ཁ་ཆེ་པཎ་ཆེན་གྱིས་བོད་ཀྱི་རིག་གནས་ལ་བཞག་པའི་མཛད་རྗེས་སྐོར་ཅུང་ཟད་གླེང་བ།
རྩོམ་པ་པོ།:བན་དེ་བཀྲ་ཤིས།
དུས་རབས་བཅུ་གསུམ་པའི་སྟོད་ཙམ་ལ་རྒྱ་གར་དུ་ཉི་མ་ལྟ་བུར་གྲགས་པའི་ཁ་ཆེ་པཎ་ཆེན་གྱིས་ནཱ་ལེནྡྲའི་མཁན་ཐོག་མཇུག་མ་སྐྱོང་བའི་རིང་གར་ལོག་གི་དམག་གིས་ཡུལ་དབུས་བརླག་ཚེ། པཎ་ཆེན་ཁོང་རྒྱ་གར་བྱང་གི་བཻཌཱུརྱ་ཚོང་འདུས་སུ་ཉེན་བྱོལ་ལྟ་བུར་བཞུགས་པའི་གནས་ཚུལ་དེ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་ཐོས་ནས། ཁྲོ་ཕུ་ལོ་ཆེན་གྱིས་ལམ་གྱི་དཀའ་བ་དང་དུས་ཟིང་གི་ཉེན་ཁ་སོགས་ལ་ཅི་མི་སྙམ་པར་སྤྱི་ལོ1204ལོར་ཁ་ཆེ་པཎ་ཆེན་འཁོར་པཎ་ཆུང་དགུ་དང་བཅས་པ་བོད་དུ་སྤྱན་དྲངས་ནས། རང་རེའི་ཐུན་མིན་དང་ཐུན་མོང་རིག་གནས་ཐད་ལ་མཛད་རྗེས་བླ་མེད་བཞག་ཡོད་པས་འདིའི་སྐོར་ལ་དཔྱད་རིན་ཤིན་ཏུ་ཆེ།
གཅིག ཁ་ཆེ་པཎ་ཆེན་གྱིས་བོད་ཀྱི་ཐུན་མིན་རིག་གནས་ལ་ཕྱག་རྗེས་བཞག་ཚུལ།
སྤྱི་ལོ1204ལོར་ཁ་ཆེ་པན་ཆེན་འཁོར་པཎ་ཆུང་དགུ་དང་བཅས་པ་བོད་དུ་ཕེབས་རྗེས། ཁྲོ་ཕུར་གདན་དྲངས་ནས་དགེ་འདུན་བརྒྱད་བརྒྱ་སྐོར་དང་ལྷན་ཅིག “བྱི་ལོའི་དབྱར་གནས” མཛད་རིང་། ཁ་ཆེ་པཎ་ཆེན་གྱིས«སོ་སོ་ཐར་བ»དང«མདོ་སྡེ་རྒྱན»དང་། «བརྒྱད་སྟོང་པ»ཉིད་སློབ་དཔོན་སེང་གེའི་བཟང་པོའི་བཤད་གཞི་ལ་སློབ་དཔོན་ཨ་བྷ་ཡའི་ཊཱི་ཀ(བརྒྱད་སྟོང་པ་ཨ་བྷ་ཡའི་འགྲེལ་བ་ལ་གོ)སྦྱར་ནས་ཉིས་རིམ་དུ་རྒྱས་པར་གསུངས་ཤིང་ཐམས་ཅད་འདུལ་བའི་བཅས་མཚམས་རྣམ་པར་དག་པ་ལ་སྦྱོར་བར་མཛད་པ་དང་། བྱང་ཆུབ་དཔལ་ལ་བསྙེན་རྫོགས་གནང་བ་སོགས་མཛད།
སྤྱི་ལོ1205ལོར་སླས་པོ་ཆེར་གླང་ལོའི་དབྱར་གནས་མཛད་རིང་། ས་ག་ལྷས་མཛད་པའི “འདུལ་བ་མེ་ཏོག་ཕྲེང་རྒྱུད་གསུངས”[1]ལ། “འདུལ་བའི་ལས་ཆོག་ཆེན་མོ་དང་། མདོ་རྩའི་དཀའ་འགྲེལ་སོགས་མཛད་ཅིང་འཆད་ཉན་རྩལ་དུ་བཏོན་ནས་རྩོད་པའི་དུས་མཐར་བསྟན་པ་གསལ་བའི་སྒྲོན་མེ་ཐུབ་དབང་གཉིས་པའི་འཕྲིན་ལས་མཛད”[2]པ་དང་། དེ་མིན«འདུལ་བ་མེ་ཏོག་ཕྲེང་བརྒྱུད»དང«རྡོ་རྗེ་ཕྲེང་བ»དང་། «བདེ་མཆོག»སོགས་བསྒྱུར་བར་མ་ཟད། དབྱར་གནས་ཀྱི་དུས་སུ་ཤཱཀྱ་འོད་ཀྱིས་མཛད་པའི«འདུལ་བ་མདོའི་ཊཱིཀ»དང་། འཕགས་པ་སཾ་གྷ་ལྷས་མཛད་པའི«དགེ་སློང་གི་ཚིག་ལེའུར་བྱས་པ»དེ་ཞར་ལ་གསུངས་ཤིང་ཞར་ལ་བསྒྱུར་པ་ཡིས་མཚོན། གླང་ལོའི་དབྱར་གནས་ལ་སླས་པོ་ཆེར་འདུལ་གཞུང་ལ་འཆད་ཉན་དང་། འདུལ་བསྟན་གསར་བསྒྱུར་དང་གསར་འགྲེལ་སོགས་ཀྱི་མཛད་པ་བསྐྱངས་པ་དང་། སྤྱི་ལོ1206ལོར་སྲིན་པོ་རིར་ཕེབས་ཏེ་སྟག་ལོའི་དབྱར་གནས་མཛད་རིང་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པའི«མངོན་པ་ཀུན་བཏུས་ཀྱི་རྣམ་བཤད»སྔར་བོད་དུ་མ་འགྱུར་བ་དེ་བསྒྱུར་ལ། དཔྱིད་ཆོས་སུ«མྱ་ངན་མེད་ལུང་བསྟན་པའི་མདོ» «དཔེ་བརྒྱ་པ་ལས་ཀྱི་འཁོར་ལོ་བསྟན་པ» «བྱམས་ཆོས་ལྔའི་རྣམ་བཞག»དང«དབུ་མ་རིགས་ཚོགས»རྣམས་གསུངས་པ་དང་། སྲིན་པོ་རིའི་བླ་མ་གདན་ས་པ་ཆེན་པོས་ཆོས་ཞུས་པར་བྱམས་ཆོས་ལྔའི་ཁྲིད་སྐོར་དང་། རིགས་ཚོགས་ཀྱི་ཁྲིད་སྐོར། སྤྱོད་ཕྱོགས་ཀྱི་ཁྲིད་སྐོར་རྣམས་ཀྱང་གནང་།
དགེ་བའི་བཤེས་གཉེན་ཡེ་རྒན་དང་གཉལ་གྱི་ཟངས་པོ་ཆེ་ལ་སོགས་པས་ཀྱང་རྒྱལ་སྲས་ལམ་རིམ་གྱི་ཁྲིད་རྒྱས་བསྡུས་རྣམས་བསྐྱངས་པ་སོགས་མདོ་ཕྱོགས་ཀྱི་ཆོས་སྐོར་མང་པོའི་འཆད་ཉན་དང་ཁྲིད་སྐོར་སོགས་སྲིན་པོ་རིར་གནང་ཡོད་པར་གསལ་བ་དང་། སྤྱི་ལོ1207ལོར་པཎ་ཆེན་ཉིད་སོལ་ནག་ཐང་པོ་ཆེར་ཕེབས་ནས་ཆོས་མང་དུ་གསུངས་པར་མ་ཟད། ལོ་དེར་སྔོན་ཆད་རྒྱལ་བསྟན་ཇི་ཙམ་སོང་བའི་བསྟན་རྩིས་ཀྱང་གནས་དེར་མཛད་པ་དེ་ལ་དེང་སང་འཛམ་གླིང་ཡོངས་གྲགས་སུ་གནས་བརྟན་སྡེ་པའི་ལུགས་ཀྱི་བསྟན་རྩིས་ཞེས་དང་། ཁ་ཆེ་པཎ་ཆེན་ལུགས་ཀྱི་སྟོན་པའི་འདས་ལོ་བརྩི་སྟངས་ཞེས་བརྗོད་སྲོལ་ཡོད།
