དམངས་ཁྲོད་ཀྱི་བརྩེ་དུང་གཏམ་རྒྱུད《ཏཱ་ནི་སྟོད》ལ་དཔྱད་པ།

རྡོ་རྗེ་བསྟན་འཛིན། བོད་ལྗོངས་སློབ་གྲྭ་ཆེན་མོ།

གླེང་སློང་བ།

ཕོ་མོའི་མཛའ་བརྩེ་རྗོད་པའི་དམངས་ཁྲོད་རྩོམ་རིག་ནི་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཡོད་ཅིང་། རྩོམ་རིག་གཞུང་ལུགས་སུ་དེ་ལ“ན་གཞོན་མཐུན་གླུའམ་འཇིག་རྟེན་སྣང་བ་མཚོན་པའི་དོན་བརྗོད་ངག་རྩོམ་རིང་མོ”ཞེས་བཏགས་ཡོད་དེ། རོགས་འཐེན་ནི་ལ་གཞས་རིག་གནས་འཕེལ་རྒྱས་སུ་ཕྱིན་པའི་ཐོན་དངོས་ཤིག་ཡིན་ལ། དེའི་བྱུང་རིམ་ལ་སྐྱོ་གར་གྱི་རང་བཞིན་ལྡན་ཞིང་། དབྱངས་རྟ་ངེས་ཅན་ལ་དྲངས་ནས་ལེན་པས་དམངས་གཞས་ཀྱི་ཁྱད་ཆོས་ལྡན་ཞིང་། ཡུལ་སྐད་ཀྱིས་བཅིངས་པས་ས་གནས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན། དེ་ཡང“རྩོམ་རིག་བརྩམས་ཆོས་སུ་མི་སྣ་དང་དུས་ཚོད་རྫུན་མ་ཡིན། དོན་དག་ངོ་མ་ཡིན”ཞེས་པ་བཞིན་རོགས་འཐེན་ལ་འདས་པའི་དུས་ཀྱི་འཚོ་བའི་གནས་ཚུལ་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ངེས་ཅན་ལྡན་པས། འདིར་ཨ་མདོའི་རོགས་འཐེན《ཏཱ་ནི་སྟོད》ཀྱི་སྐོར་ལ་ཅུང་ཟད་དཔྱད་པ་ལ།

