གོ་སྐབས་དམ་འཛིན་དང་དུས་བསྟུན་མདུན་སྐྱོད་དང་ཡིད་ཆེས་བརྟན་པོ་བཅས་ཀྱི་ངང་ནས་མདུན་དུ་བསྐྱོད་དགོས།
ཁྲེན་ཀང་དང་ཞ་པིང་གིས་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
ཟླ12པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་དཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་ཟི་ལིང་དུ་འཚོགས་པ་རེད། ཚོགས་འདུའི་སྟེང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་།བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ།ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་སློང་དང་བཀོད་སྒྲིག དོན་འཁྱོལ་བཅས་བྱས་ཏེ་ལྗང་མདོག་རྩིས་ནུས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་།རྒྱལ་ཁབ་གཞི་གྲངས་ཅུའུ་ཡི་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་ཞ་པིང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
ཁྲེན་ཀང་གིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་དབྱང་པུའུ་ཨུས་མཛུབ་ཁྲིད་རྒྱབ་སྐྱོར་གནང་བ་དང་ཆེད་མཁས་པ་དང་མཁས་དབང་གིས་རོགས་རམ་གང་ལེགས་བྱས་པ། སྤྱི་ཚོགས་ལས་རིགས་ཁག་ཧུར་ཐག་གིས་ཞུགས་པ། འབྲེལ་ཡོད་བློ་མཐུན་གྱིས་དཀའ་སྤྱད་འབད་བརྩོན་གནང་བ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཐད་ནས་འཕེལ་རྒྱས་འགྲོ་མགྱོགས་པ་དང་འཕེལ་རྒྱས་བརྟན་པ། འཕེལ་ཕྱོགས་བཟང་བ་བཅས་ཀྱི་རྣམ་པ་མངོན་ཏེ། མི་རྣམས་ལ་སྐུལ་ལྕག་གི་ནུས་པ་ཐོན་པའི་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་དང་། གྲངས་འཛིན་ཅན་གྱི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པའི་ལྡོག་མེད་ཀྱི་གདམ་ག རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་བའི་ལག་ལེན་བྱེད་ཐབས། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་གཞི་རྟེན་གལ་ཆེན་བཅས་རེད། ལག་ལེན་དངོས་ཀྱི་ཐོག་ནས་ལམ་བུ་དེ་བདམས་པ་འགྲིག་ལ་ཤར་བགྲོད་ཀྱང་ཐུབ་པས་ན། རྒྱང་ཐག་རིང་པོར་འགྲོ་ཐུབ་པ་དང་ཡག་པོར་འགྲོ་ཐུབ་ངེས་ཡིན་པ་ར་འཕྲོད་བྱུང་ཡོད། འཕེལ་རྒྱས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་ངོས་འཛིན་རབ་རིབ་གསལ་པོར་གཏོང་དགོས་ན། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བ་ནི་ནུས་ཁུངས་གཙང་མ་རང་ས་གནས་ནས་བེད་སྤྱོད་བྱེད་པ་དང་གོང་འོག་གི་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་པར་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་དང་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བའི་ཕུགས་ཀྱི་རིན་ཐང་ཆེན་པོ་གསལ་བོར་མཐོང་སྟེ། རྩིས་ཆེན་པོ་རྒྱག་པ་དང་ཕུགས་ཀྱི་རྩིས་རྒྱག་པ། སྤྱི་ཡོངས་ཀྱི་རྩིས་རྒྱག་པ་བཅས་བྱས་ཏེ། མི་ཐབས་རིག་ནུས་ཀྱི་བཀོད་སྟངས་སྔར་བས་དམ་འཛིན་བྱེད་པ་དང་། འཇོན་མིའི་ཞན་ཆ་མགྱོགས་མྱུར་ངང་གསབ་པ། ལྗང་མདོག་རྩིས་ནུས་ཀྱིས་སྣེ་ཁྲིད་པའི་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།