སྤྱི་ལོ1208ལོར་གཙང་དུ་ས་པཎ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་བར་མ་ཟད། ལོ་དེར་ས་པཎ་གྱིས་ཁ་ཆེ་པཎ་ཆེན་གྱི་དྲུང་དུ«འདུལ་བ་མདོ»དང«སོ་སོར་ཐར་བ་སུམ་བརྒྱ»པ་བཅས་འདུལ་བའི་སྐོར་དང་། མངོན་པ་དང་ཕར་ཕྱིན་གྱི་མདོ་ཆོས་མང་པོ། གཞན་ཡང“གསང་འདུས་འཕགས་སྐོར། ཡེ་ཤེས་ཞབས་ལུགས། བདེ་མཆོག་རྣམས་ཀྱི་དབང་གཞུང་བཤད་མན་ངག་དང་བཅས་པ། ཁྱད་པར་སྦྱོར་དྲུག་སྲོག་རྩོལ་སྙན་བརྒྱུད”[3]དང་། གསང་བ་འདུས་པའི་དབང་དང་རྒྱུད་སྒྲུབ་ཐབས་གདམས་པ་སོགས་ཀྱང་ཆ་ཚང་བར་གསན་བཞེས་གནང་ལ། དཔྱལ་ལོ་ཆོས་ཀྱི་བཟང་པོས་ཀྱང་པཎ་ཆེན་གྱི་མདུན་དུ་ན་རོ་པའི«བརྟག་གཉིས་འགྲེལ་ཆེན»གསན་ཞིང་བསྒྱུར་ལ་དེའི་བཤད་བཀའ་མན་ངག་དང་བཅས་པ་གནང་བར་མ་ཟད། “སྦྱོར་དྲུག་རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པའང་བསྒྱུར”[4]པ་སོགས་ཀྱིས་དཔྱལ་ལོ་ཆོས་བཟང་ནི་པཎ་ཆེན་གྱི་རྒྱུད་ཀྱི་བཀའ་བབས་ཟབ་མོ་བབ་པའི་སློབ་མ་མཆོག་ཏུ་གྱུར་པ་དེར་ཆགས་ཤིང་། དེ་མིན་འདུས་པ་འཕགས་ལུགས་ལས་པཎ་ཆེན་ལུགས་ཞེས་པ་འདི་ཡང་ཁ་ཆེ་པཎ་ཆེན་གྱིས་ས་པཎ་དང་དཔྱལ་ལོ་ཆོས་བཟང་ལ་གནང་བ་ནས་བརྒྱུད་ཀྱང་། གནང་བའི་མན་ངག་དང་གདམས་པ་མི་འདྲ་བས་འདུས་པ་ས་ལུགས་དང་དཔྱལ་ལུགས་གཉིས་སུ་གྱེས་ལ། ལྷག་པར་འདུས་པ་ས་ལུགས་དེ་ཡང་དུས་དེར“ཁ་ཆེ་པཎ་ཆེན་དང་ས་པཎ་དཔོན་སློབ་གཉིས་ཀྱིས་ཀླུ་བྱང་གི«དཀྱིལ་མཆོག་ཉི་ཤུ་པ»དང་། སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས་མཛད་པའི«དཀྱིལ་མཆོག་ཟུང་འཇུག་གསལ་བ»གཉིས་གསར་དུ་བསྒྱུར་པ་དེའི་ལུགས་ཀྱི་དབང་བཀའ་ལ་དབང་བཀའ་གསར་མའམ་ས་ལུགས་གསར་མ”[5]ཞེས་དང་། སྔར་ཡོད་ཀྱི་དབང་བཀའ་ལ་དབང་བཀའ་རྙིང་པའམ་ས་ལུགས་རྙིང་པ་ཞེས་པའི་ཐ་སྙད་བཞག་པས། དོན་གྱིས་དེ་ནས་བཟུང་བོད་དར་འདུས་པ་འཕགས་ལུགས་ཀྱི་ས་ལུགས་ལའང་ས་ལུགས་གསར་མའི་ལུགས་ཤིག་གསར་དུ་བྱུང་ནས་འཕེལ་ཡོད་པ་སོགས་ཀྱིས་རང་རེའི་གསང་འདུས་ཀྱི་དར་འཕེལ་ལ་རྔོ་ཆེན་པོ་ཐོགས་ཡོད་པ་དང་། དུས་འཁོར་གྱི་སྐོར་ནས་ཀྱང་གྱི་ཇོ་ལུགས་དང་ཙ་མི་ལུགས། རྭ་ལུགས་དང་འབྲོ་ལུགས་སོགས་ལས་གཞན། “ཁ་ཆེ་པཎ་ཆེན་གྱིས་ས་པཎ་དང་ཆག་དགྲ་བཅོམ་དང་དཔྱལ་ཆོས་བཟང་གསུམ་ལ་གནང་བའི་ལུགས་སྲོལ་གསུམ”[6]ཞེས་པས། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་དུས་འཁོར་གྱི་ལུགས་ཀྱང་ལུགས་སྲོལ་གསུམ་གྱི་སྒོ་ནས་བོད་ལ་དར་ཡོད།
གཞན་ཡང་བོད་ཡུལ་དུ་སྡོམ་རྒྱུན་རྣམ་པར་དག་པ་འཕེལ་ཞིང་རྒྱས་པ་ལ་བཀའ་དྲིན་གཞལ་དུ་མེད་པའི་པཎ་ཆེན་གྱི་སྡོམ་རྒྱུན་ཚོགས་པ་སྡེ་བཞི་ཡང་ཁ་ཆེ་པཎ་ཆེན་བོད་དུ་བྱོན་པའི་ལེགས་ལམ་ལ་བརྟེན་ནས་ལེགས་པར་བྱུང་ཞིང་ཡོངས་སུ་དར་བ་སོགས་ཀྱིས་མཚོན། སྐབས་དེའི་ནང་བསྟན་ཤེས་རིག་འཕེལ་རྒྱས་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པས། འབྲི་གུང་སྤྱན་སྔ་པའི་ཞལ་ནས། བོད་དུ་སྔ་དར་ལ་དྲིན་ཆེ་བ་མཁན་ཆེན་དང་། ཕྱི་དར་ལ་དྲིན་ཆེ་བ་ཇོ་བོ་དང་ཁ་ཆེ་པཎ་ཆེན་ཡིན་ཞེས་གསུངས་པ་ནི་དོན་ལ་གནས་པའི་གཏམ་མོ། །གཉིས། རང་རེའི་ཐུན་མོང་རིག་གནས་ཀྱི་ཐད་ལ་ཕྱག་རྗེས་བཞག་ཚུལ།
ཁྲོ་ལོའི་སྐུ་དྲིན་ལས་ཁ་ཆེ་པཎ་ཆེན་འཁོར་པཎ་ཆུང་དགུ[7]དང་བཅས་པ་བོད་དུ་སྤྱན་དྲངས་རྗེས། ས་པཎ་གྱིས་ཁོང་ཅག་གི་མདུན་དུ་ཐུན་མོང་རིག་གནས་ལའང་ཐོས་བསམ་གང་ལེགས་གནང་བས། བོད་ལ་ཐ་སྙད་རིག་གནས་བྱུང་བ་དང་དེ་དག་ལ་སློབ་གཉེར་བྱེད་པའི་དབུ་ཚུགས་ཡོད་དེ། དུས་སྐབས་དེར་ས་པཎ་གྱིས་ཁ་ཆེ་པཎ་ཆེན་གྱི་འཁོར་པཎ་ཆུང་སམ་གྷ་ཤྲཱི་གཙོར་བསྟེན་ནས་སྙན་ངག[8]དང་མངོན་བརྗོད།[9] སྡེབ་སྦྱོར།[10] ཟློས་གར།[11] སྒྲ་ཀ་ཙན་དབྱངས་གསུམ[12]དང་བཅས་པའི་ཐ་སྙད་རིག་གནས་འདི་དག་ལ་བྱང་ཆུབ་པར་བསླབས་པ་དང་། འཁོར་པཎ་ཆུང་སུ་ག་ད་ཤྲཱི་ལོ་གཉིས་རིང་བསྟེན་ནས་སྒྲ་གཞུང་ཀ་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་པའི་འབྲས་རྟགས་སུ་དེ་དང་དེའི་ཚུལ་ལེགས་པར་སྟོན་པའི་བསྟན་བཅོས་གསར་རྩོམ་གནང་བ་ལ་བརྟེན་ནས་ད་གཟོད་རང་རེའི་བོད་ལ་ཐ་སྙད་རིག་གནས་དེ་དག་གི་སྲོལ་བཏོད་པ་ཡིན་པས། ས་པཎ་ནི་བོད་དུ་བཅུ་ཕྲག་རིག་གནས་ཀྱི་སྲོལ་འབྱེད་དང་བོད་ཀྱི་པཎྜི་ཏའི་མཚན་སྙན་ཐོབ་མཁན་ཐོག་མར་ཆགས།