གཅིག མ་ཕྱི་མི་འདྲ་བའི་ནང་དོན་དང་སྒྲིག་གཞིའི་ཁྱད་པར།

རོགས་འཐེན《ཏཱ་ནི་སྟོད》ཀྱི་མ་ཕྱི་ལ་བདུད་བྷེས་བླངས་པའི《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》དང་། དགའ་ལྡན་གྱིས་བླངས་པའི《ཏཱ་ནི་སྟོད》 ནམ་མཁའ་དང་བཀྲ་ཤིས་སྒྲོལ་མས་བླངས་པའི《ཏཱ་ནི་སྟོད》 གཡུང་དྲུང་གིས་བསྒྲིགས་པའི《ཨ་མདོའི་རོགས་འཐེན་འདེམ་བསྒྲིགས》ཁྲོད་ཀྱི《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》 《མང་ཚོགས་སྒྱུ་རྩལ》དུས་དེབ་ཁང་གིས་བསྒྲིགས་པའི《ན་ཆུང་རྩེན་པའི་མཐུན་གླུ》ནང་གི《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མའི་མཐུན་གླུ》 《མདོ་སྨད་ཡུལ་གྱི་ངག་རྩོམ་པད་མའི་ཆུན་པོ》ནང་གི《ཏཱ་ནི་སྟོད》བཅས་མ་ཕྱི་མི་འདྲ་བ་བདུན་བྱུང་ཡོད་ཅིང་། སྤྱི་ཁོག་གི་ནང་དོན་དང་སྒྲིག་གཞི། བྱུང་རིམ་བཅས་འདྲ་ཡང་། དམངས་ཁྲོད་དུ་ཐོག་མར་བྱུང་བ་ནས་དར་བའི་གོ་རིམ་དུ་གཏམ་རྒྱུད་ལ་ཆད་ལྷག་འཆོར་ངེས་པ་དང་། དེ་ཡང་གཙོ་བོ་ངག་ཐོག་ནས་རྒྱུན་འཛིན་དང་དར་ཁྱབ་བྱུང་བ་ཡིན་ཕྱིན་ཁྱད་ཅུང་ཟད་ནི་འབྱུང་སྲིད་པས། འདིར་མ་ཕྱི་དེ་དག་རིགས་གསུམ་དུ་དགར་ཆོག་པར་འདོད་དེ། 《ན་ཆུང་རྩེན་པའི་མཐུན་གླུ》ཞེས་པའི《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མའི་མཐུན་གླུ》དང《མདོ་སྨད་ཡུལ་གྱི་ངག་རྩོམ་པད་མའི་ཆུན་པོ》ནང་གི《ཏཱ་ནི་སྟོད》གཉིས་རིགས་དང་པོ་དང་། ནམ་མཁའ་དང་བཀྲ་ཤིས་སྒྲོལ་མས་བླངས་པའི《ཏཱ་ནི་སྟོད》དང《ཨ་མདོའི་རོགས་འཐེན་འདེམ་བསྒྲིགས》ནང་གི《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》གཉིས་རིགས་གཉིས་པ། སྨྱུག་རྩེན་གྱིས་བསྒྲིགས་པ་དང་དགའ་ལྡན་གྱིས་བླངས་པའི《ཏཱ་ནི་སྟོད》དང་བདུད་བྷེས་བླངས་པའི《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》ནི་རིགས་གསུམ་པའོ། །

སྤྱིའི་ཆ་ནས་རིགས་གསུམ་པོའི་ནང་གི་མི་སྣ་འདྲ་མཚུངས་ཡིན་མོད། བྱེ་བྲག་ཏུ་བབས་ན་མི་འདྲ་བའི་ཆའང་རེ་ཟུང་ཡོད་དེ། རིགས་དང་པོ་དང་རིགས་གསུམ་པའི་མི་སྣ་ཡོངས་སུ་གཅིག་མོད། དེ་གཉིས་དང་རིགས་གཉིས་པའི་བར་ལ་ཁྱད་པར་ཡོད། རིགས་གཉིས་པའི་ནང་དུ་རམ་འདེགས་མི་སྣ་ཟླ་དཀར་ཚེ་སྒྲོན་གཅིག་མ་གཏོགས་མེད་ལ། དེའི་ཐོབ་ཐང་ནི་ཟླ་བཟང་སྒྲོལ་མའི་ཨ་མ་རེད། གཞན་གཉིས་སུ་ཟླ་དཀར་ཚེ་སྒྲོན་ནི་ཟླ་བཟང་སྒྲོལ་མའི་གྲོགས་མོ་ཡིན་ཡང་། གཏམ་རྒྱུད་སྤྱིའི་ནང་དོན་དང་སྒྲིག་གཞིར་བསྟུན་ན་དེ་ནི་ཟླ་བཟང་སྒྲོལ་མའི་གྲོགས་མོ་ཡིན་ན་འོས་ཏེ། ཟླ་བཟང་སྒྲོལ་མ་འདས་རྗེས་ཉི་མ་ཚེ་རིང་ཧོར་གཙང་ཁོག་ལ་སླེབས་ནས་ཟླ་བཟང་སྒྲོལ་མའི་ཡུར་ཞིང་ཁར་འཕྲད་པའི་མི་སྣ་ཞིག་ཡིན་ཞིང་། ཟླ་བཟང་སྒྲོལ་མ་ནི་ཧོར་གཙང་ཁོག་ཏུ་གནས་ལ་སོང་བ་ཡིན་པས། མོའི་ཨ་མ་ཡིན་ཚེ་ཏཱ་ནི་སྟོད་དུ་ཡོད་དགོས་པ་དང་། བླ་བྲང་དང་རེབ་གོང་གི་བར་དུ་ལམ་ཐག་སྤྱི་ལེ་བརྒྱ་ཕྲག་གིས་ཆོད་པས་ཟླ་བཟང་སྒྲོལ་མའི་ཨ་མ་དེ་མོ་འདས་པའི་ཕྱི་ཉིན་གནས་དེར་ཡོད་མི་སྲིད་པས་ཟླ་དཀར་ཚེ་སྒྲོན་ནི་ཟླ་བཟང་སྒྲོལ་མའི་གྲོགས་མོ་ཡིན་པ་ལས་འོས་མེད། རིགས་དང་པོ་དང་གསུམ་པའི་ནང་གི་སྒྲོལ་མ་ནི་ཟླ་བཟང་སྒྲོལ་མ་གནས་ལ་སོང་རྗེས་ཉི་མ་ཚེ་རིང་གིས་བླངས་པའི་ཆུང་མ་ཡིན་ཞིང་། ཟླ་བཟང་དོན་གྲུབ་ནི་ཟླ་བཟང་སྒྲོལ་མ་འདས་རྗེས་ཉི་མ་ཚེ་རིང་དང་སྒྲོལ་མས་བཙས་པའི་བུ་ཡིན་ཏེ། བླ་མས་བུ་ལ་བཏགས་པའི་མིང་ཡིག་ལས་ཉི་མ་ཚེ་རིང་ལ་ཆེས་མཐའ་མཇུག་གི་སེམས་གསོ་རྙེད་པར་བྱས་ཡོད། རིགས་གཉིས་པར་སྒྲོལ་མ་མེད་པས་རོགས་འཐེན་སྤྱིའི་ཆ་ལ་འགྱུར་བ་ཐེབས་མེད་ཀྱང་། བུ་ཟླ་བཟང་དོན་གྲུབ་མེད་པས་མཇུག་འབྲས་ལ་ཁྱད་ཆེན་པོ་ཤོར་ཡོད།

