2024ལོའི་བོད་རྩོམ་ལ་ལྟ་བ།
དང་པོ། «ཟླ་ཟེར»དང་སྒྲུང་ཐུང་ཆེད་སྒྲིག
2024ལོར།«ཟླ་ཟེར»རྩོམ་སྒྲིག་ཁང་གིས་དུས་རབས་ཀྱི་ལྟ་དགོངས་དང་། མཛེས་རྟོག་གི་འཁྱེར་སོའི་ཐོག་དྲངས། བོད་ཀྱི་སྒྲུང་གཏམ་གསར་རྩོམ་འཕེལ་རྒྱས་སུ་གཏོང་བར་དམིགས་ཏེ་སྒྲུང་ཐུང་ཆེད་སྒྲིག་དེབ་གཉིས་བཟོས་ཤིང་། སྔ་རྗེས་སུ་རྩོམ་པ་པོ་སུམ་ཅུ་ལྷག་གི་བརྩམས་ཆོས་སྤེལ་བ་སྤྱི་དང་། སྒོས་སུ་བོད་ཡིག་གི་སྒྲུང་ཐུང་གསར་རྩོམ་ལ་མཚོན་ན་དོན་སྙིང་ཆེ་ཤོས་ཡིན་ཆོག་ཅིང་། ལོ་འཁོར་འདིའི་བོད་རྩོམ་གྱི་སྡིངས་ཆའི་ཁྲོད་ཀྱི་རྩོམ་རིག་གི་སྣང་ཚུལ་དག་ལས་གླེང་རི་བའི་དོན་དག་ཅིག་ཡིན་ལ། འཚར་ལོངས་འབྱུང་གིན་པའི་རྩོམ་པ་པོའི་དཔུང་ཁག་ཅིག་གི་གསར་རྩོམ་གྱི་རྣམ་པ་དང་གནས་སྟངས་གསར་པའི་ངོས་ཤིག་ཀྱང་ཡིན་ཆོག
གཉིས་པ། སྒྲུང་དེབ།
གཅིག སྒྲུང་རིང་ལ། རྩོམ་པ་པོ་བསོད་ནམས་ལགས་ཀྱི་བཅད་ལྷུག་སྤེལ་མའི་བརྩམས་སྒྲུང་རིང་གྲས་གཉིས་པ«དྲན་ཤེས་མཚོ་མོའི་རྦ་རླབས»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། བན་དེ་ལྷུན་འགྲུབ་བམ་ཚོ་བུའི་སྒྲུང་རིང་དེབ«མི་རབས་གསུམ་གྱི་གཏམ་རྒྱུད»ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་སོགས་ཀྱིས་གདེང་འཇོག་དང་དཔྱད་བརྗོད་གནང་།
གཉིས། སྒྲུང་འབྲིང་ལ། རིག་ལྡན་རྒྱ་མཚོའི་སྒྲུང་འབྲིང་དེབ«བདེ་སྤྱོད་དང་ལུས་འདེད»ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
གསུམ། སྒྲུང་ཐུང་ལ། 2023ལོའི་ལོ་མཇུག་ཏུ། རྩོམ་པ་པོ་གཡུ་རྔོག་ཚེ་བཀྲའི་སྒྲུང་ཐུང་ཕྱོགས་སྒྲིག་དེབ«སྦས་ཡུལ»བཀྲམ་པས། རྩོམ་པ་པོ་དང་ཀློག་པ་པོའི་སྡེ་ནས་དོ་སྣང་དང་གདེང་འཇོག་ཤུགས་ཆེར་བྱུང་བར་བརྟེན་ནས། 2024ལོའི་ཟླ་དང་པོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཐེངས་གཉིས་པ་པར་དུ་བཏབ་པས། འགྲེམ་རྒྱུག་ཡག་ཤོས་ཀྱི་སྒྲུང་ཐུང་དེབ་ཏུ་གླེང་ཆོག ཀླད་ཀོར་གྱི་སྒྲུང་ཐུང་དེབ«དུས་ཚོད་ཁྲ་ཁྲ»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
གསུམ་པ། སྙན་དེབ།
