རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིག་གི་ས་མིང་རགས་ཙམ་དཔྱད་པ།

ཡེ་ཤེས་འབུམ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།

图片

ནང་དོན་གནད་བསྡུས། འདིར་མགོ་ལོག་ཏུ་གྲགས་ཆེ་བའི་རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིག་གི་ས་མིང་བསྡུས་འགྲེལ་དང་། གེ་སར་སྒྲུང་ལས་མངོན་པའི་རྨ་སྟོད་རྩེ་ལྷ་དང་རྨ་སྨད་མཐོན་པོའི་བརྡ་དོན་རྩད་ཞིབ་བྱས་ཏེ་དོན་ངོ་མར་རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིག་གང་དག་ཡིན་པ་རགས་ཙམ་བརྗོད་ཡོད།

བརྡ་ཆད་གཙོ་བོ། རྨ་སྟོད་རྩེ་ལྷ། རྨ་སྨད་མཐོན་པོ། ས་མིང་།

图片

དང་པོ། ས་མིང་བསྡུས་འགྲེལ།

སྤྱིར་རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་ནི་ཐོག་མར་བསང་ཡིག་ལས་བྱུང་བར་འདོད་ཅིང་། གནས་རི་ལ་གསོལ་མཆོད་བྱེད་པའི་སྒྲིག་གཞི་ལས་རྩེ་ལྷ་བཅུ་གསུམ་དང་མཐོན་པོ་དགུ་སྒྲིག་ནི་མགོ་ལོག་གི་ཡུལ་མི་རྣམས་ཀྱིས་ཨ་མྱེ་རྨ་ཆེན་ལ་དད་པའི་ཤུགས་སུ་རང་ཉིད་ལ་རྩིས་འདང་ཆེ་བའི་གནས་རི་བཅུ་གསུམ་དང་དགུ་རྨ་ཆེན་སྦོམ་རའི་འཁོར་དུ་བཞག་པ་ཡིན་ལ།  རྨ་སྟོད་རྩེ་ལྷ་དང་རྨ་སྨད་མཐོན་པོའི་རྨ་ཡང་རྨ་ཆུ་ལ་གོ་བ་མིན་པར།  རྨ་ཆེན་སྦོམ་རའམ་རྨ་ཆུའི་འགྲམ་རྒྱུད་དུ་འཚོ་བའི་འབྲོག་སྡེ་སྟོད་སྨད་དུ་གོ་བར་འདོད།  

བཅུ་གསུམ་དང་དགུ་ནི་བོད་ཀྱི་གྲངས་ཀའི་རིག་གནས་ཀྱི་བསྟན་དོན་གལ་ཆེན་ཞིག་ཡིན་ལ། སྲིད་པ་བོན་གྱི་འཇིག་རྟེན་ལྟ་བའི་ཁྲོད་དུ། གནམ་རིམ་པ་དགུའི་ལྷ་ནི་དམུའི་རུས་རྒྱུད་ཀྱི་ཡབ་མེས་ཡིན་པ་དང་། སྤུ་རྒྱལ་བཙན་པོ་ཐོག་མ་ཉག་ཁྲི་བཙན་པོའང་ཐོག་མར་གནམ་རིམ་པ་བཅུ་གསུམ་ལས་འགྲེང་མགོ་ནག་གི་རྗེ་རུ་གཤེགས་ཚུལ་ལམ། ཡང་ན་འཇིག་རྟེན་གྱི་བྱེད་པོ་ཕྱཱ་ཡེ་མཁྱེན་ཆེན་པོའི་སྲས་ལེགས་པའི་ཧོར་དྲུག་གིས་ཕུ་བཏབ་ནས་ཐོག་མར་གནམ་རིམ་པ་བཅུ་གསུམ་དང་ས་རིམ་པ་བཅུ་གསུམ་དུ་ཕྱེ་ཚུལ་སོགས་གྲངས་ཀྱི་རིག་གནས་དགུ་དང་བཅུ་གསུམ་གྱི་གོ་གནས་ཤིན་ཏུ་གལ་ཆེན་པོ་བཟུང་ཡོད་པས།  ཕྱིས་སུ་ལ་ཙེ་མ་བུ་བཅུ་གསུམ་སོགས་ལྷ་མིར་འབྲེལ་བའི་རྟེན་འབྲེལ་གྱི་གྲངས་གནས་ཤིག་དང་། སྲིད་པ་ཆགས་པའི་ལྷ་དགུ་དང་། འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ། འབའ་སྨད་ཀྱི་བློན་པོ་བཅུ་གསུམ་སོགས་བོད་ཀྱི་གནས་རི་དག་ལ་སྤྱི་ཁྱབ་ཏུ་བཀོལ་བའི་གྲངས་གནས་ཤིག་ཏུའང་ཆགས་ཡོད། 

