མཚོ་བྱང་གི“རྟ་འོག་ཁུག་རྟ”འཇུ་ལག་རྟ་མཆོག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་ངོ་མཚར་ཆེ་ཞིང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཀྲུང་གོའི་ཚྭ་མཚོ་ཆེན་མོ་མཚོ་སྔོན་པོའི་བྱང་རྒྱུད་དུ་ཆགས་ཤིང་། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.47ཡོད། སྤྱི་ལོ1953ལོའི་ཟླ12པར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་དང་འཇུ་ལག་རྫོང་དུ་ཆགས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རིང་། མཚོ་སྔོན་ཞིང་ཆེན་གྱིས་འཇུ་ལག་ཏུ་རྟ་གསོ་ར་བ་བཙུགས་ནས་ཀྲུང་གོ་གསར་བའི་ཞིང་ལས་འཕེལ་རྒྱས་དང་རྒྱལ་སྲུང་འཛུགས་སྐྲུན་ལ་རྟ་རྒྱུད་གསོ་སྤེལ་དང་ལེགས་བཅོས་ཀྱི་བྱ་བ་སྒྲུབ་མགོ་ཚུགས། མཐར1988ལོར་གསོ་སྤེལ་ལེགས་གྲུབ་བྱུང་བ་དང་འབྲེལ་ཞིང་ཆེན་རིམ་པའི་གསལ་འབྱེད་ཞིབ་བཤེར་རྩིས་ལེན་བྱས་པའི“མཚོ་སྔོན་གྱི་ཁལ་རྟ་བཞོན་རྟ་གཉིས་ལྡན་གྱི”རྟ་རིགས་གསར་པ་ལ་འཇུ་ལག་དང་མཚོ་བྱང་མི་དམངས་ཀྱི་དགའ་བསུ་ཐོབ།

1969ལོར། ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་ལེ་ཐའེ་ཀུང་ཧྲེའི་ཁོངས་མིས་དམག་གྲབས་དོང་ལམ་སྔོག་འདོན་བྱེད་སྐབས། ཧན་ཤར་མའི་དུས་སྐབས་ཀྱི་བང་སོ་ཞིག་གི་ཁྲོད་ནས་ཟངས་ཀྱི་རིག་དངོས“རྟ་འོག་ཁུག་རྟ”ཞེས་པ་དེ་རྙེད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་ནོར་བུ་རིམ་པའི་རིག་དངོས་འཛམ་གླིང་ཐོག་ཐོན་ནས་ཀྲུང་གོའི་ཡུལ་སྐོར་ལས་རིགས་ཀྱི་མཚོན་རྟགས་སུ་གྱུར། ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། “རྟ་འོག་ཁུག་རྟ”དང་འཇུ་ལག་རྟའི་ལྗིད་ཚད་དང་ལུས་ཚད། གཟུགས་པོ། ཕྱི་དབྱིབས་བཅས་དང་ཐ་ན་གཞོགས་སུ་འགྲོ་ཐུབ་པའི་ངོ་མཚར་གྱི་རྣམ་པ་གཅིག་མཚུངས་སུ་མངོན་ཡོད་ལ།  དེ་ནི་མཚོ་སྔོན་ཞིང་ཆེན་འཇུ་ལག་རྟ་གསོ་ར་བ་ནས་དུས་ཡུན་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་སྐྱེད་སྲིང་ལེགས་གྲུབ་བྱུང་བའི“མཚོ་སྔོན་གྱི་ཁལ་རྟ་བཞོན་རྟ་གཉིས་ལྡན་གྱི་རྟ”(འཇུ་ལག་རྟ)དང་ཁྲག་རྒྱུན་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད།