མདོ་སྨད་ཧེ་རུའི་སྙན་ངག་དེབ«དབྱངས་གསལ་གན་མཛོད»ཅེས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས། སྙན་དེབ་སྤྱིིའི་ངོས་ནས་ཡིག་གྲངས་འབོར་ཆེན་ཟིན་པ་དང་། སྙན་ངག་གི་གྲངས་ཚད་མང་བས། དེ་ནི་རྩོམ་པ་པོ་སྒེར་ངོས་ཀྱི་རྩོམ་རིག་གསར་རྩོམ་གྱི་ཤོག་ལྷེ་གསར་པ་ཞིག་དང་། རྩོམ་པ་པོ་དང་རྩོམ་སྒྲིག་པ། ཇུས་འགོད་པ་གསུམ་ཀྱིས་མཉམ་འབྲེལ་ཐོག་གྲུབ་པས། ཐུན་མིན་གྱི་ཁྱད་ཆོས་ཀྱིས་ཕྱུག་ཡོད་ལ། བོད་རྩོམ་གྱི་དྲ་བའི་ཀློག་པ་པོའི་སྡེ་རུ་ཚ་འུར་གྱི་གླེང་ཕྱོགས་བཟོས། «གནའ་མཁར་འདྲེ་བཞི»སྟེ། འབྲོང་དང་ཞི་བདེ་ཉི་མ། འདས་པོ་གཅན་མེ་སྟག རྡོ་གྲགས་བཅས་ཀྱི་སྙན་དེབ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། ཕྱག་རྡོར་ཚེ་རིང་གི་སྙན་དེབ«གངས་དཀར་ཏི་སེ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་དེང་རབས་གསར་རྩོམ་གཅེས་བཏུས་དཔེ་ཚོགས་ཁག་དང་པོ་སྟེ། སྙན་ངག་གི་སྐོར་དུ་བདམས་ནས་པར་སྐྲུན་བྱས། འབྲོག་བཟའ་སྐྱིད་ཀྱི་སྙན་དེབ«ཨ་དཀར་ལུག་ཁྱུའི་རྩེད་རོགས»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།
བཞི་པ། བོད་རྩོམ་གྱི་ལྡུམ་རའི་ནང་གི་རྩོམ་རིག་བྱ་དགའ།
གཅིག བོད་རྩོམ་གྱི་ལྡུམ་རའི་ཁྲོད་ཀྱི་རྩོམ་རིག་བྱ་དགའ་ལས། “སྦྲང་ཆར་རྩོམ་རིག་བྱ་དགའ”དང“གངས་རྒྱན་མེ་ཏོག་རྩོམ་རིག”བྱ་དགའ་གཉིས་ནི་ལྟོས་འཇོག་གིས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བྱ་དགའ་གཉིས་ཡིན་གྱི། བྱ་དགའ་སྟེར་བའི་དུས་ཚོད་ཀྱང་སྟེས་དབང་གིས་ལོ་གཅིག་ཏུ་ཁེལ་ཡོད་ཅེས་བརྗོད་ཆོག 2021ལོར། རྩོམ་པ་པོ་ཁེར་བུ་ལགས་ལ་མཚོན་ན་བྱ་དགའ་དེ་གཉིས་ཀ་ལེན་མཁན་གྱི་མི་སྣ་རུ་གྱུར་པ་དེས་རྩོམ་པ་པོ་སྒེར་བའི་རྩོམ་རིག་གསར་རྩོམ་ལ་གྲུབ་འབྲས་ཕོན་ཆེན་ཐོབ་ཡོད་པ་མཚོན་ལ། ཚུལ་དེ་བཞིན་ད་ལོར་རྩོམ་པ་པོ་མཚོ་སྐྱེས་ལགས་ལ་མཚོན་ནའང་། ལོ་འཁོར་མོའི་ནང་གི་བྱ་དགའ་དེ་གཉིས་ལེན་མཁན་དུ་གྱུར་ཡོད།
གཉིས། དུས་དེབ་ཁང་རེ་ཟུང་ནས་བུད་མེད་ཚོར་རྒྱབ་སྐྱོར་དང་སྐུལ་འདེད་ཀྱི་ཚུལ་དུ“ཆེད་བསྒྲིགས”ལེ་ཚན་བཟོས་པ་དང་། དཔེ་ཚོགས་པར་སྐྲུན་བྱས་པ་སོགས་ཀྱིས་བོད་རྩོམ་གྱི་སྟེགས་བུའི་སྟེང་དུ“བུད་མེད་རྩོམ་རིག”ཅེས་པའི་གདགས་གཞིའི་ཐ་སྙད་ཡང་རང་བཞིན་སྒོས་གྲུབ་པར་གྱུར་ཡོད་པ་དེ་ལྟར། ད་ལོར་རྩོམ་པ་པོ་གཡུ་སྒྲོན་འཚོ་ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་ཁྲོད་བྱ་དགའ་ཨང་གསུམ་པ་དང་། སྐབས་བཅུ་གཅིག་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་ཁྲོད་སྨྱུག་གསར་བྱ་དགའ་ཐོབ་པས། སྒེར་ངོས་ཀྱི་རྩོམ་རིག་གསར་རྩོམ་ལ་གྲུབ་འབྲས་ཕོན་ཆེན་རེག་པ་དང་། མ་ཟད་ཀྱི། སྐབས་བདུན་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའི་ཁྲོད་རྟོགས་སད་ལྷ་མོའི་རང་མོས་སྙན་ངག«ཞེ་ལ་ཐོགས་པའི་ལྷ་ས»དང་། སྒྲོལ་མ་འཚོའི་རང་མོས་སྙན་ངག«གལ་ཏེ»ལ་བྱ་དགའ་ཐོབ་པ་དང་། སྐབས་བཞི་པའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»ལོ་ཟུང་བྱ་དགའི་ཁྲོད་བདེ་ལྡན་དཔལ་མོའི་བརྩམས་སྒྲུང«བན་དེ་ཆེན་པོ»དང་། འབྲོག་བཟའ་སྐྱིད་ཀྱི་སྙན་ངག«འབྲོག་པ་གང་ནས་འགྱུར་འགྲོ»ཞེས་པར་བྱ་དགའ་ཐོབ་པ་སོགས་ཀྱིས་བུད་མེད་རྩོམ་པ་པོའི་སྡེར་སྐུལ་ལྕག་མི་དམན་པ་བཟོས་ཤིང་། ད་ལོ་ནི“བུད་མེད་རྩོམ་པ་པོའི་མི་སྒེར་གྲུབ་འབྲས”ཀྱི་ལོ་ཞིག་ཏུའང་བལྟས་ཆོག་སྙམ།
ལྔ་པ། སྒྲུང་ཐུང་འགྲན་སྡུར།
མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་སྤེལ་བའི་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་ཁྲོད། རྩོམ་པ་པོ་ཚེ་རིང་བསམ་འགྲུབ་ཀྱི་སྒྲུང་ཐུང«ངང་སྒུག»ཨང་དང་པོ་དང་། དུར་སྲིའི་སྒྲུང་ཐུང«གསང་བའི་སྒྲོམ་ཆུང་ནང་གི་མུ་ཏིག» དང་བཙུན་ཐར་རྒྱལ་གྱི་སྒྲུང་ཐུང«དམར་རྒན» གཉིས་ལ་ཨང་གཉིས་པ། གཡུ་སྒྲོན་འཚོའི་སྒྲུང་ཐུང«སྨག་རུམ་ཁྲོད་ཀྱི་འབོད་པ»དང་ནམ་མཁའ་བཀྲ་ཤིས་ཀྱི་སྒྲུང་ཐུང«རླབས་ཀྱི་རྩེ་མོ» གཅུང་བསྟན་བཟང་གི་སྒྲུང་ཐུང«ཆུ་ལྷམ»བཅས་ལ་ཨང་གསུམ་པ་ཐོབ་པ་རེད། ད་རེབ་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་དྲུག་པའི་བརྩམས་ཆོས་དག་ལས་མངོན་གསལ་དོད་པ་ནི་གཞོན་རབས་རྩོམ་པ་པོས་རང་ཉིད་ཀྱི་ཁོར་ཡུག་ནས་རང་ཉིད་ཀྱི་སྐད་ཆ་གླེང་བ་དང་། རང་ཉིད་ཀྱི་སྐད་ཆར་རོ་བྲོ་བསྟབས་པའི་དོན་སྙིང་གིས་ཕྱུག་ཡོད།