དེ་ཕྱིར་ཁ་ཆེ་པཎ་ཆེན་ནི་རང་རེའི་བོད་ལ་ཐ་སྙད་རིག་གནས་ཀྱི་སྲོལ་ཚུགས་པར་རྨང་རྐང་འཛུགས་མཁན་དེ་ཡིན་ལ། ལྷག་པར་ཇོ་ནང་ཏཱ་ར་ན་ཐས“ཁ་ཆེ་པཎ་ཆེན་ལ་བོད་དུ་སློབ་མ་མཆོག་ཏུ་གྱུར་པའི་བཀའ་བབས་ཟབ་མོ་བབ་པ་ནི། ས་པཎ་ལ་ཚད་མའི་བཀའ་བབས་དང་།”[13]ཞེས་པ་བཞིན། ས་པཎ་གྱིས་ཁ་ཆེ་པཎ་ཆེན[14]དང་། པཎ་ཆུང་དཱ་ན་ཤཱི་ལ[15]སོགས་ལས་རྒྱ་གཞུང་ཚད་མ་མང་པོར་ཐོས་བསམ་གང་ལེགས་གནང་བའི་འབྲས་རྟགས་སུ་ཐོག་མར་ས་སྐྱ་ནས་བཤད་པ་མཛད་ཅིང་། སྤྱི་ལོ1230ལོར«ཚད་མ་རིགས་གཏེར»ཞེས་སྡེ་བདུན་གྱི་བོད་འགྲེལ་ཚད་མའི་བསྟན་བཅོས་ཐོག་མ་དེ་མཛད་པ་དང་། འུ་ཡུག་པས་ས་པཎ་ལས«རྣམ་འགྲེལ»དང«རིགས་གཏེར»སོགས་ལ་ཐོས་བསམ་གནང་མཐར། ཚད་མའི་བསྟན་བཅོས«རྣམ་འགྲེལ་གྱི་འགྲེལ་བ་རིགས་པའི་མཛོད»མཛད་པས་རྣམ་འགྲེལ་ལ་བོད་འགྲེལ་གྱི་བསྟན་བཅོས་ཐོག་མ་བྱུང་ཞིང་། དེ་ནས་ས་སྐྱ་པའི་མཁས་པ་མང་པོ་བརྒྱུད་དེ་རིམ་གྱིས་བོད་གངས་ཅན་གྱི་ཡུལ་དུ་དར་བར་བྱས་པ་ཡིན་པས། ཁ་ཆེ་པཎ་ཆེན་ནི་ཚད་མ་རྣམ་འགྲེལ་གྱི་དགོངས་པ་བོད་ཡུལ་དུ་སྤེལ་བ་ལ་གལ་ཆེའི་རྨང་རྟེན་སྐྲུན་མཁན་དང་། བོད་ཀྱི་ཚད་མ་རིག་པ་འཕེལ་རིམ་གསར་པ་ཞིག་ཏུ་བསྐྱོད་པར་གལ་ཆེའི་བྱེད་ནུས་འདོན་མཁན་ཡང་ཡིན་པ་སོགས་ཕྱོགས་ཀུན་ནས་བལྟས་ཀྱང་སྐུ་དྲིན་ཤིན་ཏུ་ཆེ་བས། དཔའ་བོ་གཙུག་ལག་ཕྲེང་བས། “ཇོ་བོ་རྗེ་དང་པཎ་ཆེན་ཤཱཀྱ་ཤྲཱི་སོགས་གསེར་དང་བོང་བ་མཉམ་པའི་དམ་པ་འདི་དག་ནི་ཕྱིས་འདུལ་དཀའ་བའི་དུས་སུ་ཡང་འཕྲིན་ལས་འདི་ལྟ་བུ་མཛད་པ་ལས་ན་སངས་རྒྱས་གཉིས་པར་སྣང”[16]ཞེས་པའི་གསུང་འདི་དག་ནི་ཤིན་ཏུ་བདེན་ལ་རྨད་པའི་གཏམ་མོ། །
མཆན།
