སྐར་རྩིས་དང་གསོ་རིག་བར་གྱི་འབྲེལ་བ་ཇི་ལྟར་ཡིན།
བོད་ཀྱི་གསོ་བ་རིག་པའི་གཞུང་གི་ཕྱི་མོ་ལྟ་བུ་ནི《རྒྱུད་བཞི》ཡིན་ལ། དེ་ལས་ནད་བརྟག་ཐབས་མང་པོ་ཞིག་བསྟན་པ་ལས། རེག་པ་རྩ་ལ་བརྟག་པའི་སྐབས། ནད་མེད་ཀྱི་རྒྱུན་རྩ་དང་། དུས་བཞིའི་རྩ་རྣམས་གསལ་བོར་ངོས་ཟིན་པའི་ཐོག་ནས་ནད་ཅན་གྱི་རྩ་བརྟག་དགོས་པར་གསུངས་ལ། དེ་ཡང་དུས་བཞིའི་རྩ་བརྟག་ཚུལ་ནི།《ཕྱི་མ་རྒྱུད》ལས། དཔྱིད་དང་དབྱར་སྟོན་དགུན་བཞི་དུས་མཚམས་ལྔ། ཞེས་པས་ལོ་གཅིག་ལ་དུས་ཚིགས་བཞི་དང་དུས་ཚིགས་རེའི་ཐ་མའི་ཞག་བཅོ་བརྒྱད་རེ་དུས་མཚམས་ལ་བརྩིས་ཏེ་ལྔ་དང་། ཉི་མ་གང་ལྡོག་དབྱར་དགུན་འབྲིང་བོར་བརྩི། ཞེས་པས་ལྡོག་གཉིས་དང་། དུས་བཞིར་ངོས་འཛིན་ཡང་། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུ་དུས། རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན། བྱིའུ་ཅོ་གས་རང་སྐད་འབྱིན་པའི་དུས། ཞེས་དང་། དབྱར་ཟླ་གསུམ་ནི་འདབ་རྒྱས་ཆར་གྱི་དུས། ས་ག་སྣྲོན་དང་ཆུ་སྟོད་ནམ་ཚོད་འཛིན། བྱ་ཡི་རྒྱལ་པོ་ཁུ་བྱུག་སྐད་འབྱིན་དུས། ཞེས་དང་། སྟོན་ཟླ་གསུམ་ནི་རྩི་ཐོག་སྨོན་པའི་དུས། གྲོ་ཞུན་ཁྲུམས་སྟོད་དབྱུག་པས་ནམ་ཚོད་འཛིན། བྱིའུ་འུར་པས་གཤོག་སྒྲ་འབྱིན་པའི་དུས། ཞེས་དང་། དགུན་ཟླ་གསུམ་ནི་ས་ཆུ་འཁྱགས་སྒང་དུས། སྨིན་དྲུག་མགོ་རྒྱལ་གསུམ་གྱིས་ནམ་ཚོད་འཛིན། ཤ་བ་ནག་པོས་ངུ་སྐད་འབྱིན་པའི་དུས། ཞེས་གསལ་བོར་བྱུང་བ་དང་། དུས་བཞིར་རིམ་བཞིན་མཆིན་རྩ་དང་། སྙིང་རྩ། གློ་རྩ། མཁལ་རྩ་བཅས་རྒྱུ་བ་དང་། དུས་མཚམས་བཅོ་བརྒྱད་ཕྲག་བཞིར་ས་ཁམས་མཚེར་རྩ་རྒྱུ་ཚུལ་གསུངས་པ་རྣམས་ནད་ངོས་འཛིན་དུས་ངེས་དགོས། དེ་ངེས་པ་ལ་དུས་བཞིའི་གཟེར་ཀུན་སྐར་རྩིས་ཀྱི་གཞུང་ལ་བརྟེན་ནས་རྟོགས་དགོས་པ་དེས་སྨན་རྩིས་གཉིས་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་གྲུབ་ཅིང་། དེར་བརྟེན་བོད་ཡུལ་སོ་སོར་སྨན་རྩིས་ཁང་ཞེས་སྨན་དང་རྩིས་ཟུང་དུ་སྦྲེལ་བའི་གཞན་ཕན་གྱི་ལས་ཁུངས་མང་པོ་བྱུང་བ་ཡིན། ད་ལྟའི་བར་དུ་སྐར་རྩིས་ཀྱི་བསྟན་པ་སྐྱོང་མཁན་གཙོ་བོ་ཡང་དེ་དག་ཡིན་ནོ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注