ཁྲེན་ཀང་གིས་ནན་གྱིས་བསྟན་དོན། ལས་གཞི་དོན་འཁྱོལ་བྱེད་པར་སྤུས་ཚད་མཐོ་བའི་ཞབས་ཞུ་ཡག་པོ་སྒྲུབ་པ་དང་གསར་སྐྲུན་ལས་གཞིར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་དགོས་མཁོ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་དཀའ་ངལ་གནད་དོན་ཐག་གཅོད་རོགས་བྱེད་དགོས། ལྗང་མདོག་རྩིས་ནུས་ཐོན་ལས་དང་རྩིས་གློག་མཉམ་དུ་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་ཀྱི་ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས། དྲིལ་བསྒྲགས་དང་འོས་སྦྱོར་བྱ་བ་ལེགས་པོར་བསྒྲུབས་ཏེ་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་དགོས། ད་ཡོད་ཀྱི་སྲིད་ཇུས་ལ་ཁྱོན་ཡོངས་ནས་གསེད་བཀྲོལ་དང་ལེགས་སྒྲིག་བཟང་སྒྲིག་བྱས་ཏེ། གཟིགས་སྐྱོང་སྲིད་ཇུས་སོ་སོ་གནད་འཁེལ་ཐད་སྐྱོད་དང་དོན་འཁྱོལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་མ་བཏང་སྟེ། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་སྒོ་འབྱེད་བསྟུན་མཁས་ཀྱི་རྣམ་པའི་ཐོག་ནས་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་སྔོན་ཐོན་ཉམས་མྱོང་དེ་བས་མང་བ་གཏོད་དགོས། ལས་ཞུགས་ཐག་གཅོད་དང་འཇོན་མི་གསོ་སྐྱོང་བྱ་རྒྱུ་དེ་ཚོང་འགུགས་དངུལ་འདྲེན་གྱི་གལ་ཆེའི་དཔྱད་གཞི་ཞིག་ཏུ་བརྩིས་ནས། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རོགས་བྱེད་དགོས། འཇོན་མི་ནང་འདྲེན་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་འཇོན་མི་གཅིག་སྡུད་ཀྱི་ཕན་འབྲས་འདོན་སྤེལ་བྱས་ནས། འཇོན་མི་ནང་འདྲེན་དང་གསོ་སྐྱོང་། བེད་སྤྱོད་བཅས་ཀྱི་སྐྱེ་ཁམས་བཟང་པོ་རྒྱུན་མཐུད་ངང་གཏོད་དགོས། གཞི་གྲངས་ཀྱི་ཐོག་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་སྔར་བས་ཤུགས་སྣོན་པ་དང་ལས་གཞིའི་མ་དངུལ་གཅིག་སྡུད་བྱེད་པའི་ཐད་ནས་གཟིགས་སྐྱོང་བྱ་རྒྱུར་སྐུལ་མ་བཏང་ནས། རོགས་སྐྱོར་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། གྲངས་འཛིན་སྲིད་གཞུང་དང་གྲངས་འཛིན་སྤྱི་ཚོགས། གྲངས་འཛིན་ཐོན་ལས་བཅས་ཀྱི་བཀོལ་སྤྱོད་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།གྲངས་འཛིན་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་འབྲིང་ཆུང་གི་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་ལ་རྒྱབ་སྐྱོར་བཅས་བྱས་ནས། སྤྱི་ཚོགས་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་དགོས།
ཞ་པིང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་བཏང་བས། ལྗང་མདོག་རྩིས་ནུས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། ཁོས་ནན་གྱིས་བསྟན་དོན“རྩིས་གློག་མཉམ་སྦྲེལ”ལ་བརྟེན་ནས་དུས་རབས་གསར་པའི་རྩིས་ནུས་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་གྱིས་རང་ཞིང་གི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་མཐོང་སྣེར་གཞི་ཚུགས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱི་ཅན་གྱི་འགྲན་རྩོད་འཕེལ་རྒྱས་ཀྱི་མཐོང་སྣེར་གཞི་ཚུགས་ཏེ“རྩིས་ནུས་ལ་བརྟེན་ནས་དངོས་སྟོབས་ཆེ་རུ་གཏོང་བ”ཇེ་མགྱོགས་སུ་གཏོང་དགོས། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་གོ་སྐབས་གལ་ཆེན་དང་འགག་རྩའི་གནད་ཀ་ཁོང་དུ་ནན་པོ་ཆུད་པར་བྱས་ཏེ། རྩིས་རྒྱག་ནུས་པ་ལྡན་པའི་རིན་ཐང་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་ས་གནས་ཀྱི་ཐོན་ལས་གསར་གཏོད་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ། ལྗང་མདོག་རྩིས་རྒྱག་ནུས་པ་ལ་བརྟེན་ནས་གཙོ་གནད་ཁྱབ་ཁོངས་སུ་གནད་འཁེལ་ཤུགས་འདོན་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་དང་འཇོན་མི་གསོ་སྐྱོང་གི་རིགས་ལམ་གསར་པ་རྒྱ་ཆེར་གཏོང་དགོས། དམིགས་ཚད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ“ནུས་ཁུངས་གཙང་མ”དང“རྩིས་ནུས་ཐོན་ལས”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ། དམིགས་ཚད་མཐོ་བའི་སྒོ་ནས