ཟི་ལིང་གི་ཨ་མ་ཞིག་གིས་བྱིས་པར་ལུས་ཆད་བཅད་ནས་གཅར་རྡུང་བྱས་པས་ཁྲིམས་ཆད་བཅད།

ངའི་སློབ་གསོ་བྱེད་ཐབས་འགྲིག་མི་འདུག ངས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ཟིན་སོང་། ཞུ་སྦྱོར་ཕྱི་མ་བ་ཞའོ་ཧྭ(འགྱུར་མིང)ཡིས་ཁྲིམས་རའི་ཐོག་འགྱོད་སེམས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད། 

ཉེ་ཆར་མཁར་དཀྱིལ་ཆུས་མི་དམངས་ཁྲིམས་ཁང་ལོ་ཆུང་ཁྱིམ་དོན་འདྲི་གཅོད་ཁྲིམས་ཁང་གིས་རང་གི་ཨ་མས་བྱིས་པར་ཉེས་རྡུང་བཏང་བའི་ཉེས་དོན་གྱོད་གཞི་ཞིག་ཞིབ་གཅོད་བྱས་པ་དང་། ཞུ་སྦྱོར་ཕྱི་མ་བ་ཞའོ་ཧྭ་ཡིས་བྱིས་པར་སློབ་གསོ་གཏོང་སྟངས་མི་འགྲིག་པའི་རྐྱེན་གྱིས་བྱིས་པར་ལུས་ཆད་བཅད་ནས་ཉེས་རྡུང་བཏང་བས། མཐར་ལོ་གཅིག་དང་ཟླ་གཉིས་ཀྱི་དུས་བཀག་བཙོན་འཇུག་དང་། ཉེས་ཆད་ཕྱིར་འགྱངས་ལོ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད།

2024ལོའི་ཟླ4བར། ཞའོ་ཧྭ་ཡིས་བྱིས་པས(གྱོད་གཞི་བྱུང་སྐབས་ལོ8ཡིན)སློབ་གྲྭར་སློབ་གྲོགས་དང་འབྲེལ་བ་ཡག་པོ་མེད་པ་དང་ཁ་ལ་མི་ཉན་པ་སོགས་རྒྱུན་རྐྱེན་དུ་བྱས་ནས། ཁྱིམ་དུ་བྱིས་པ་གཅེར་བུར་ཕུད་པ་དང་། ལྷམ་སྒྲོག་གིས་བྱིས་པའི་ལག་པ་གཉིས་བསྡམས་ལ། ལྕགས་ཐག་ཅིག་གིས་བྱིས་པར་རྐང་སྒྲོག་བརྒྱབ་སྟེ། འགྱིག་སྦུག་གིས་བྱིས་པར་གཅར་རྡུང་བཏང་རྗེས། འགྱིག་ཕོར་དམར་པོ་ཞིག་བྱིས་པའི་མགོ་ཐོག་ཏུ་བཞག་སྟེ། བྱིས་པ་རྐུབ་སྟེགས་ཐོག་ལངས་སུ་བཅུག་ནས་ལུས་ཆད་བཅད་དེ་བྱིས་པའི་ལུས་པོར་རྨས་སྐྱོན་མང་པོ་ཕོག་པ་རེད། རྗེས་སུ་གསལ་འབྱེད་བྱས་པ་བརྒྱུད། རྨས་སྐྱོན་ཕོག་ཚད་རྨས་སྐྱོན་ཆུང་བའི་རིམ་པ་དང་པོར་སླེབས་འདུག

ཁྲིམས་རས་འདྲི་ཞིབ་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་བ་ཞའོ་ཧྭ་ཡིས་བསམ་བཞིན་དུ་མི་གཞན་གྱི་ལུས་པོར་གནོད་འཚེ་བཏང་བ་དང་། གནོད་འཚེ་ཕོག་མཁན་ལ་རྨས་སྐྱོན་ཡང་པོ་ཕོག་པའི་བྱ་སྤྱོད་དེ་བསམ་བཞིན་དུ་རྨས་སྐྱོན་བཏང་བའི་ཉེས་བ་གྲུབ་པས་ཆད་པ་གཅོད་དགོས་པའི་ངོས་འཛིན་བྱས། གཞུང་གཏུག་ལས་ཁུངས་ཀྱིས་སྐྱོན་འདོན་ཞུ་གཏུག་བྱས་པའི་ཉེས་བསགས་དོན་དངོས་དང་དེ་བཞིན་ཉེས་མིང་གྲུབ་པར་རྒྱབ་སྐྱོར་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཞའོ་ཧྭ་ཡིས་ནར་མ་སོན་པའི་མིར་གཅར་རྡུང་བྱས་ནས་ནག་ཉེས་བསགས་པས་ཉེས་ཆད་ལྕི་མོ་གཅོད་དགོས་པ་དང་། རང་མོས་ངང་ནག་ཉེས་ངོས་ལེན་དང་ཆད་གཅོད་ཁས་ལེན་བྱས་པས་ཐག་གཅོད་གུ་ཡངས་གཏོང་དགོས། ཞུ་སྦྱོར་ཕྱི་མ་ཞའོ་ཧྭ་ནི་ལྟ་སྐྱོང་མཁན་ཡིན་པར་མ་ཟད་རང་ནོངས་འགྱོད་བཤགས་ཀྱི་རྣམ་འགྱུར་དངོས་འབྲེལ་ཡོད་པར་གཞིགས་ནས། སླར་ཡང་ཉེས་པ་གསོག་པའི་ཉེན་ཁ་མེད་པས། ཉེས་ཆད་ཕྱིར་འགྱངས་བེད་སྤྱོད་བྱེད་ཆོག ཞུ་སྦྱོར་ཕྱི་མ་ཞའོ་ཧྭ་ཡིས་བསམ་བཞིན་དུ་རྨས་སྐྱོན་བཏང་བའི་ཉེས་པའི་ཐོག་ནས་ལོ་གཅིག་དང་ཟླ་གཉིས་ཀྱི་དུས་བཀག་བཙོན་འཇུག་དང་ཉེས་ཆད་ཕྱིར་འགྱངས་ལོ་གཉིས་བྱ་རྒྱུའི་ཁྲིམས་ཐག་བཅད།