དེ་མིན་རྩེ་ལྷ་ནི་གསས་མཁར་གྱི་ནང་ན་གནས་པའི་ལྷ་ལ་གོ་ཞིང་། ཕྱིང་བ་སྟག་རྩེ་དང་རྩེ་པོ་ཏ་ལ་སོགས་ཀྱི་རྩེ་ཡང་མཁར་ལ་འཇུག མཐོན་པོ་ནི་རི་རྩེ་མཐོན་དམན་དང་རིའི་ནང་ན་གནས་པའི་གཞི་བདག་གི་གོ་གནས་མཐོ་དམན་གཉིས་ཀར་གོ་ཆོག་ཀྱང་། མཐོན་པོ་དགུ་སྒྲིག་ལས་ཆ་ཡི་དུང་ར་མཐོན་པོ་སོགས་ཀྱི་རི་རྩེ་ནི་མཐོན་པོ་ཅན་གྱི་རིགས་མིན་པས།སྐབས་འདིར་གཞི་བདག་གི་གོ་གནས་ལ་གོ་ན་འོས་པར་འདོད།

གཉིས་པ། གེ་སར་སྒྲུང་ལས་བྱུང་བའི་རྨ་སྟོད་རྩེ་ལྷ་དང་རྨ་སྨད་མཐོན་པོ།

སྤྱིར་རྨ་ཡུལ་ནི་གེ་སར་རིག་གནས་འབྱུང་ཁུངས་ཀྱི་ལྟེ་བ་ལྟ་བུ་ཡིན་ཏེ། རྨ་ཆེན་སྦོམ་ར་དང་རྨ་ཆུ་གཉིས་ནི་སྲོལ་རྒྱུན་གེ་སར་སྒྲུང་དཔེ་ཕལ་ཆེ་བའི་ཁྲོད་དུ་བྱུང་ཡོད་པ་དང་། རིག་གནས་ཤུལ་རྟེན་དང་གེ་སར་སྒྲུང་པ། གེ་སར་ཟློས་གར་དང་གེ་སར་གསོལ་མཆོད་ཡིག་ཆ་མང་ཤོས་ཀྱང་རྨ་ཆེན་སྦོམ་ར་དང་རྨ་ཆུའི་འགྲམ་རྒྱུད་དུ་བྱུང་ཡོད་མོད། རྨ་སྟོད་རྩེ་ལྷ་དང་རྨ་སྨད་མཐོན་པོ་ནི་གེ་སར་སྒྲུང་ཡིག་ཏུ་བྱུང་བ་དེ་འདྲའི་སྔ་བ་ཞིག་མིན་པར་བསམ་ཞིང་། དུས་རབས་བཅུ་གཅིག་པའི་ཡས་མས་སུ་གེ་སར་སྒྲུང་ཡིག་བྱུང་བ་ཡིན་ན་སྐབས་དེའི་ཆོས་འབྱུང་ལོ་རྒྱུས་དག་ཏུ་ས་མིང་དེ་འདྲ་བྱུང་མེད་པ་དང་། ད་སྐབས་ངོས་བཟུང་ཆོག་པའི་གེ་སར་སྒྲུང་ཡིག་ཆེས་སྔ་ཤོས《སྟག་གཟིག་ནོར་རྫོང》དུའང་བྱུང་མེད།  དེ་ནི་རྒྱུ་མཚན་མེད་པ་ཞིག་ཀྱང་མིན་ཏེ། སྐབས་དེའི་གེ་སར་སྒྲུང་ཡིག་རྩོམ་པ་པོ་ཕལ་ཆེ་བ་ཁམས་སྟོད་ཀྱི་མི་ཡིན་པ་དང་། དུས་རབས་བཅུ་གཅིག་པའི་སྐབས་སུ་མདོ་ཁམས་མགོ་ལོག་གི་གཅིག་གྱུར་ཚོ་སྡེའང་གྲུབ་མེད་པས་ས་མིང་དེ་འདྲ་བྱུང་མི་སྲིད་ཅིང་། ཕྱིས་ཀྱི་གེ་སར་སྒྲུང་ཡིག་དག་ཏུའང་རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་ཅེས་པའི་ས་མིང་དངོས་སུ་ཐོན་པ་ཉུང་། དཔེར་ན། རྨ་སྐེད་རྩེ་ལྷ་དང་། རྨ་སྟོད་དགུ་སྒྲིལ། རྨ་ཉིན་ལུང་བྲག་དཀར་དགུ་སྒྲིལ། རྨ་རྩིབས་མཐོན་པོ་དགུ་སྒྲིག་ཅེས་རྨ་སྟོད་སྨད་ཀྱི་མིང་བརྗེ་བ་སོགས་སྒྲུང་དཔེར་སོ་སོར་གཅིག་གྱུར་གྱི་སྒྲིག་གཞི་ངེས་གཏན་ཞིག་ཆགས་མེད། 

