ལུས་རྩལ་འགྲན་སྡུར་ཁྲོད་རྡུང་རྨས་བྱུང་སྟེ་ཚེ་ལས་འདས་ན་སུས་འགན་འཁུར་དགོས།
གྱོད་དཔེ།
ད་ལོར་ལོ25ཡིན་པའི་ཀུན་ཐར་རང་འདོད་ལྟར་རང་ས་གནས་ཀྱིས་བསྒྲུབས་པའི་ཐུང་རྒྱུག་འགྲན་སྡུར་ནང་ཞུགས། འགྲན་རྒྱུག་གི་གོ་རིམ་ཁྲོད་ཀུན་ཐར་དང་ཚེ་དཔལ་གཉིས་རྡུང་ཐུག་བརྒྱབ་སྟེ་ཐང་ལ་འགྱེལ། འགྲན་རའི་སྨན་བཅོས་མི་སྣས་མྱུར་སྐྱོབ་བྱས་ཀྱང་། ཀུན་ཐར་གྱི་མགོ་ལ་བརྡབས་རྨས་ཚབས་ཆེན་བྱུང་བ་དང་རྨས་ཕོག་པའི་གནས་ཚུལ་ཚབས་ཆེ་བའི་རྐྱེན་གྱིས་སྟབས་མ་ལེགས་པར་ཚེ་ལས་འདས། ཡིན་ཡང་ཚེ་དཔལ་ལ་རྨས་ཡང་མོ་ཞིག་ལས་ཕོག་མེད། འདིར་འདྲི་རྒྱུ་ཞིག་ལ་ཀུན་ཐར་ཚེ་ལས་འདས་པར་ཚེ་དཔལ་གྱིས་འགན་འཁུར་དགོས་སམ།
གྱོད་དོན་དབྱེ་ཞིབ།
གྱོད་དོན་འདི་ནི་ཉེན་འགན་རང་འཁུར་གྱི་གནད་དོན་དང་འབྲེལ་ཡོད་དེ། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། རང་འདོད་ལྟར་ཉེན་ཁ་ངེས་ཅན་ལྡན་པའི་རིག་རྩལ་བྱ་འགུལ་ནང་ཞུགས་སྐབས། ཞུགས་མཁན་གཞན་པའི་བྱ་སྤྱོད་ཀྱི་དབང་གིས་གནོད་སྐྱོན་ཐེབས་ན། ཞུགས་མཁན་གཞན་པར་འགན་འཁྲི་འཁུར་དགོས་པའི་བླང་བྱ་བཏོན་མི་ཆོག གྱོད་དོན་འདིའི་ནང་དུ། ལོ་ན25ལ་སོན་པའི་ཀུན་ཐར་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་ཞིང་། འགྲན་སྡུར་ནང་ཞུགས་པའི་མིང་རྟགས་རང་འདོད་ལྟར་བཀོད་པ་ཡིན་པས། འདི་ནི་ཉེན་ཁ་ལྡན་པའི་ལུས་རྩལ་བྱ་འགུལ་ཞིག་ཡིན་པ་ཤེས་འོས་ལ། འགྲན་སྡུར་གྱི་གོ་རིམ་ཁྲོད་འདེད་རེས་དང་བཙིར་བརྡར་ངེས་ཅན་ཞིག་འབྱུང་སྲིད་པ་དང་། ཐ་ན་རྨས་སྐྱོན་ཡང་ཕོག་སྲིད་པ་ཤེས་འོས། འགྲན་སྡུར་གྱི་གོ་རིམ་ཁྲོད། ཚེ་དཔལ་གྱིས་བསམ་གཟས་ནས་ཀུན་ཐར་དང་རྡུང་ཐུག་བརྒྱབ་པ་མིན་པས། ཚེ་དཔལ་ལ་བསམ་ངན་བཅངས་པ་དང་ཡང་ན་བྱས་ཉེས་ཚབས་ཆེན་གང་ཡང་མེད། གོང་དུ་བརྗོད་པར་ཕྱོགས་བསྡུས་སུ་བལྟས་ན། ཀུན་ཐར་འགྲན་སྡུར་ནང་ཞུགས་པར་མ་ཟད་རང་ཉིད་ཚེ་ལས་འདས་པ་དེ་ནི་ཉེན་འགན་རང་འཁུར་བྱེད་རྒྱུར་འཐད་པའི་ཁོངས་སུ་གཏོགས་པ་རེད། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལྟར་ན། ཀུན་ཐར་ཚེ་ལས་འདས་པ་དེར་ཚེ་དཔལ་གྱིས་འགན་འཁུར་མི་དགོས།
