ཁྱོ་གས་དགའ་རོགས་བཙལ་ཏེ་གཉེན་འཐོར་བྱས་ན་ཆུང་མས་སྐྱིན་ཚབ་གཞལ་དགོས་པའི་རེ་བ་གདོན་ཆོག་གམ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ཟླ་འགའི་སྔོན་དུ། ངས་ཁྱོ་ག་སྟག་བྷར་གཉེན་འཐོར་བྱ་རྒྱུའི་རེ་བ་བཏོན་པའི་རྒྱུ་མཚན་ནི། ཁོས་ཁྱིམ་ཚང་བསྐྱུར་ནས་ཕྱི་རོལ་ཏུ་དགའ་རོགས་བཙལ་བས་ཡིན། དང་ཐོག་ང་དང་སྟག་བྷ་གཉིས་ཀྱིས་རང་དབང་རང་འཐད་སྒོས་བརྩེ་བའི་ཨ་ལོང་གཅིག་ཏུ་སྦྲེལ་ཏེ་ཁྱིམ་གཅིག་ཏུ་སྨོན་ལམ་བརྒྱབ་མཐར། གཞི་ནས་བཀྲ་ཤིས་གཉེན་སྒྲིག་གི་ཆོ་ག་སྤེལ་ཏེ་ད་རག་བར་དུ་ལོ་ལྔ་འགོར་ཞིང་། ངེད་གཉིས་གཉེན་བསྒྲིགས་རྗེས།སྟག་བྷས་ཁྱིམ་ཚང་གི་དོན་དུ་ཤ་འབད་རུས་འབད་ཀྱིས་ཚོང་ལས་གཉེར་ཞིང་ནམ་རྒྱུན་ཁོམ་ལོང་ཡེ་ནས་མེད་སྟབས། ངས་ཁྱིམ་དོན་ཡོད་ཚད་ཕྲག་ཏུ་བླངས་ཏེ་བློ་སེམས་རྩེ་གཅིག་གིས་ཁོའི་ཚོང་ལས་ལ་རྒྱབ་སྐྱོར་བྱ་ཆེད། རང་ཉིད་ཀྱི་བྱ་བའང་བསྐྱུར་ཏེ་ཁྱིམ་དུ་རྒན་པར་བཀུར་བསྟི་དང་བྱིས་པ་སྙོར་སྐྱོང་བྱེད་ཞོར་ཆེས་སྤྱིར་བཏང་གི་བུད་མེད་ཕལ་བ་ཞིག་ལྟར་ཁྱིམ་ལས་ལ་འབད། ཡིན་ན་ཡང2022ལོའི་ལོ་མགོར། སྟག་བྷ་ཡུལ་ལ་ལོག་ཐེངས་མངོན་སུམ་གྱིས་སྔོན་དང་བསྡུར་ན་ཇེ་ཉུང་དང་ཁྱིམ་ཚང་ལ་དེ་བས་ཀྱང་སེམས་ཁུར་མི་བྱེད་པ་དང་། ད་དུང་ཀུང་སིའི་ལས་གྲོགས་བུད་མེད་ཅིག་དང་དགའ་རོགས་བསྒྲིགས་པའི་ཁར་ཁོ་གཉིས་ཀྱིས་མཉམ་དུ་ཕྱི་རུ་ཁང་པ་གླས་ནས་མཉམ་འདུག་བྱས་པ་སོགས་སྡེ་བ་རུ་ས་ཁྱབ་རྡོ་ཁྱབ་ཡིན་པས། ཁ་དཔེ་ལ་སེམས་ཐག་གོར་མོ་རྡོ། སྙིང་རྩ་སྲ་མོ་ལྕགས་ཟེར་བ་ལྟར་ངས་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ། ཁྱོ་ག་སྟག་བྷ་དང་གཉེན་འཐོར་བྱ་རྒྱུར་མ་ཟད།ཁོས་ང་ལ་སྒོར་ཁྲི10ཡི་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ང་ལ་ཁྱོ་ག་སྟག་བྷར་སྐྱིན་ཚབ་གཞལ་དགོས་པའི་རེ་བ་འདོན་དབང་ཡོད་དམ།