[1] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན» [M] མི་རིགས་དཔེ་སྐྲུན་ཁང་། 2009:254.
[2] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། «ཤེས་བྱ་ཀུན་ཁྱབ»སྟོད་ཆ། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2019:359.
[3] ཆག་ལོ་ཙཱ་པ་རིན་ཆེན་ཆོས་རྒྱལ། «དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་ཆེན་རྟོགས་བརྗོད་དཔག་བསམ་སྙེ་མ» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2023:281.
[4] ཆག་ལོ་ཙཱ་པ་རིན་ཆེན་ཆོས་རྒྱལ། «དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་ཆེན་རྟོགས་བརྗོད་དཔག་བསམ་སྙེ་མ» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2023:279.
[5] ངག་དབང་ཀུན་དགའ་བསོད་ནམས། «གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2015:153.
[6] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། «ཤེས་བྱ་ཀུན་ཁྱབ»སྟོད་ཆ། [M] སི་ཁྲོན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2019:399.
[7] དབུ་ཕར་ལ་མཁས་པ་པཎྜི་ཏ་སུ་ག་ད་ཤྲཱི(བདེ་གཤེགས་དཔལ) སྔགས་འདུལ་ལ་མཁས་པ་པཎྜི་ཏ་ཛ་ཡ་དད་ཏ(རྒྱལ་སྦྱིན) སྒྲ་དང་མངོན་པ་ལ་མཁས་པ་པཎྜི་ཏ་བི་བྷུ་ཏ་ཙནྡྲ(རྣལ་འབྱོར་ཟླ་བ) ཚད་མ་ལ་མཁས་པ་པཎྜི་ཏ་དཱ་ན་ཤཱི་ལ(སྦྱིན་པ་ཚུལ་ཁྲིམས) ཙནྡྲ་དང་མཛོད་ལ་མཁས་པ་པཎྜི་ཏ་སཾགྷཤྲཱི(དགེ་འདུན་དཔལ) མངོན་པ་གོང་འོག་ལ་མཁས་པ་པཎྜི་ཏ་སུ་མ་ཏི་སཱ་ག་ར(བློ་བཟང་རྒྱ་མཚོ) དུས་འཁོར་ལ་མཁས་པ་པཎྜི་ཏ་ཀཱ་ལ་ཙནྡྲ(དུས་ཀྱི་ཟླ་བ) བྱམས་ཆོས་ལ་མཁས་པའི་པཎྜི་ཏ་ཛི་ན་གུབྟ(རྒྱལ་བ་སྦས་པ) ཕར་ཕྱིན་དང་སྤྱོད་འཇུག་ལ་མཁས་པའི་པཎྜི་ཏ་མ་ཧཱ་བོ་ངྷི(བྱང་ཆུབ་ཆེན་པོ )བཅས་ཡིན།