ཁྲིམས་རར་འདྲི་གཅོད་བྱས་རྗེས། ཞུ་སྦྱོར་ཕྱི་མ་བ་ཞའོ་ཧྭ་ཡི་ནོར་འཁྲུལ་གྱི་སློབ་གསོ་གཏོང་སྟངས་ལ་དམིགས་ནས་འགན་སྒྲུབ་ཁྲིམས་དཔོན་གྱིས་དེར་བསླབ་བྱ་བཏང་བར་མ་ཟད། <<ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་བཀའ་རྒྱ>>སྐྱེལ་སྤྲོད་བྱས་ནས་དེར་ངེས་པར་དུ་སློབ་གསོ་གཏོང་སྟངས་མི་ལེགས་པ་ཡོ་བསྲང་བྱེད་དགོས་པ་དང་། བྱིས་པར་ཁྲིད་སྟོན་ཡང་དག་བྱས་ཏེ་ནར་མ་སོན་པའི་མིར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་བསླབ་བྱ་གནང་།

ཁྲིམས་དཔོན་གྱི་མངག་བཅོལ།

ནར་མ་སོན་པའི་མི་ནི་མེས་རྒྱལ་གྱི་མེ་ཏོག་ལྟ་བུ་དང་རྒྱལ་ཁབ་ཀྱི་རེ་བ་ཡིན་པས། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིར་སྲུང་སྐྱོབ་བཅའ་ཁྲིམས>>སུ་ནར་མ་སོན་པའི་མིའི་ཕ་མས་ཁོ་ཚོའི་འཚོ་བ་དང་བདེ་ཐང་། བདེ་འཇགས་སོགས་ཀྱི་ཐད་ནས་འགན་སྲུང་བྱེད་དགོས། ནར་མ་སོན་པའི་མིའི་ལུས་ཁམས་དང་སེམས་ཁམས། དགོས་མཁོ་བཅས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་ལས་ནར་མ་སོན་པའི་མིར་ཉེས་རྡུང་སོགས་ཁྱིམ་ཚང་གི་དྲག་སྤྱོད་གཏོང་མི་ཆོག་ཅེས་གསལ་བོར་བསྟན་ཡོད། གྱོད་གཞི་དེའི་ཞུ་སྦྱོར་ཕྱི་མ་བ་ཞའོ་ཧྭ་ཡིས"བརྩེ་བ"དང"དོ་དམ་སློབ་གཅུན"གྱི་མིང་ཐོག་ནས་རྟག་ཏུ་བྱིས་པར་ཉེས་རྡུང་དང་གཤེ་གཤེ་བཏང་བས་བྱ་སྤྱོད་དེ་ནི་ཁྱིམ་ཚང་གི་དྲག་སྤྱོད་དུ་གྲུབ་པར་མ་ཟད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས>>ལས་འགལ་ཡོད། རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་དེ་དཔྱད་གཞིར་བྱས་ཏེ། བྱིས་པར་སློབ་གསོ་གཏོང་སྐབས་ངང་རྒྱུད་རིང་ཙམ་བྱེད་དགོས་པ་དང་། ཡང་དག་པའི་སློབ་གསོ་གཏོང་སྟངས་སྤྱོད་པ། ཧུར་ཐག་སྒོས་བྱིས་པ་དང་འབྲེལ་འདྲིས་བརྗེ་རེས་མང་ཙམ་བྱས་ནས་བྱིས་པར་བཅངས་པའི་བརྩེ་སེམས་དངོས་སུ་མཚོན་ཐུབ་པར་བྱས་ཏེ། ལུགས་མཐུན་ངང་གླེང་མོལ་བྱས་ནས་ཁྱིམ་མི་ཚང་མ་ཕན་ཚུན་གྱི་འཚོ་བའི་ཁྲོད་ཀྱི་ཆེས་སྲ་ཞིང་བརྟན་པའི་རྒྱབ་རྟེན་གྱི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号