གཉིས། ཐོག་མའི་འབྱུང་ཁུངས་དང་རྒྱབ་ལྗོངས།

སྤྱིར་དམངས་ཁྲོད་རྩོམ་རིག་གི་འབྱུང་ཁུངས་འཚོལ་དཀའ་ཡང་། དམངས་གཞས་ནི་དབུས་ནས་དར་བ་དང་། ལ་གཞས་ཨ་མདོ་ནས་དར་བ། འབའ་གཞས་ཁམས་ནས་དར་བ་ལྟ་བུའི་འབྱུང་ཁུངས་ཕྱོགས་ཙམ་རེ་ངེས་པར་ཡོད་ཅིང་། ལྷག་པར་མི་སྣ་དང་ས་གནས་དངོས་སྤྱད་པའི་དམངས་ཁྲོད་རྩོམ་རིག་ནི་ས་གནས་དེ་དང་འབྲེལ་བའམ་ཡང་ན་མི་སྣ་གང་དེའི་ཕྱིས་ཙམ་ལ་བྱུང་བ་ཞིག་ཡིན་ངེས་ཏེ། འདིར་ས་གནས་དངོས་ལ་ཏཱ་ནི་སྟོད་དང་ཧོར་གཙང་ཁོག ཀ་ཆུ། སྟོང་སྐོར། བྱ་ཁྱུང་བཅས་ཡིན་ཞིང་། དེ་ལས་ཀ་ཆུ་དང་སྟོར་སྐོར་དང་བྱ་ཁྱུང་གསུམ་རོགས་འཐེན་ཁྲོད་དུ་ཐེངས་རེ་གཉིས་ལས་བྱུང་མེད་པ་དང་། དེའང་དུ་བ་དང་མེ་ཆ་དང་བླ་མ་སོགས་ཀྱི་ཚིག་གྲོགས་སུ་བྱུང་བས་ཕལ་བར་བཞག་ཆོག་པར་འདོད་ལ། ཏཱ་ནི་སྟོད་ནི་གཏམ་རྒྱུད་ཀྱི་འགོ་རྩོམ་ས་དང་མཇུག་སྡུད་ས་ཡིན་ཞིང་། ཧོར་གཙང་ཁོག་ནི་གཏམ་རྒྱུད་ཀྱི་གར་སྟེགས་ལྟ་བུར་གྱུར་ཡོད་དེ། འཕྲད་པ་དང་སྒུག་པ། དྲན་པ་དང་བྲལ་བ། གཅར་རྡུང་མྱངས་བ་དང་ཚེ་མ་ཟིན་པ་སོགས་ཚང་མ་ཧོར་གཙང་ཁོག་ཏུ་བྱུང་ཡོད་ཁར། ཏཱ་ནི་སྟོད་ཅེས་པའི་ས་ཆར་རོགས་འཐེན་འདི་ཧ་ཅང་དར་ཆེ་བ་དང་རོགས་འཐེན་གྱི་མིང་ལའང་དེ་ལྟར་ཐོགས་པ་ལ་གཞིགས་ན།གཏམ་རྒྱུད་འདི་ཐོག་དང་པོར་ཡུལ་འདི་ནས་བྱུང་བ་མིན་ནམ་སྙམ།