གེ་སར་སྒྲུང་ཡིག་ཏུ་རྨ་སྟོད་སྨད་བར་གསུམ་དུ་བྱས་པའི་རྨ་ནི་རྨ་ཆུའི་སྟོད་སྨད་བར་གསུམ་དུ་མི་གོ་བ་རྟོགས་སླ་སྟེ། གཅིག་ནས་རྨ་སྟོད་ཀྱི་གངས་དཀར་རབ་སོ་དང་བར་གྱི་འོམ་བུའི་རབ་སོ། སྨད་ཀྱི་སྤེན་ནེ་རབ་སོ་གསུམ་དུ་གླིང་དམག་གིས་ཧོར་སྡེའི་ལམ་བཀག་པ་དེ་ཡང་ད་སྐབས་ཀྱི་སྲིད་འཛིན་ས་ཁོངས་སུ་བྱས་ན་རྨ་ཆུའི་སྟོད་རྒྱུད་དུ་གནས་པ་དང་། གཉིས་ནས་རྨ་སྟོད་དང་རྨ་སྨད་ཀྱི་རི་བོ་དག་གནས་སའི་ས་བབ་དང་། སྒྲུང་ཡིག་ཏུ་གསལ་བའི་རྨ་སྟོད་སྨད་གཉིས་ཀྱི་ཁྱབ་ཁོངས་དག་ཀྱང་རྨ་ཆེན་སྦོམ་རའམ་རྨ་ཆུའི་འགྲམ་རྒྱུད་དུ་འཚོ་བའི་འབྲོག་སྡེ་སྟོད་སྨད་ལ་ཆགས་ཤིང་། རྨ་ཆུ་སྟོད་སྨད་བར་གསུམ་དུ་བྱས་ན། རྨ་སྟོད་རྩེ་ལྷ་དང་རྨ་སྨད་མཐོན་པོ་གཉིས་ཀ་རྨ་སྟོད་ཀྱི་ཁོངས་སུ་གཏོགས་པས། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ནས། “རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་གླིང་རྗེ་གེ་སར་རྒྱལ་པོས་དབང་བསྒྱུར། ད་ལྟ་ས་འདི་ཕལ་ཆེར་མགོ་ལོག་གིས་བཟུང”ཞེས་པ་ནི་དོན་ལ་གནས་པའི་མཁས་པའི་གཏམ་དུ་འདོད།