[8] ས་པཎ་གྱིས་ཁ་ཆེ་པཎ་ཆེན་གྱི་འཁོར་པཎ་ཆུང་སཾགྷཤྲཱི་ལས«སྙན་ངག་སྣང་བའི་ཉི་མ»དང་། «རྒྱན་གྱི་བསྟན་བཅོས་དབྱངས་ཅན་མགུལ་རྒྱན» «དཔག་བསམ་འཁྲི་ཤིང»བཅས་སྦྱངས་ཤིང་། ལྷག་པར«སྙན་ངག་མེ་ལོང་མ»ལ་མཁས་པར་བསླབས་ཏེ། དེ་དག་གི་བརྗོད་དོན་མ་ལུས་པ་མདོར་བསྡུས་པའི་ཚུལ་གྱིས། མཁས་པ་འཇུག་པའི་སྒོར་གཏན་ལ་ཕབ་པས་རིག་གནས་འདི་ཉིད་ཀྱི་སྲོལ་བླ་ན་མེད་པ་ཕྱེ།
[9] མངོན་བརྗོད་ཀྱི་རིམ་པར་ཡང་། “པཎྜི་ཏ་སཾགྷཤྲཱི་ལས་མངོན་བརྗོད་ཀྱི་བསྟན་བཅོས་ལས་ཡི་གེའི་རེ་རེའི་མངོན་བརྗོད་གསན་ཅིང་བསྒྱུར། མངོན་བརྗོད་སྣ་ཚོགས་གསལ་བའི་འགྲེལ་པ་དང་བཅས་པར་གསན་ཅིང་། དེ་དག་སྡེ་གསུམ་མམ་བཞིར་འདུས་ཤིང་། རྟགས་གསུམ་གྱི་རྣམ་དབྱེ་ལེགས་པར་དབྱེ་བའི་སྒོ་ནས་རིག་གནས་འདིའི་སྲོལ་ཆེར་བཏོད།”ཞེས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི«བསྟན་རྩིས་གསལ་བའི་ཉིན་བྱེད»དང«ཐ་སྙད་རིག་གནས་ལྔའི་བྱུང་ཚུལ» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2023:87ན་གསལ།
[10] སྡེབ་སྦྱོར་གསན་པའི་ཚུལ་ཡང་། པཎྜི་ཏ་སཾགྷཤྲཱི་ལས་དམར་སེར་དང་རྒྱལ་བའི་ལྷས་མཛད་པའི་སྡེབ་སྦྱོར་གྱི་གཞུང་། ཁྱད་པར་ཏུ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་མཛད་པའི«སྡེབ་སྦྱོར་རིན་ཆེན་འབྱུང་གནས»སོགས་གསན་ནས་ལེགས་པར་ཁོང་དུ་ཆུད། དེ་དག་གི་དོན་འགྲེལ་པ་ལ«སྡེབ་སྦྱོར་མེ་ཏོག་ཆུན་པོ»མཛད་དེ་རིག་གནས་འདིའི་སྲོལ་ལེགས་པར་ཕྱེ།
[11] ཟློས་གར་གྱི་བསྟན་བཅོས་ཀྱང་པཎྜི་ཏ་སཾགྷཤྲཱི་ལས«གཟུགས་ཀྱི་ཉི་མའི་བསྟན་བཅོས»དང་། «བྷཱ་ར་ཏ»ལ་སོགས་པ་གསན་ཅིང་ཁོང་དུ་ཆུད་དེ། དེ་དག་གི་ཚུལ་ཕྱོགས་ཙམ་སྟོན་པ«རོལ་མོའི་བསྟན་བཅོས»ཞེས་བྱ་བ་མཛད།
[12] ས་པཎ་གྱིས་སཾགྷཤྲཱིའི་མདུན་དུ་སྒྲའི་བསྟན་བཅོས་ཀ་ཙན་དབྱངས་གསུམ་དག་གསན་ནས་ཁོང་དུ་ཆུད་པར་མཛད། དེ་དག་གི་ཚུལ་གསལ་བར་སྟོན་པ་ལ། «སྒྲ་ལ་འཇུག་པའི་རྣམ་བཤད»དང«སྨྲ་སྒོའི་དོན་བསྡུ»སོགས་མཛད་ནས། སྒྲ་རིག་པའི་ཕྱོགས་ཀྱི་སྲོལ་ལེགས་པར་བཏོད།
