྱིས་དངོས་པོ་བསྐུར་བའི་འགན་འཁུར་ཡོད་པ་དང་། དོན་འགྲུབ་ཀྱིས་གན་རྒྱའི་ནང་གི་མི་གསུམ་པར་བསྐུར་གླ་སྟེར་བའི་འགན་འཁུར་ཡོད། དེའི་ཕྱིར། དངོས་པོ་བསྐྱལ་ནས་དོན་འགྲུབ་ཀྱི་གམ་དུ་འབྱོར་སྐབས། བུན་འཇལ་མཁན་དོན་འགྲུབ་ཀྱིས“མི་གསུམ་པ”མྱུར་སྐྱེལ་ཀུང་སིར་བསྐུར་གླ་སྟེར་དགོས། མྱུར་སྐྱེལ་ཀུང་སིས་ཀྱང་དོན་འགྲུབ་ལ་བསྐུར་གླ་སྟེར་དགོས་པའི་རེ་འདུན་ཞུས་ཆོག གལ་ཏེ་བསྐུར་གླ་སྟེར་རྒྱུ་ཁས་མ་བླངས་ན། བུན་འཇལ་མཁན་དོན་འགྲུབ་ཀྱིས་བུན་བདག་དཔལ་སྐྱིད་ལ་ཆིངས་འགལ་འགན་འཁྲི་འཁུར་དགོས། དཔལ་སྐྱིད་དང་མཚོ་མོ་གཉིས་བར་གྱི་བསྐྱིས་དངུལ་གན་རྒྱར་ཁ་གཏད་ན། དོན་འགྲུབ་ཀྱིས་སྐྱིན་གསབ་སྤྲོད་རྒྱུ་ཁ་ཆད་བྱས་ཡོད་པས། དེ་ཡང“གཞན་འབྲེལ་གན་རྒྱ”ལ་གཏོགས། “མི་གསུམ་པ”དོན་འགྲུབ་ཀྱིས་བསྐྱིས་དངུལ་འཇལ་རྒྱུ་ཁས་མི་ལེན་པའི་སྐབས་སུ། བུན་འཇལ་མཁན་དཔལ་སྐྱིད་ཀྱིས་བུན་བདག་མཚོ་མོར་ཆིངས་འགལ་འགན་འཁྲི་འཁུར་དགོས།
འབྲེལ་ཡོད་ཁྲིམས་ཚན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན522པའི་ཁོད་ཚན་དང་པོ། དོ་བདག་བར་བུན་འཇལ་མཁན་གྱིས་མི་གསུམ་པར་བུན་འགན་འཁུར་རྒྱུའི་གྲོས་དན་བཞག་མོད། བུན་འཇལ་མཁན་གྱིས་མི་གསུམ་པར་བུན་འགན་མ་འཁུར་བའམ་བུན་འགན་ཁུར་བ་དེ་གྲོས་དན་དང་མི་མཐུན་པ་ཡིན་ན། བུན་བདག་ལ་ཆིངས་འགལ་འགན་འཁྲི་འཁུར་དགོས།
དོན་ཚན523པ། དོ་བདག་བར་མི་གསུམ་པས་བུན་བདག་ལ་བུན་འགན་འཁུར་རྒྱུའི་གྲོས་དན་བཞག་མོད། མི་གསུམ་པས་བུན་འགན་མ་ཁུར་བའམ་བུན་འགན་ཁུར་བ་གྲོས་དན་དང་མི་མཐུན་ན། བུན་འཇལ་མཁན་གྱིས་བུན་བདག་ལ་ཆིངས་འགལ་འགན་འཁྲི་འཁུར་དགོས།
དོན་ཚན524པ། བུན་འཇལ་མཁན་གྱིས་བུན་འགན་མི་ཁུར་བ་དང་། མི་གསུམ་པར་བུན་འགན་དེ་ཁུར་ན་ཁྲིམས་མཐུན་གྱི་ཁེ་ཕན་ཡོད་པ་ཡིན་ན། མི་གསུམ་པས་བུན་བདག་ལ་བུན་འགན་ཚབ་འཁུར་བྱས་ཆོག ཡིན་ན་ཡང་བུན་འགན་གྱི་ངོ་བོ་དང་དོ་བདག་བར་གྱི་གྲོས་དན་ནམ་བཅའ་ཁྲིམས་ཀྱི་གཏན་འབེབས་བཅས་གཞིར་བཟུང་སྟེ། བུན་འཇལ་མཁན་ཁོ་ནས་འཁུར་དགོས་པ་ཡིན་ན་འདིའི་ཁོངས་སུ་མི་ཚུད།