འབྲེལ་ཡོད་ཁྲིམས་ཚན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1176པ། ཉེན་ཁ་ངེས་ཅན་ལྡན་པའི་རིག་རྩལ་བྱ་འགུལ་ནང་རང་འདོད་ལྟར་ཞུགས་པ་ལ། དེར་ཞུགས་མཁན་གཞན་པའི་བྱ་སྤྱོད་ཀྱི་དབང་གིས་གནོད་སྐྱོན་ཐེབས་པ་ཡིན་ན། གནོད་འཚེ་ཕོག་མཁན་གྱིས་ཞུགས་མཁན་གཞན་དག་ལ་དབང་གནོད་འགན་འཁྲི་འཁུར་དགོས་པའི་རེ་འདུན་བཏོན་མི་ཆོག ཡིན་ཡང་དེར་ཞུགས་མཁན་གཞན་པས་བསམ་བཞིན་དུ་བྱས་པའམ་ཡང་ན་བྱས་ཉེས་ཚབས་ཆེན་ཤོར་བའི་དབང་གིས་གནོད་སྐྱོན་བྱུང་བ་འདིའི་ཁོངས་སུ་མི་གཏོགས།
བྱ་འགུལ་རྩ་འཛུགས་མཁན་གྱི་འགན་འཁྲིའི་ཐད་བཅའ་ཁྲིམས་འདིའི་དོན་ཚན1198པ་ནས1201པའི་བར་གྱི་གཏན་འབེབས་སྤྱད་འཐུས།
ཁྲིམས་ཚན་ཞིབ་འགྲེལ།
ཁྲིམས་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་ཉེན་འགན་རང་འཁུར་ཐད་ཀྱི་གཏན་འབེབས་རེད།
ཉེན་འགན་རང་འཁུར་ལ་འཐད་པ་ཞེས་པ་ནི་གནོད་འཚེ་ཐེབས་མཁན་གྱིས་རང་ཉིད་ཞུགས་པའི་རིག་རྩལ་བྱ་འགུལ་དེར་རང་ཉིད་ལ་གནོད་སྐྱོན་བཟོ་བའི་ཉེན་ཁ་ཡོད་པ་ཤེས་བཞིན་དུ་རང་འདོད་ལྟར་དེའི་ནང་ཞུགས་པར་མ་ཟད། ཉེན་ཁ་དེ་དངོས་སུ་བྱུང་བའི་དབང་གིས་གནོད་སྐྱོན་ཕོག་པར་གོ་བ་ཡིན། ཉེན་འགན་རང་འཁུར་ལ་འཐད་པའི་གྲུབ་རྐྱེན་ལ་གཤམ་གསལ་གྱི་དོན་ཚན་དག་འདུ་སྟེ། (1)རིག་རྩལ་བྱ་འགུལ་དེར་མ་གཞི་ནས་ཉེན་ཁའི་གྲུབ་ཆ་ངེས་ཅན་ལྡན་པ། (2)གནོད་འཚེ་ཐེབས་མཁན་གྱིས་ཉེན་ཁ་དེའི་རིགས་ཡོད་པ་ཤེས་བཞིན་དུ་རང་འདོད་ལྟར་ཞུགས་པ། (3)གནོད་འཚེ་ཐེབས་མཁན་བྱ་འགུལ་ནང་ཞུགས་སྐབས་ཞུགས་མཁན་གཞན་པའི་བྱ་སྤྱོད་ཀྱི་དབང་གིས་གནོད་སྐྱོན་ཐེབས་པ། (4)བྱ་འགུལ་རྩ་འཛུགས་མཁན་དང་དབང་གནོད་མཁན་གྱིས་བསམ་བཞིན་དུ་བྱས་པ་མིན་པའམ་ཡང་ན་བྱས་ཉེས་མེད་པ་བཅས་སོ ། །