དྲུག་པ། དཔེ་ཚོགས།
“སྨིན་དྲུག”བོད་ཀྱི་ན་གཞོན་རང་མོས་སྙན་ངག་དཔེ་ཚོགས་སུ། གངས་རྩེན་གྱི«རྒྱང་རིང་བའི་ཕ་ཡུལ»དང་། མགར་ཨ་ཁྱུང་གི«སྲིད་པའི་མེ་ཏོག» གཅན་ཆེད་འབར་གྱི«ཚིག་གི་སྣང་བ» འགར་སྐལ་བཟང་གི«དངུལ་དཀར་གྱི་འདབ་མ» ཁེར་བུའི«ང་ཡི་ཞིང་གྲོང» གླིང་ཚ་སྙིང་རྒྱལ་འབུམ་གྱི«སྐར་ཚོགས་ཀྱི་ཟིལ་བ»བཅས་དེབ་དྲུག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། སྒེར་གྱི་བརྩམས་ཆོས་ཕྱོགས་སྒྲིག་དང་ཉར་ཚགས་ཀྱི་རིན་ཐང་ཆེ། “ཀན་ལྷོའི་གསར་འགྱུར”བཏོན་ནས་ལོ་འཁོར70ལོན་པའི་རྩོམ་རིག་བརྩམས་ཆོས་བདམས་བཀོད་ཀྱི་མིང་ཐོག་ནས། ཚེ་དཔག་སྐྱབས་ཀྱིས་གཙོ་སྒྲིག་བྱས་པའི་སྙན་ངག་གི་དེབ«སྤང་རྒྱན་མེ་ཏོག»དང་། ལྷུག་རྩོམ་གྱི་དེབ«སྟོན་གྱི་རང་སྒྲ»ཞེས་པ་གཉིས་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི“ཁམས་ཀྱི་རྩོམ་པ་པོའི”མིང་ཐོག་ནས་དཔེ་ཚོགས་ཤིག་བཀྲམ་ཡོད་དེ། ཆོས་དབྱིངས་རྒྱ་མཚོའི«སྒེའུ་ཁུང»(སྒྲུང་གཏམ)དང་། གངས་དབང་གི«རང་ས་རང་ཡུལ་བསྐོར་བའི་སྐྱིད་སྡུག»(རིག་གནས་ལྷུག་རྩོམ་དེབ་གསུམ་པ) ཐོ་ཡོར་གྱི«ཕྱོགས་འགྲུལ»(སྙན་ངག)དང་། རྫོགས་ཆེན་ཀུན་བཟང་གི«གངས་ཆབ»(སྙན་ངག)མ་བྱན་གྱི«ཆར་ཟམ་ཟིམ»(ལྷུག་རྩོམ)བཅས་ཁྱོན་དེབ་ལྔ་འདུག སྒྱུ་རྩལ་པ་སྨན་བླ་སྐྱབས་ཀྱི་མི་སྒེར་གྱི་དཔེ་ཚོགས་དེ་དེབ་དྲུག་ཏུ་བཀོད་ཡོད་དེ།«སྙན་ངག་འདམ་སྒྲུག་མ»དང་། «ལྷུག་རྩོམ་འདམ་སྒྲུག་མ» «གཞས་ཚིག་འདམ་སྒྲུག་མ» «འཁྲབ་གཞུང་འདམ་སྒྲུག་མ» «ཁ་ཤགས་འདམ་སྒྲུག་མ» «གར་ཆུང་འདམ་སྒྲུག་མ»བཅས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་འགྲེམ་སྤེལ་བྱས།
བདུན་པ། རྩོམ་རིག་དཔྱད་བརྗོད།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«འབྲོང་བུ་རྡོ་རྗེ་རིན་ཆེན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»དང་། བྱ་གཞུང་དབྱངས་བྷའི་སྙན་ངག་གཞུང་ལུགས་ཀྱི་དེབ«སྙན་ངག་གི་རྣམ་གཞག་གཡུང་དྲུང་ལག་འཁྱུད»དང་། བྱམས་ཕྲུག་གིས་བརྩམས་པའི«བོད་ཀྱི་རྩོམ་གཞུང་གི་རྒྱུན་དང་མཐོངས» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྐྱིད་ཆུ་བསྟན་འཛིན་ཉི་མས་བརྩམས་པའི«སྙན་ངག་མེ་ལོང་གི་གཞུང་ལས་བོད་ཀྱི་ཚིག་རྒྱན་དང་རྩོམ་རིག་མཛེས་ཚོར་རིག་པའི་དགོངས་དོན་ཞིབ་དཔྱད» བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྤེན་པ་དོན་གྲུབ་ཀྱི་ཆེད་རྩོམ་དེབ«རྩོམ་རིག་གི་གཏན་གྱི་འདུན་མ» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་སྔགས་ས་ལྷ་རྗེ་དཔལ་གྱི«མཛེས་རྟོག་རིག་པའི་འཇུག་སྒོ»བཅས་ཡོད་ཅིང་། དགུ་རོང་སྤུན་གྲོལ་གྱི་དེབ་གསར«རང་གྲོལ་བསྐྱར་བརྟགས»ཞེས་པར་ལྷག་ཏུ་རང་ཅག་གི་ཤེས་ཡོན་པའི་སྡེ་དང་། སྒོས་སུ་རྩོམ་རིག་གི་སྡེ་ནས་ཚ་འུར་གྱི་རྣམ་པ་ཆགས།
བརྒྱད་པ། དྲ་རྒྱའི་རྩོམ་རིག
དྲ་རྒྱའི་ལག་རྩལ་ཟམ་མི་ཆད་པར་ཁྱབ་གདལ་དུ་ཕྱིན་པ་དང་། གཞི་གྲངས་ཅན་གྱི་སྨྱན་རྫས(数字化媒介)ཀྱིས་དེང་རབས་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་གནས་བབ་ངེས་ཅན་བཟུང་བ་ལྟར། དུས་རབས་གསར་པའི་ཚུན་གྱི་སྔར་མེད་ཀྱི་རྩོམ་རིག་གི་སྣང་ཚུལ་གསར་པ་སྣ་ཚོགས་འབྱུང་གིན་ཡོད་པ་སྟེ། བོད་འབྲེལ་དུས་དེབ་ཁག་གིས་རྩོམ་རིག་གི་བྱ་འགུལ་སྤེལ་བ་དང་། ལོ་ཆུང་རྩོམ་པ་པོའི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ། ཆེད་སྒྲིག་ལེ་ཚན་བཟོ་བ་སོགས་ཀྱིས་རྩོམ་རིག་སྐུལ་འདེད་ཀྱི་ནུས་པ་ཐོན་ཞིང་། དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་གྱིས«བོད་ཀྱི་རྩོམ་རིག་དང་མི་རིགས་གཞན་གྱི་རྩོམ་རིག་དབར་གྱི་འབྲེལ་བ་བཤད་པ»ཞེས་པ་སོགས་ཀྱིས་མཚོན་པའི་རྩོམ་རིག་འཆད་ཁྲིད་སྤེལ་བ་དང་། སྐྱབས་ཆེན་མི་སྒེར་འཕྲིན་སྟེགས་ཀྱི“དམིགས་བསལ་འོས་སྦྱོར”གྱི་ལེ་ཚན་དང་། རེ་རྐང་གླིང་མི་རྒོད་འཕྲིན་སྟེགས་ཀྱི“གཞོན་པའི་རབས”ཞེས་པས་མཚོན་པའི་ལེ་ཚན་དག་གཞོན་རབས་པའི་བརྩམས་ཆོས་སྔོག་འདོན་དང་སྐུལ་ལྕག་ལ་དོན་སྙིང་ཆེ།
(རྩོམ་པ་པོ། འབྲོག་ཀློའུ་སྒྲོལ་རྡོ།)
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注