[13] ཇོ་ནང་ཏཱ་ར་ན་ཐ། «མྱང་ཆོས་འབྱུང» [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1983:141ན“ས་པཎ་ལ་ཚད་མའི་བཀའ་བབས་དང་། བྱང་རྡོར་རྣམ་གཉིས་ལ་འདུལ་བའི་བཀའ་བབས། ཁྲོ་ཕུ་ལོ་ཆེན་ལ་མན་ངག་གི་བཀའ་བབས། དཔྱལ་ལོ་ཆོས་བཟང་ལ་རྒྱུད་ཀྱི་བཀའ་བབས།”
[14] ས་པཎ་གྱིས་ཁ་ཆེ་པཎ་ཆེན་ལས«ཚད་མ་ཀུན་བཏུས»དང་། «ཚད་མ་རྣམ་འགྲེལ» དེའི་འགྲེལ་པ«སྟོང་ཕྲག་ཕྱེད་དང་བཞི་པ» «ཚད་མ་རྒྱན» ལྷ་དབང་བློའི«རྣམ་ངེས་ཀྱི་འགྲེལ་བ»དང་། ཆོས་མཆོག་གི«རྣམ་ངེས་འགྲེལ་བ་འཐད་ལྡན»སོགས་ཚད་མའི་གཞུང་མང་པོར་ཐོས་བསམ་གང་ལེགས་གནང་བར་མ་ཟད། «ས་པཎ་རྣམ་ཐར་གསུང་སྒྲོས་མ»ལྟར་ན་ཁ་ཆེ་པཎ་ཆེན་ལས«ཚད་མ་སྡེ་བདུན»ཡང་ཚར་གསུམ་གསན་ནས་ཐུགས་སུ་ཆུད་པར་མཛད།
[15] ས་པཎ་གྱིས་པཎྜི་ཏ་དཱ་ན་ཤཱི་ལས“རྩོད་པའི་རིགས་པ་རྩ་འགྲེལ། རྒྱུད་གཞན་གྲུབ་པའི་རྩ་འགྲེལ། འགྲེལ་པ་བརྟག་པའི་རྩ་འགྲེལ་སོགས་གསན”ཞེས་ཞང་རྒྱལ་བ་དཔལ། «ས་པཎ་གྱི་གསུང་འབུམ» སྨད་ཆ།«ས་པཎ་རྣམ་ཐར» [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1992:633ན་གསལ། དེ་ནི་ས་པཎ་གྱིས“རྒྱ་གར་ན་དཱ་ན་ཤཱི་སྒྲ་ཚད་ལ་མཁས་པར་འདུག་པ་དེ་ངའི་རྩར་ཀོར་གྱིས་འཁོར་བྱུང”ཞེས་དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན»མི་རིགས་དཔེ་སྐྲུན་ཁང་། 2009:271ན་གསལ་བ་བཞིན་ཡིན་ལ། དེ་དག་གི་ཚུལ་གསལ་བར་སྟོན་པ་ལ«ཚད་མ་རིགས་གཏེར»མཛད་ཡོད་པ་སོགས་དུས་སྐབས་དེར་ས་པཎ་གྱིས་ཁ་ཆེ་པཎ་ཆེན་གཙོར་བྱས་རྒྱ་བལ་གྱི་པཎྜི་ཏའི་མཁས་པ་བཞི་ལས་རིག་གནས་ཆེ་ཆུང་མང་པོར་སྦྱངས་པ་མཐར་ཕྱིན་མཛད་པས་ཁོང་རྣམས་ནི་ས་པཎ་གྱི་སློབ་དཔོན་ཆེན་པོར་གྱུར་ཡོད།
[16] དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009:283
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注