ཁྲིམས་ཚན་འདིའི་ཁོད་ཚན་གཉིས་པ་ནི་བྱ་འགུལ་རྩ་འཛུགས་མཁན་གྱི་འགན་འཁྲིའི་ཐད་ཀྱི་གཏན་འབེབས་རེད། བྱ་འགུལ་རྩ་འཛུགས་མཁན་གྱི་འགན་འཁྲི་ཞེས་པ་ནི་ཉེན་ཁའི་བྱ་འགུལ་འདི་རིགས་ཀྱི་རྩ་འཛུགས་མཁན་གྱིས་གལ་ཏེ་བསམ་བཞིན་དུ་བྱས་པའམ་ཡང་ན་བྱས་ཉེས་ཚབས་ཆེན་ཡོད་པའི་རྐྱེན་གྱིས་ཞུགས་མཁན་ལ་གནོད་སྐྱོན་ཕོག་པ་ཡིན་ན། ཁོ་ཚོ་བདེ་འཇགས་འགན་སྲུང་གི་འོས་འགན་དང་འགལ་ཡོད་པས། དེ་མཐུན་གྱི་འགན་འཁྲི་འཁུར་དགོས། ཡང་ན་སློབ་གྲྭས་ནར་མ་སོན་པའི་མི་རྩ་འཛུགས་བྱས་ནས་བྱ་འགུལ་ནང་ཞུགས་སུ་བཅུག་སྟེ། ནར་མ་སོན་པའི་མིའི་མི་ལུས་ལ་གནོད་སྐྱོན་བཟོས་ན་ཡང་འགན་འཁུར་དགོས། བྱེ་བྲག་ཏུ་གནས་ཚུལ་རིགས་གཉིས་སུ་དབྱེ་ཆོག་སྟེ། (1)བྱ་འགུལ་རྩ་འཛུགས་མཁན་གྱིས་བསམ་བཞིན་དུ་བྱས་པའམ་ཡང་ན་བྱས་ཉེས་ཚབས་ཆེན་ལྡན་པའི་དབང་གིས། གནོད་འཚེ་ཐེབས་མཁན་ལ་གནོད་སྐྱོན་བྱུང་བ་ཡིན་ན། བྱ་འགུལ་རྩ་འཛུགས་མཁན་གྱིས་དབང་གནོད་འགན་འཁྲི་འཁུར་དགོས། (2)བྱ་འགུལ་རྩ་འཛུགས་མཁན་གྱིས་བསམ་བཞིན་དུ་བྱས་པའམ་ཡང་ན་བྱས་ཉེས་ཚབས་ཆེན་གྱི་དབང་གིས། གནོད་འཚེ་ཐེབས་མཁན་ལ་ཕྱོགས་གསུམ་པའི་བྱ་སྤྱོད་ཀྱི་དབང་གིས་གནོད་སྐྱོན་ཐེབས་སུ་བཅུག་པ་ཡིན་ན། རྩ་འཛུགས་མཁན་གྱིས་དེ་མཐུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། དེའི་རྗེས་སུ་གནོད་སྐྱོན་བཟོས་པའི་ཕྱོགས་གསུམ་པར་གྱོང་གསབ་དེད་ཆོག
ཉེན་འགན་རང་འཁུར་ལ་འཐད་པར་གཏོགས་པའི་གནས་ཚུལ་ད་དུང་མང་པོ་ཡོད་དེ། དཔེར་ན་ལྒང་ལི་འགྲན་སྡུར་དང་དྲག་འཐབ་འགྲན་སྡུར། གྲི་རྩལ་འགྲན་སྡུར་སོགས་ལྟ་བུ། ང་ཚོ་ཉེན་ཁ་ངེས་ཅན་ལྡན་པའི་རིག་རྩལ་བྱ་འགུལ་འདི་རིགས་ལ་ཞུགས་སྐབས། རང་ཉིད་ཀྱི་མི་ལུས་བདེ་འཇགས་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་པ་དང་། གྲ་སྒྲིག་ཚགས་སུ་ཚུད་པ་བྱེད་དགོས། སྒྲུབ་མཁན་ཚད་ལྡན་གྱིས་བསྒྲུབས་པའི་རིག་རྩལ་བྱ་འགུལ་ལ་ཞུགས་སྐབས། ཉེན་ཁའི་གནོད་སྐྱོན་ལ་གཡོལ་ཅི་ཐུབ་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注