གསུམ། ཏཱ་ནི་སྟོད་ཅེས་པའི་ས་མིང་།

དེ་ཡང་ས་མིང་འདི་ད་སྔ་ལོ་རྒྱུས་དེབ་ཐེར་དུ་བྱུང་བ་ལ། 《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར》དུ“དཱ་ནའི་སྟོད་ཀྱི་སུ་རུ་སྣེ་ཕྲན་དུ་ཀུན་རིག་སོགས་རྒྱས་པར་གསུངས”ཞེས་དང་། 《མདོ་སྨད་ཆོས་འབྱུང》དུ“སྤྲུལ་སྐུ་བློ་བཟང་དཔལ་ལྡན་རྒྱ་མཚོ་ནི། རྐང་ཚའི་ད་ནའི་སར་ཡབ་ངོགས་རྣམ་རྒྱལ་དང་། ཡུམ་ཇོ་མོའི་སྲས་སུ་མེ་ཁྱི་ལོར་འཁྲུངས”ཞེས་དང་། 《རེབ་གོང་གདན་རབས》སུ“ཏཱ་ནའི་ཆུ་མགོ་དཀར་དྲིས་ཀླད་ནས་དུས་ཀྱི་འཁོར་ལོའི་དབང་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཟབ་བཤད་དང་བཅས་པ་ཕྱག་བཞེས་དྲི་མ་མེད་པའི་བཀའ་དྲིན་བསྐྱངས”ཞེས་དང་། 《ཆོས་འབྱུང་ས་ཡི་ལྷ་མོ》རུ“སྡེ་འདིའི་འབྲོག་པ་ནི་ཡུལ་ལྗོངས་འདིའི་ལྷོ་ཕྱོགས་ཀྱི་ཏཱ་ནི་གཞུང་དུ་ཆགས”ཞེས་དང་། 《མཁན་ཆེན་བློ་བཟང་དགེ་འདུན་རྒྱ་མཚོའི་རྣམ་ཐར》དང《མཁན་ཆེན་སྐུ་ཕྲེང་དྲུག་པ་ལུང་རྟོགས་རྒྱ་མཚོའི་རྣམ་ཐར》 《མར་ནང་ཡབ་སྲས་ཀྱི་རྣམ་ཐར》བཅས་སུའང་ས་མིང་འདི་བྱུང་མྱོང་ཞིང་། དེ་ཚང་མ་མདོ་སྨད་ཆོས་འབྱུང་གི་ལུགས་བཞིན་དུ“ད་ན”ཞེས་བྱུང་ཡོད་ལ། རིམ་པ་ལྟར“དཱ་ན”དང“ད་ན” “ཏཱ་ན” “ཏཱ་ནི”བཅས་སུ་བྱུང་ཡོད་པར་དཔྱད་ན་ཐོག་མར་ས་མིང་འདི་ལ་དབྱངས་ཨི་མེད་པ་དང་། དེའང་རིམ་གྱིས“དཱ-ད-ཏཱ”ལྟར་འགྱུར་ཞིང་། “ན”ཡང“ནི”ལ་འགྱུར་བའི་གོ་རིམ་ཤིན་ཏུ་གསལ་ལ། དེའི་དོན་ཅི་ཡིན་སྐོར་ཆོས་འབྱུང་སོགས་སུ་མ་མཐོང་ཡང་། ས་གནས་རང་གི་ངག་རྒྱུན་དུ། ཐོག་མར་ས་མིང་ལ“རྟ་རྣ”ཟེར་ཞིང་། དེའང་གོང་གི《གུང་ཐང་རྣམ་ཐར》དུ་བྱུང་བའི་སུ་རུ་སྣེ་ཕྲན་ཞེས་པའི་རི་དེ་རྟ་ཡི་རྣ་དང་འདྲ་བོ་ཡོད་པས་དེ་ལྟར་ཐོགས་ཤིང་། རི་དེ་ནས་ཡར་བཅད་པ་ལ“རྟ་རྣའི་སྟོད”དང་། དེ་ནས་མར་བཅད་པ་ལ“རྟ་རྣའི་སྨད”དུ་འབོད་པར་བཤད་ཅིང་། ད་ལྟའང“ཏཱ”ལས“རྟ”ཞེས་ཐོན་པ་གསལ་ལ། “ནི”ཡི་སྒྲ་མི་ཐོན་པར“རྣི”ཡི་སྒྲ་ཐོན་གྱི་ཡོད་པ་ས་གནས་རང་གི་ངག་ན་མ་ཉམས་པར་ཡོད།

བཞི། དམངས་ཁྲོད་དུ་དར་བའི་རྒྱུ་རྐྱེན།

ད་སྔ་ཨ་མདོའི་ཡུལ་དུ་ཡིག་ཐོག་ཏུ་བཀོད་པའི་རོགས་འཐེན་ལྔ་བཅུ་ལྷག་ཡོད་ཅིང་། དེ་ལས་ཀྱང་ཁྱབ་ཆེ་བ་ནི་ཕལ་ཆེར《ཏཱ་ནི་སྟོད》དང《རྒན་གྱའི་སྐར་མ》《ཡེ་ཤེས་སྒྲོལ་མ་དང་དོན་གྲུབ་རྒྱལ་ལོ》གསུམ་ཡིན་པ་དང་། དེ་དག་ལས་ཀྱང《ཏཱ་ནི་སྟོད》ནི་དར་ཁྱབ་ཤིན་ཏུ་ཆེ་སྟེ།དེ་ཡང་རོགས་འཐེན་རང་གི་ནང་དོན་དང་དར་ཁྱབ་བྱུང་བའི་ཐབས་ལམ་ཕྱོགས་གཉིས་ལ་ཐུག་པར་འདོད་དེ། 《ཏཱ་ནི་སྟོད》ལ་ནང་དོན་ཐད་ཁྱད་ཆོས་མངོན་གསལ་ཅིག་ཡོད་པ་ནི། དེའི་ནང་དུ་ས་མིང་དངོས་བཀོལ་ཡོད་པས་བདེན་པའི་རང་བཞིན་ཆེ་བ་དང་། ལྟོས་བཅས་ཀྱིས་མི་སྣ་མང་བ་དང་མི་སྣའི་གཤིས་ཀ་གསལ་བ། གོ་རིམ་གསལ་བ་བཅས་ཀྱིས་ཉན་མཁན་རྣམས་ཀྱི་ཡིད་དབང་འདྲེན་ཐུབ་པར་འདོད་པ་དང་གཅིག བདུད་བྷེ་དང་ནམ་མཁའ་སོགས་ཀྱིས་སྔ་གཞུག་ཏུ་སྒྲ་ཐག་ཏུ་ཕབ་པས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ། དེ་རྗེས་དགའ་ལྡན་སོགས་ཀྱྱིས་འོད་སྡེར་དུ་ཕབ་པས་སླར་ཡང་དར་སྤེལ་བྱུང་ལ། སྙན་ངག་པ་གཅན་མེ་སྟག་གིས“ཏཱ་ནི་སྟོད”ཅེས་སྙན་ངག་ཏུ་བྲིས་པ་དང་། ཉེ་ཆར་རོགས་འཐེན་འདི་ཉིད་བརྗོད་བྱར་བྱས་ཏེ《ཏཱ་ནི་སྟོད་ཀྱི་ནམ་མཁའ》ཞེས་པའི་གློག་བརྙན་ཀྱང་ཕབ་པ་སོགས་ནི་རོགས་འཐེན་འདི་ས་ཁྱབ་རྡོ་ཁྱབ་དུ་སོང་བ་དང་མུ་མཐུད་དེ་དར་ཁྱབ་འགྲོ་བའི་རྒྱུ་རྐྱེན་དང་ཕྱི་རྐྱེན་དུ་གྱུར་ཡོད།