ཞེས་མཚོ་སྐྱིད་ཀྱིས།

བློ་མཐུན་མཚོ་སྐྱིད་ལགས།

གྱོད་དོན་འདི་ནི་ཁྱོ་ཤུག་ཕྱོགས་གཅིག་གིས་དགའ་རོགས་བཙལ་ཏེ་གཉེན་འཐོར་བྱས་པས། ནོར་འཁྲུལ་མེད་པའི་ཕྱོགས་དེས་གནོད་འཚེ་བཟོས་པར་སྐྱིན་ཚབ་འཇལ་བའི་རེ་ཞུ་འདོན་དབང་ཡོད་མེད་ཀྱི་གནད་དོན་དང་འབྲེལ་བ་ཡོད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1091པའི་གཏན་འཁེལ་ལྟར་ན། “གཉེན་འཐོར་བྱེད་སྐབས་གཉེན་བརྩེགས་སྒྲིག་བྱེད་པ་དང་།བཟའ་ཟླ་ཡོད་མཁན་མི་གཞན་དང་འགབ་མཐུན་མཉམ་སྡོད་བྱེད་པ། ཁྱིམ་ཚང་གི་དྲག་སྤྱོད་དང་མནར་གཅོད་གཏོང་བ། བཟའ་མི་དོར་བ་སོགས་ཀྱི་གནས་ཚུལ་ཡོད་ན། ནོར་འཛོལ་མེད་པའི་ཕྱོགས་ལ་གནོད་འཚེ་བཟོས་པར་སྐྱིན་ཚབ་འཇལ་བའི་རེ་འདུན་ཞུ་དབང་ཡོད”ཅེས་བཀོད་ཡོད། དུས་མཚུངས་སུ《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉གི་གཉེན་སྒྲིག་ཁྱིམ་ཚང་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད(གཅིག)》ཀྱི་དོན་ཚན89པའི་གཏན་འཁེལ་ལྟར་ན། “དོ་བདག་པས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གཉེན་འཐོར་བྱ་རྒྱུའི་ཐོ་འགོད་འགྲོ་ལུགས་བསྒྲུབས་རྗེས། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན1091པའི་གཏན་འཁེལ་གཞིར་བཟུང་ནས་མི་དམངས་ཁྲིམས་ཁང་ལ་གནོད་འཚེ་བཟོས་པར་སྐྱིན་ཚབ་འཇལ་བའི་རེ་འདུན་ཞུས་ན། མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱ་དགོས། ཡིན་ན་ཡང་དོ་བདག་པས་གཉེན་འཐོར་བྱ་རྒྱུའི་གྲོས་མཐུན་འཇོག་སྐབས། རེ་བ་དེ་དོར་རྒྱུའི་ནང་དོན་གསལ་པོར་བསྟན་ཟིན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་མི་བྱེད”ཅེས་བཀོད་ཡོད།

གོང་གི་གྱོད་དོན་འདིའི་ཁྲོད་དུ། ཁྱོད་དང་སྟག་བྷ་གཉིས་ཀྱི་བཟའ་ཟླའི་འབྲེལ་བ་མེད་པར་འགྲོ་དོན་ནི། སྟག་བྷས་དགའ་རོགས་བཙལ་བར་མ་ཟད་དེ་དང་མཉམ་དུ་འཚོ་བའང་རོལ་ཅིང་། གནོད་འཚེ་བཟོས་པར་སྐྱིན་ཚབ་འཇལ་བའི་རེ་ཞུ་འདོན་པའི་གནས་ཚུལ་དང་མཐུན་པས། ཁྱོད་ཀྱིས་གཉེན་འཐོར་བྱེད་སྐབས་མི་དམངས་ཁྲིམས་ཁང་ལ་ཁྱོ་ག་སྟག་བྷའི་བྱ་སྤྱོད་ཀྱིས་རང་ཉིད་ལ་གནོད་འཚེ་བཟོས་པར་སྐྱིན་ཚབ་གཞལ་དགོས་པའི་རེ་འདུན་ཞུས་ཆོག་པ་དང་། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁྱོད་ཀྱི་རེ་འདུན་བདག་སྤྲོད་བྱ་ངེས། འདིར་ཁྱོད་ཀྱིས་དོ་སྣང་བྱ་དགོས་པ་ཞིག་ནི་གཉེན་འཐོར་བྱེད་སྐབས།སྐྱིན་ཚབ་ཕྱོགས་ཀྱི་དོན་ཚན་དེ་འདོར་རྒྱུའི་རེ་བ་བཏོན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་འཐོབ་མི་སྲིད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号