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཕན་འབྲས་ཀྱིས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་གྲངས་འཛིན་ཅུའུ་ཡིས་མཚོ་སྔོན་གྱིས“ནུས་ཁུངས་གཙང་མ”དང“རྩིས་ནུས་ཐོན་ལས”མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བའི་ནང་ཧུར་ཐག་གིས་ཞུགས་པ། གྲངས་འཛིན་ཀྲུང་གོ་དང་གྲངས་འཛིན་རྒྱུ་རྐྱེན།གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ལ་དམིགས་ནས་གསར་གཏོད་དང་འཚོལ་ཞིབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པར་རྒྱབ་སྐྱོར་བྱས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན། བཅོས་བསྒྱུར་གྱི་དཔེ་སྟོན་ལ་དམ་པོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ལྗང་མདོག་རྩིས་གློག་མཉམ་དུ་འཕེལ་རྒྱས་འགྲོ་བར་གསར་གཏོད་དང་སྐུལ་འདེད་གཏོང་བ། ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་རྩིས་གློག་མཉམ་དུ་འཕེལ་རྒྱས་འགྲོ་བའི་མཚོ་སྔོན་གྱི་དཔེ་སྟོན་ཧུར་ཐག་གིས་གཏོད་དགོས། གཙོ་གནད་ལས་འགན་ལ་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་དང་།ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་བཀོད་པ་སྤྱི་འདོམས་བྱེད་པ། རྨང་གཞིའི་དྲ་རྒྱ་དང་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ།ཁྱད་ལྡན་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། གྲངས་གཞིར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་དགོས། ལག་རྩལ་གསར་གཏོད་དམ་འཛིན་དང་དོན་འཁྱོལ་དམ་འཛིན་བྱས་ཏེ། འབྱུང་རྩའི་དྲ་བའི་ཁུར་གསོག་དང་གློག་དྲ་ཆུང་གྲས། ནུས་གསོག་གསར་པ་སོགས་ཁྱབ་ཁོངས་ལ་དམིགས་ནས་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ལག་རྩལ་སྔོན་ཐོན་དང་མཁོ་སྤྲོད་མཐུན་སྦྱོར། བདེ་འཇགས་དང་བློས་འགེལ་ཆོག་པ་བཅས་ཀྱི་ཁྱོན་ཡོངས་ཀྱི་ལྗང་མདོག་གློག་གི་ཐཱན་མེད་རྩིས་ནུས་ཚོགས་པ་འཛུགས་དགོས། ལམ་སྲོལ་འཐུས་ཚང་དུ་གཏོང་བ་དམ་འཛིན་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། མཐོ་ས་ནས་སྐུལ་འདེད་གཏོང་བ་དང་། ཚོང་འགུགས་དངུལ་འདྲེན། ལས་ཀའི་བཀོད་གཏོང་། རྒྱུ་རྐྱེན་གཙོ་བོ་འགན་ལེན་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་དང་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལས་དོན་གྱི་སྤྱིའི་གནས་ཚུལ་ལ་ཉན། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་གྲངས་འཛིན་ཅུའུ། ཟི་ལིང་གྲོང་ཁྱེར། མངའ་རིས་སྤྲིན་རིག་ནུས་སྡེ་ཚོགས། ཀྲུང་གོ་ལན་ཐུང་མཚོ་སྔོན་ཡན་ལག་ཀུང་སི། ཀྲུང་གོ་སྤོ་སྒུལ་མཚོ་སྔོན་ཡན་ལག་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་པ་དང་། འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་གྱི་ཁེ་ལས་དང་མཚོ་སྐྱོར་ལས་དོན་ཚན་ཆུང་གིས་ཡིག་ཐོག་གཏམ་བཤད་བྱས།
ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པས་འཚོགས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་དང་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཝུའུ་ལ་ཙེ་པེ་ཁོ·རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥེང་། ཝང་ཧའེ་ཧུང་བཅས་ཚོགས་ར་གཙོ་བོའམ་ཡང་ན་ཡན་ལག་ཚོགས་རར་ཞུགས།
ཚོགས་འདུ་མ་འཚོགས་གོང་ཞིང་ཆེན་ལྗང་མདོག་རྩིས་ནུས་ཐོན་ལས་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཡོན་ཧྲི་དང་ཆེད་མཁས་པ་ཁག་གཅིག་གིས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注