འཇུ་ལག་རྟའི་འཕེལ་འགྱུར་ལོ་རྒྱུས་སྐོར་ལ་དཔྱད་གཞི་ཁ་ཤས་ཀྱིས་འདི་ལྟར་ངོ་སྤྲོད་བྱས་ཡོད་དེ། ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་དུ། དེང་རབས་ཀྱི་རྟ་རྨིག་གསུམ་མ་ནི་མདོ་ལ་རིང་མོའི་རྩྭ་ཐང་དུ་འཚོ་གནས་དང་སྐྱེ་འཕེལ་བྱུང་བ་ཡིན་ཟེར། ཧ་ལམ་ལོ་ངོ་བྱེ་བ་གསུམ་གྱི་སྔོན་དུ་རྟ་རྨིག་གསུམ་མ་རིམ་བཞིན་དེང་རབས་ཀྱི་རྟར་གྱུར་ཅིང་། ལོ་ངོ་བཞི་སྟོང་ལྷག་གི་སྔོན་དུ་འཇུ་ལག་གཤོངས་སར་སྡོད་པའི་གནའ་བོའི་ཆང་རིགས་ཀྱིས་དུས་ཡུན་རིང་པོར་རི་དྭགས་རྔོན་པའི་ཁྲོད་རྐྱང་རྒོད་དེ་ཁྱིམ་རྟར་འདུལ་གསོ་བྱས་པས། འཇུ་ལག་རྟ་ས་གཞི་དེའི་ཐོག་འཚོ་བ་སྐྱེལ་བཞིན་པའི་མི་དམངས་དང་འབྲེལ་བ་ཟབ་མོ་ཆགས་པ་དང་། མདོང་ཐོགས་ཁྲབ་སྤྲས་ཀྱི་རྟ་ཕོའི་ངོ་མཚར་བའི་གཏམ་རྒྱུད་རེ་རེ་བཞིན་བརྩམས་ཡོད། 

སྤྱི་ལོའི་སྔོན་གྱི་ལོ121ལོར། ཧན་ཝུའུ་ཏིས་དམག་དཔོན་ཧུའོ་མངགས་ནས་ཐེངས་གཉིས་ལ་གཞི་རྒྱ་ཆེ་བའི་སྐྱ་དམག་གིས་ཞུང་ནུའུ་ལ་འཕྲལ་རྒོལ་བྱས་ཤིང་། ཞུང་ནུའུ་མདོ་ལ་རིང་མོའི་བར་ཕམ་པར་བརྒྱབ་སྟེ། རྨ་ནུབ་དོག་ལམ་ཤར་གཏོང་བྱས་ཤིང་། ཝུའུ་ཝེ་དང་འབྲོང་ཡུལ། ཅིག་ཆོན། ཏུན་ཧོང་བཅས་ཅུན་བཞི་བཙུགས་པ་དང་། ཞུང་ནུའུ་ཡི་རྟ་གསོའི་སྒར་ས(དེང་གི་ཀན་སུའུ་ཧྲན་ཏན་དམག་རྟ་ར་བ)བཙན་བཟུང་བྱས། མཱ་ཀྲེང་ཅན་གོང་མའི་རྟ་གསོ་ར་བ་བཙུགས་ནས། དམག་གིས་རྟ་གསོས་ཏེ་མཐའ་མཚམས་སྲུང་བར་ལྟ་སྐུལ་བྱས། མཚོ་སྔོན་ཞིང་ཆེན་མ་བཙུགས་གོང་མཚོ་སྔོན་ས་ཁུལ་ཧྲིལ་བོ་ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་ས་ཁུལ་ཞིག་ཡིན། དེར་བརྟེན། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་འཇུ་ལག་གཤོང་ས་དང་བྱང་འདབས་ཀྱི་ཧྲན་ཏན་གཤོང་སའི་ས་རྒྱུ་གཤིན་པོ་དང་རྩྭ་ཐང་ནི་རྟ་གསོ་བའི་སྒར་ས་ཡག་ཤོས་ཡིན་པ་དང་། ཧན་ཝུའུ་ཏིས་ཧྲན་ཏན་དུ་བཙུགས་པའི་གོང་མའི་རྟ་གསོ་ར་བ་དེའི་ནང་ད་ལྟའི་འཇུ་ལག་གཤོང་ས་ཡང་ཚུད་ཡོད། དེ་ནས་བཟུང་འཇུ་ལག་རྟ་ལོ་རྒྱུས་ཀྱི་གར་སྟེགས་ཐོག་བུད་པ་རེད།