གསུམ་པ། ས་མིང་གི་བདག་པོའི་རྨ་སྟོད་ཀྱི་རྩེ་ལྷ་དང་རྨ་སྨད་ཀྱི་མཐོན་པོ།

རྨ་སྟོད་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་མཐོན་པོ་དགུ་སྒྲིག་གི་གྲངས་འདྲེན་ལ། འབའ་རེའི་དགེ་སློང་བློ་བཟང་རྒྱ་མཚོའི(1901-1959)《བསང་ཡིག》དང་། སྨན་ཤུལ་རིན་ཆེན་རྡོ་རྗེའི《གེ་སར་སྒྲུང་གི་ས་མིང་ཞིབ་འཇུག》 གཅོད་པ་དོན་འགྲུབ་དང་ཆབ་འགག་རྟ་མགྲིན་གྱི《གླིང་གེ་སར་རྒྱལ་པོའི་སྒྲུང་ལ་དཔྱད་པ་ཀུན་གསལ་འཕྲུལ་གྱི་མེ་ལོང》དང་། སྒུ་རུ་བཀྲ་ཤིས་དོན་འགྲུབ་ཀྱི《སྲིད་པའི་རྨ་རབས》སོགས་སུ་འདོད་ཚུལ་མི་འདྲ་བ་མང་པོ་བྱུང་ཡོད་ཀྱང་། རྒྱའི་ས་མིང་རྟོག་ཞིབ་བྱེད་ཐབས་དྲུག་ལས། “ས་མིང་གི་ཁུངས་འདེད་པ་ནི། ས་མིང་དེ་ཆེས་ཐོག་མའི་ཡོང་སའི་ཡོང་ཁུངས་སམ། ཡང་ན་ས་མིང་ཆགས་པའི་དུས་ཚོད་དང་། ས་མིང་བརྗེས་པའི་དུས་ཚོད་སོགས་ཤེས་ན། ད་གཟོད་ས་མིང་དེའི་འབྱུང་ཁུངས་དང་ནང་དོན་ལ་རྒྱུས་ལོན་ཡག་པོ་ཞིག་རྙེད་ཐུབ”ཅེས་པ་ལྟར། རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ་དང་རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་གི་ས་མིང་ནི་དུས་རབས་བཅུ་གཉིས་པར་འབྲི་ལྷ་རྒྱལ་འབུམ་གྱིས་མགོ་ལོག་སྨར་ཁོག་ནས་ས་བཟུང་ཏེ་རིམ་གྱིས་མགོ་ལོག་གི་གཅིག་གྱུར་ཚོ་སྡེ་གྲུབ་རྗེས་བྱུང་ཞིང་། རྨ་སྟོད་རྩེ་ལྷ་དང་རྨ་སྨད་མཐོན་པོའི་ས་མིང་ནི་མགོ་ལོག་གི་ཡུལ་མིས་ཐོག་མར་བཏགས་པ་དང་། རྩེ་ལྷ་དང་མཐོན་པོ་གང་ཡིན་ཡང་སྲོལ་རྒྱུན་གྱི་སའི་ཁྱབ་ཁོངས་ལྟར་ན་ཕལ་ཆེ་བ་མགོ་ལོག་ཏུ་ཡོད་པས། ས་མིང་གི་བདག་པོ(名从主人)མགོ་ལོག་ཡིན་འོས། 

