ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༼ཁག20པ།༽

དོན་ཚན་དགུ་བཅུ་པ། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་ཕྱི་རྒྱལ་གྱི་རྒྱལ་ཁོངས་ཐོབ་པའམ་ཡང་ན་རྒྱལ་ཁབ་(མངའ་ཁོངས་)ཕྱིའི་གཏན་སྡོད་ཀྱི་ཐོབ་ཐང་དང་ཡུན་སྡོད་ཀྱི་བཀའ་འཁྲོལ་ཐོབ་རིགས་ལ། ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་གོ་གཅིག་པ། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་སྒེར་དོན་གྱི་ཆེད་དུ་རྒྱལ་ཁབ་(མངའ་ཁོངས་)ཕྱིའི་ལག་ཁྱེར་དང་། ཞང་ཀང་དང་ཨའོ་མོན་དུ་སྐྱོད་པའི་ལམ་ཡིག་བསྒྲུབས་པའམ་ཡང་ན་ཆོག་མཆན་མ་ཐོབ་པར་རྒྱལ་ཁོངས་(མཐའ་མཚམས་) ནས་འགྲོ་འོང་བྱས་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

སྒེར་དོན་གྱི་ཆེད་དུ་རྒྱལ་ཁབ་(མངའ་ཁོངས་)ཕྱིར་སྐྱོད་པར་ཆོག་མཆན་ཐོབ་ནའང་རང་དགར་ལམ་ཕྱོགས་བསྒྱུར་བ་དང་། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་དུས་བརྒལ་གྱིས་ཕྱིར་ལོག་མི་བྱེད་པ་སོགས་ཆོག་མཆན་ཐོབ་པའི་ཁྱབ་ཁོངས་ལས་བརྒལ་ནས་རྒྱལ་ཁབ་(མངའ་ཁོངས་)ཕྱིར་སྐྱོད་པའི་བྱ་སྤྱོད་ཡོད་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་གོ་གཉིས་པ། ཕྱིར་སྡོད་སྒྲིག་གཞིའམ་ཡང་ན་གནས་སྐབས་རྒྱལ་ཁབ་(མངའ་ཁོངས་)ཕྱིར་སྐྱོད་མཁན་ཚོགས་པའི་(ཚོ་ཆུང་)ནང་གི་ཏང་ཡོན་རང་དགར་རྩ་འཛུགས་དང་ཁ་བྲལ་བའམ་ཡང་ན་ཕྱི་དོན་དང་། གསང་གནད། དམག་དོན་སོགས་ཀྱི་ལས་ཀ་བྱེད་མཁན་ཏང་ཡོན་གྱིས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། རྒྱལ་ཁབ་(མངའ་ཁོངས་)ཕྱིའི་སྒྲིག་གཞི་དང་མི་སྣར་འབྲེལ་གཏུག་དང་འགྲོ་འོང་བྱས་ཚེ། ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་གོ་གསུམ་པ། ཕྱིར་སྡོད་སྒྲིག་གཞིའམ་ཡང་ན་གནས་སྐབས་རྒྱལ་ཁབ་(མངའ་ཁོངས་)ཕྱིར་སྐྱོད་མཁན་ཚོགས་པའི་(ཚོ་ཆུང་)ནང་གི་ཏང་ཡོན་གྱིས་རྩ་འཛུགས་དང་ཁ་བྲལ་བའི་དུས་ཚོད་ཟླ་དྲུག་མ་ལོངས་པར་རང་འགུལ་གྱིས་ཕྱིར་ལོག་རིགས་ལ། ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དང་། རྩ་འཛུགས་དང་ཁ་བྲལ་ནས་ཟླ་དྲུག་ལས་བརྒལ་རིགས་ལ། རང་འགུལ་གྱིས་ཏང་གི་སྐྱིད་སྡུག་དང་ཁ་བྲལ་བའི་ཐག་གཅོད་བྱ་རྒྱུ་དང་སྦྲགས་ཏང་ནང་གི་མིང་ཐོ་གསུབ་རྒྱུ།

རྐང་བཙུགས་ནས་མི་གཞན་རྩ་འཛུགས་དང་ཁ་བྲལ་བར་སྟབས་བདེ་སྐྲུན་མཁན་རིགས་ལ། ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号