དོན་དངོས་ཐོག་འཇུ་ལག་རྟ་ལ་དེ་སྔ་རྟ་ཐང་རྟ་ཞེས་འབོད་ཀྱི་ཡོད་པ་དང་། འཇུ་ལག་རྫོང་སྔོན་དུས་རྟ་ཐང་རྫོང་གི་ཁོངས་གཏོགས་ཡིན་ལ། རྟ་ཐང་ཆུ་བོར་འཇུ་ལག་ཆུ་བོ་ཞེས་འབོད་པ་དང་འདྲ་བར་དམངས་ཁྲོད་དུ་འཇུ་ལག་རྟ་ལ་རྟ་ཐང་རྟ་ཟེར་བ་ཡིན། 1929ལོར་འཇུ་ལག་རྫོང་བཙུགས་རྗེས། ཁྱད་པར་ཕྱེ་བའི་ཆེད་དུ་འཇུ་ལག་གི་མི་རྣམས་ཀྱིས་རིམ་བཞིན་རྟ་ཐང་ཆུ་བོ་འཇུ་ལག་ཆུ་བོ་རུ་བསྒྱུར་བ་དང་། རྫོང་སྲིད་གཞུང་གནས་ཡུལ་ནི་འཇུ་ལག་གྲོང་རྡལ་ཡིན་པས། འཇུ་ལག་ཆུ་བོའི་ཕུན་སུམ་ཚོགས་པའི་ཆུའི་ཐོན་ཁུངས་དང་སེམས་ཉིད་ནགས་ར་ཡོད་པ་དེ་གཟི་བརྗིད་དུ་བརྩི་བ་རེད།

འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་ཞིབ་འཇུག་བྱས་པ་ལྟར་ན། ཧ་ལམ་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་གི་སྔོན་དུ་འཇུ་ལག་ས་ཁུལ་དུ་སྡོད་པའི་གནའ་བོའི་ཆང་རིགས་ཀྱིས་དཀའ་སྤྱད་དང་བློ་གྲོས་ལ་བརྟེན་ནས་རྟ་རྒོད(འཇུ་ལག་རྟ)འདུལ་གསོ་བྱས་པ་དེར་ཐེ་ཚོམ་ཟ་མི་དགོས། ལྷག་པར་དུ་ས་འོག་ནས་ཐོན་པའི་ཧན་ཤར་མའི་གནའ་བོའི་རིག་དངོས་ལ“རྟ་འོག་ཁུག་རྟ”ཞེས་པ་དེས་ད་ལྟའི་བར་དུ་རྒྱུད་འཛིན་བྱས་པའི“ཁ་ཕྱོགས་གཏད་ཐུབ་པའི”དམིགས་བསལ་གྱི་དཔང་རྟགས་དེ་ལས་འཇུ་ལག་རྟའི་རྒྱུད་འཛིན་གྱི་གཞི་རྒྱུ་ཧ་ཅང་ཆེན་པོ་ཡོད་པ་གསལ་བཤད་བྱས་ཡོད། ལོ་ངོ་ཉིས་སྟོང་རིང་ལོ་རྒྱུས་ཀྱི་འཕོ་འགྱུར་དང་བསྟུན་ནས་དེའི་རྒྱུད་འཛིན་གྱི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་མེད་པ་རེད།

ལོ་རྒྱུས་དེ་རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་སླེབས་པ་ན། འཇུ་ལག་རྟར་ཡང་བསྐྱར་གྲགས་པ་རྒྱས་ཤིང་། ཚའོ་ཚའོ་ཡིས་ཏུང་ཀྲུའོ་ལ་མགོ་བཏགས་པ་དང་ཏུང་ཀྲུའོ་ཡིས་ཚའོ་ཚའོ་བསླུ་བྲིད་བྱ་ཆེད། ཁོ་ལ་ཞིས་ལིང་རྟ་མཆོག་ཅིག་བྱིན་པ་དང་། རྟ་དེ་ནི“འཇུ་ལག་རྟ”ཡིན་སྲིད། དེའི་རྗེས་སུ་ཚའོ་ཚའོ་ཡིས་ཏུང་ཀྲུའོ་གསོད་མ་ཐུབ་པར་རྟ་འདི་ཞོན་ནས་སྲོག་ཐར་ཐུབ་པ་བྱུང་། མུ་འབྲེལ་བརྙན་འཕྲིན«རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད»ཀྱིས་གནས་ཚུལ་དེ་སླར་ཡང་མངོན་ཡོད་པ་རེད། ཞིས་ལིང་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་རྨ་ནུབ་དོག་ལམ་རྒྱུད་ཀྱི་གཙོ་བོ་ཝུའུ་ཝེ་ཡི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ལ་གོ་བ་དང་། ད་ལྟའི་འཇུ་ལག་ས་ཁུལ་འདིའང་འདུས་ཡོད།

