མཚོ་སྔོན་རྐང་ཚའི་མི་རིགས་གྱོན་ཆས་རྩག་པ་ཨུ་རུ་སུ་དང་ཨ་རི་ལ་ཕྱིར་འཚོང་བྱས།
ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་དམངས་གཉེར་ཁེ་ལས་ཚོང་བ་ཡར་འགྲོ་མི་རིགས་གྱོན་ཆས་ཐོན་སྐྱེད་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་སྐྱེད་བྱས་པའི་བོད་ལུག་པགས་པས་བཟོས་པའི་མི་རིགས་གྱོན་ཆས་རྩག་པ་དྲ་ཐོག་ནས་ཨུ་རུ་སུ་དང་ཨ་རི་སོགས་རྒྱལ་ཁབ་ཏུ་ཕྱིར་འཚོང་བྱས་པ་དེའི་ཐོག་ནས་རྐང་ཚའི་སྤུས་ལེགས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཚུད་པ་མཚོན་ཡོད།
རྒྱུས་ལོན་པ་ལྟར་ན། རྐང་ཚ་རྫོང་ཚོང་བ་ཡར་འགྲོ་མི་རིགས་གྱོན་ཆས་ཐོན་སྐྱེད་ཚད་ཡོད་སྤྱི་གཉེར་ཁང་ནི་མཚོ་བྱང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཐོན་སྐྱེད་ནུས་པ་ལེགས་ཤོས་ཀྱི་བོད་ལུག་རྩག་པ་སོགས་མི་རིགས་གྱོན་ཆས་ཀྱི་དམངས་གཉེར་ཁེ་ལས་ཤིག་ཡིན་ལ། 2025ལོའི་དུས་ཚིགས་དང་པོར་སྤྱི་གཉེར་ཁང་དེའི་མངགས་ཐོའི་གཞི་ཁྱོན་དང་དྲ་ཐོག་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི154ཟིན་པ་དང་ལྷག་པར་དྲ་རྒྱའི་ཕྱིར་ཚོང་གྲུབ་འབྲས་གཟེངས་སུ་ཐོན་ནས་ཉིན་གཅིག་ཁོ་ནར་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི64བྱུང་བས། ས་གནས་དེ་གའི་ཁྱད་ལྡན་ནོར་ལུག་གི་ཟུར་སྣོན་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་སོང་ཡོད།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་སུ་གཏོང་རྒྱུ་དེ་བྱ་བའི་གཙོ་གནད་དུ་བརྩིས་ནས། སྲོལ་རྒྱུན་གྱི་དམངས་ཁྲོད་བཟོ་རྩལ་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ<<མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་རིགས་འཕེལ་རྒྱས་གཏོང་བའི་བྱ་ཐབས་ཁག18>>དང་དེ་བཞིན<<རྐང་ཚ་རྫོང་གི་ནོར་སྲིད་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་བ་དང་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས>>སོགས་རོགས་སྐྱོར་སྲིད་ཇུས་མང་པོ་བཏོན། མ་དངུལ་སྒོར་ཁྲི400ལྷག་ཙམ་བཏང་ནས་ཐོན་ལས་རིམ་སྤོར་སྒྱུར་བཀོད་བཟོ་སྐྲུན་ལག་བསྟར་བྱས་ཏེ་ཞིང་ཕྱུགས་ཐོན་ལས་ལས་སྣོན་གཉོར་སྐྱོང་གླིང་ཧུར་ཐག་བཏོད་པ་དང་ལས་སྣོན་ཁེ་ལས་སྣ་ཚོགས་ལས་སྣོན་གཉོར་སྐྱོང་གླིང་དུ་བསྡུས་ནས་ཀོ་དང་པགས་པ། བལ་དང་ཁུ་ལུ། རུས་པ་དང་རྭ་ཅོ་སོགས་ཞོར་ཐོན་ཐོན་རྫས་ཀྱི་སྣ་ཁ་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་ནས། མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་རིགས་ཁྲོམ་ར་ཅན་དང་གཞི་ཁྱོན་ཅན། ཐོན་རྫས་ཅན་དུ་བཏང་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་དར་སྤེལ་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཁྱད་ལྡན་ཐབས་ལམ་ཞིག་འཚོལ་ཞིབ་ཐུབ་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注