བུན་བདག་གིས་མི་གསུམ་པས་བུན་འགན་ཁུར་བ་དང་ལེན་བྱས་རྗེས། དེའི་བུན་འཇལ་མཁན་ལ་སྤྱོད་པའི་བུན་དབང་དེ་མི་གསུམ་པར་བཤུག་སྤྲོད་བྱེད་དགོས། ཡིན་ཡང་བུན་འཇལ་མཁན་དང་མི་གསུམ་པའི་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད།
ཁྲིམས་ཚན་ཞིབ་འགྲེལ།
གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་མི་གསུམ་པའི་ཁེ་ཕན་དང་འབྲེལ་བའི་གན་རྒྱའི་ཐད་ཀྱི་གཏན་འབེབས་རེད།
ཁེ་ཕན་མི་གསུམ་པའི་གན་རྒྱ་ཞེས་པ་ནི་དོ་བདག་ཕྱོགས་གཉིས་ཀྱི་ཅིག་ཤོས་ཀྱིས་གན་རྒྱའི་འབྲེལ་བ་ཕུད་པའི་མི་གསུམ་པར་འོས་འགན་བསྒྲུབ་རྒྱུ་ཁ་ཆད་བྱས་པ་དང་ཡང་ན་མི་གསུམ་པས་བུན་བདག་ལ་འོས་འགན་བསྒྲུབ་རྒྱུ་ཁ་ཆད་བྱས་པའི་གན་རྒྱ་ལ་བྱ། བུན་འཇལ་མཁན་གྱིས་མི་གསུམ་པར་དངོས་སུ་འོས་འགན་མ་བསྒྲུབས་པའམ་ཡང་ན་མི་གསུམ་པས་བུན་བདག་ལ་དངོས་སུ་འོས་འགན་མ་བསྒྲུབས་པའི་སྐབས་སུ། གན་རྒྱའི“བལྟོས་བཅས་རང་བཞིན”གྱི་རྩ་བའི་རིགས་པ་གཞིར་བཟུང་སྟེ། གན་རྒྱའི་ཚོད་འཛིན་ནུས་པ་དེ་གན་རྒྱའི་བལྟོས་བཅས་མིའི་བར་དུ་མ་གཏོགས་སྤྱོད་མི་རུང་། དེར་བརྟེན་བུན་འཇལ་མཁན་གཅིག་པུས་བུན་བདག་ལ་ཆིངས་འགལ་འགན་འཁྲི་འཁུར་དགོས་པའམ། ཡང་ན་བུན་བདག་གིས་བུན་འཇལ་མཁན་གཅིག་པུར་མ་གཏོགས་ཆིངས་འགལ་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་མི་ཆོག
དངོས་ཡོད་ཀྱི་དཔལ་འབྱོར་འབྲེལ་བའི་ཁྲོད་དུ། ཕྱོགས་མང་དཔལ་འབྱོར་འབྲེལ་བ་ནི་ཧ་ཅང་ཁྱབ་གདལ་ཆེ་བ་ཞིག་ཡིན་ཏེ། ཉོ་ཚོང་ནི་རྒྱུན་པར་ཕྲེང་སྦྲེལ་རྣམ་པའམ་ཡང་ན་ལྷུ་མཚམས་མང་འབྲེལ་ཞིག་ཡིན་ཏེ། ཉོ་ཚོང་གི་མ་རྩ་ཇི་ལྟར་ཇེ་དམའ་རུ་གཏོང་རྒྱུ་དེ་དཔལ་འབྱོར་གཙོ་གཞིས་འཚོལ་སྙེག་གི་དམིགས་འབེན་གྲས་ཀྱི་གཅིག་ཡིན་ཞིང་། ཉོ་ཚོང་གི་གོ་རིམ་སྟབས་བདེར་བསྒྱུར་པ་དེ་ཐོག་མའི་བྱེད་ཐབས་སུ་གྱུར། “གཞན་འབྲེལ་གན་རྒྱ”ལ་མིང་རྟགས་བཀོད་པ་དེས་ཁ་ཆད་ལག་བསྟར་བྱེད་པའི་མ་རྩ་གྲོན་ཆུང་དང་། སྡུག་ཡུས་འདོན་རྒྱུ་ཇེ་ཉུང་དུ་བཏང་བ་བརྒྱུད། བར་བརྒྱུད་ཀྱི་ལམ་ནས་སྤྱི་ཚོགས་ཀྱི་རྒྱུ་ནོར་ཇེ་མང་དུ་གཏོང་ཐུབ་པ་འཁྲུལ་མེད་ཡིན། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注