ཡིན་ཡང་། མགོ་ལོག་གི་བསང་འབོད་ཡིག་ཆ་དང་མཁས་པའི་དཔྱད་རྩོམ་ཁྲོད་དུའང་རྨ་སྟོད་རྩེ་ལྷ་དང་རྨ་སྨད་མཐོན་པོ་གང་དག་ཡིན་པའི་འདོད་ཚུལ་མི་འདྲ་བ་མང་པོ་བྱུང་ཡོད་མོད། མགོ་ལོག་སྡེར་ནང་ཡུལ་ཚོའི་གློ་སྤྲུལ་ཀ་དག་ཡེ་ཤེས(1906-1985)ཀྱི《མགོ་ལོག་གི་གནས་ཚུལ་དང་གནའ་སྲོལ་ལོ་རྒྱུས་རགས་རིམ་བརྗོད་པ》ཞེས་པ་དེ་ཉིད་གཞི་འཛིན་རུང་སྙམ་སྟེ། རྒྱུ་མཚན་ནི་དམངས་གཙོ་བཅོས་བསྒྱུར་གྱི་རྗེས་སུ་སྔོན་གྱི་མགོ་ལོག་ཨ་སྐྱོང་གི《ཁྲིམས་ཡིག་དམར་ལྡང་མ》ཡི་མ་ཡིག་ལག་སོན་མ་བྱུང་སྟབས།  མགོ་ལོག་གི་སྐུ་དྲག་མི་དྲག་དག་སྲིད་གྲོས་སུ་འཚོགས་ནས་སྔོན་གྱི་ཁྲིམས་ཡིག་གི་ནང་དོན་དང་རི་ཆུའི་ངག་རྒྱུན་དག་ལྷན་ཅིག་ཏུ་བགྲོས་ཏེ་གློ་སྤྲུལ་ཀ་དག་ཡེ་ཤེས་ཀྱིས་ཡིག་ཐོག་ཏུ་ཕབ་པ་ཡིན་ཞིང་། སྐབས་དེའི་མགོ་ལོག་ཏུ་རྒྱུག་ཆེ་བའི་བཤད་ཚུལ་དག་དང་ངག་རྒྱུན་རྙིང་པ་དག་མི་གཅིག་གིས་རང་བློ་ཁེར་ཆོད་ལྟར་བྱས་མེད་པས་ལོ་རྒྱུས་དང་ངག་རྒྱུན་སོགས་གང་ལ་གཞི་འཛིན་ཡང་ཅུང་ཟད་ལུང་ཁུངས་དང་ལྡན་པ་ཞིག་ཏུ་སྙམ་པས། དེ་རུ་གསལ་བའི་རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ་ནི། མཛོ་མོའི་རི་རྩེ་དང་། ཡག་ར་སྟག་རྩེ། དཀར་ལིའི་ལྷ་རྩེ། ཀླུ་ནག་མདུང་རྩེ། བུང་ཚང་གཡུ་རྩེ། མཚོ་བར་དཀར་རྩེ། གཡག་རྔ་ལབ་རྩེ། བྲག་དཀར་ལྷ་རྩེ། ཧུ་ལ་སྟག་རྩེ། ཁོ་སྟོབ་ཁ་བ་ལྕགས་རྩེ། དབྱིག་གི་རྡོ་ནག་མདུང་རྩེ། རྒྱ་མདའ་བྱུ་རུ་སྟག་རྩེ། དམར་མདའ་བྱེ་མ་སྟག་རྩེ་དང་། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་ནི། ཁོ་ཏིའི་ཤེའུ་སྙིང་མཐོན་པོ། ཆ་ཡི་དུང་རི་མཐོན་པོ། མུན་མོའི་གསེར་རྡེའུ་མཐོན་པོ། རྨ་ལུང་པདྨ་རི་མཐོ། དབྱིག་གི་ནོར་བུ་རི་མཐོ། དཀར་པོའི་ཆོས་ལུང་མཐོན་པོ། ཆུ་དཀར་གསའ་རི་མཐོན་པོ། གཡུ་རྩེའི་རྫ་རི་མཐོན་པོ། སྤེན་མའི་རི་བཙན་མཐོན་པོ་བཅས་སུ་འདྲེན་ནོ། །

 དཔྱད་གཞིའི་ཡིག་ཆ།

[1] གློ་སྤྲུལ་ཀ་དག་ཡེ་ཤེས། 《མགོ་ལོག་གི་གནས་ཚུལ་དང་གནའ་སྲོལ་ལོ་རྒྱུས་རགས་རིམ་བརྗོད་པ》ལག་བྲིས།

[2] སྨན་ཤུལ་རིན་ཆེན་རྡོ་རྗེ།《གེ་སར་སྒྲུང་གི་ས་མིང་ཞིབ་འཇུག》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ།

[3] 王际桐《王际桐地名论稿》[M].社会科学文献出版社,1999.

[4] 《ཧོར་གླིང་གཡུལ་འགྱེད》 [Z]ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ།

[5] 《རྨ་ས་བཟུང་དར་དཀར་མདུད་པ》 [Z] ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2018ལོ།

[6] 2024.1.16ཉིན་ལ་སྙན་ངག་པ་འཇུ་སྐལ་བཟང་ལ་བཅར་འདྲི་བྱས།

[7] 2024.1.29ཉིན་ལ་དུར་བུད་སྡེ་བའི་གེ་སར་སྒྲུང་པ་དོན་བྷོར་བཅར་འདྲི་བྱས།

[8] མཁས་པ་ལྡེའུ། 《ལྡེའུ་ཆོས་འབྱུང་རྒྱས་པ》[M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ།

‍[9] [意]图齐著,向红茄译《喜马拉雅的人与神》[M].北京:中国藏学出版社,2005.

[10] ཏུན་ཧོང་གཏེར་ཡིག ཤོག་དྲིལ་ཨང་རྟགསP.T.1038ལས་ཐིག་ཕྲེང12-14པ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号