མཇུག་བསྡུ་བ།

རོགས་འཐེན《ཏཱ་ནི་སྟོད》ཀྱི་སྙན་འཇེབས་ཀྱི་ཚིག་འགྲོས་དང་ཡིད་འཕྲོག་པའི་ནང་དོན་གྱིས་མི་རྣམས་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྩལ་ཡོད་ལ། བྱུང་རིམ་གསལ་ཞིང་མི་སྣ་མང་ལ་འབྲེལ་བ་རྙོག་འཛིང་ཆེ་བར་མ་ཟད་རྨི་ལམ་དང་མངོན་སུམ་རྐྱ་འཐབ་ནས་བརྗོད་ཡོད་པས། རྩོམ་རིག་གི་མཁའ་དབྱིངས་སུ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། དེའི་ཁྲོད་དུ་དམངས་སྲོལ་རིག་གནས་ཀྱི་དྲི་མ་སྟུག་པོས་ཡོངས་སུ་ཁྱབ་ཡོད་པས།འདི་ལ་དེང་གི་རིག་གནས་ཐོན་ལས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་ལའང་རིན་ཐང་ངེས་ཅན་ལྡན་པར་སྙམ་མོ། །

ཟུར་ལྟའི་དཔྱད་གཞི།

[1]འབའ་སྟོད་ཚེ་དབང་རྡོ་རྗེ། 《རིག་གནས་མིའི་རིགས་རིག་པའི་སྤྱི་དོན》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ།

[2]སྐལ་བཟང་ཆོས་སྒྲོན། 《ཨ་མདོའི་དོན་བརྗོད་ངག་རྩོམ་རིང་མོ་ལས་རོགས་མཐུན་གྱི་ལུས་དང་སྒྱུ་རྩལ་ཁྱད་ཆོས་ལ་དཔྱད་པ》[D]ཆེད་རྩོམ།

[4]གཡང་མོ་སྐྱིད།《བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་རྣམ་བཤད་རབ་གསལ་མེ་ལོང》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013ལོ།

 [7]དབལ་མང་པཎྜི་ཏ། 《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1987ལོ།

 [8]བྲག་དགོན་པ་དཀོན་མཆོག་བསྟན་པ་རྒྱ་མཚོ། 《མདོ་སྨད་ཆོས་འབྱུང》[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོ།

 [9]འཇིགས་མེད་ཐེག་མཆོག 《མཁས་དབང་འཇིགས་མེད་ཐེག་མཆོག་གི་གསུང་འབུམ》[M] 2018ལོ།

 [10]བློ་བཟང་མཁྱེན་རབ། 《ཆོས་འབྱུང་ས་ཡི་ལྷ་མོ》[M] 2004ལོ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号