སྤྱི་ལོའི་སྔོན་གྱི121ལོར། ཧན་ནུབ་མའི་སྲིད་གཞུང་གིས་ཞུང་ནུའུ་ཕམ་པར་བརྒྱབ་ནས་རྨ་ནུབ་ས་ཁུལ་བཟུང་རྗེས། མདོ་ལ་རིང་མོའི་བྱང་འདབས་ཀྱི་རྟ་སྒར་ཆེན་མོ་རྩྭ་ཐང་དུ་གོང་མའི་རྟ་གསོ་ར་བ་བཙུགས་པ་དང་། རྟ་གསོ་བར་མཁས་པའི་ཆང་རིགས་ཀྱིས་རྟ་ར་དོ་དམ་བྱེད་པར་བཀོད་སྒྲིག་བྱས། རྟ་སྒར་ཆེན་མོ་ནི་ད་ལྟའི་ཧྲན་ཏན་དམག་རྟ་ར་བ་རེད།

སྤྱི་ལོ1912ལོའི་ཟླ1པོར། མན་ཆིང་གོང་མའི་རྒྱལ་རབས་མཇུག་རྫོགས་རྗེས་དང་སུན་ཀྲུང་ཧྲན་གྱིས་མགོ་ཁྲིད་གནང་བའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ཏང་གིས་ཀྲུང་ཧྭ་མིན་གོ་མ་བཙུགས་སྔོན་དུ། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་འཇུ་ལག་དམག་ཕྱུགས་ར་བ་ཚང་མ་མན་ཇུ་རིགས་ཀྱིས་དོ་དམ་བྱེད་པའི་དམག་ཕྱུགས་ར་བ་ཡིན། དུས་རབས་གོང་མའི་ལོ་རབས་ཉི་ཤུ་པའི་དུས་མཇུག་ཏུ་མཚོ་སྔོན་དུ་ཞིང་ཆེན་བཙུགས་རྗེས་འཇུ་ལག་དམག་ཕྱུགས་ར་བ་དེ་གོ་མིན་ཏང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གཞུང་གཉེར་རྟ་གསོ་ར་བ་རུ་གྱུར་པ་དང་། 1943ལོར་སླེབས་སྐབས་གསོ་རྟ7400ཡས་མས་ཟིན་ཡོད།

1949ལོའི་ཟླ10པའི་ཚེས1ཉིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། འཇུ་ལག་རྟ་ཡི་གསོ་སྤེལ་ཁུལ་གཙོ་བོ་འཇུ་ལག་དམག་ཕྱུགས་ར་བ་ཐོག་མར་ལན་ཀྲིག་དམག་ཁུལ་གྱིས་དོ་དམ་བྱས། 1953ལོར། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིང་ལ་སྤྲད། མིང་ལ“མཚོ་སྔོན་ཞིང་ཆེན་འཇུ་ལག་རྟ་གསོ་ར་བ”ཟེར། 1954ལོར། ཀྲུང་དབྱང་ཞིང་ལས་པུའུ་ཡིས་འཇུ་ལག་རྟ་རྒྱུད་ལེགས་བཅོས་ཀྱི་གཙོ་གནད་ཕྱུགས་རའི་ཆོག་མཆན་སྤྲད། 1956ལོ་ནས་བཟུང་། སྔ་རྗེས་སུ་སུའུ་ལེན་སྔོན་མའི་ཨའོ་ལོ་ཧྥུ་རྟ་དང་། ཨར་ཏེང་རྟ། ཁ་པ་ཅིན་རྟ། སུའུ་ཝེ་ཨེད་རྟ་སོགས་ནང་འདྲེན་བྱས་ཏེ། འཇུ་ལག་རྟ་ལ་རྒྱུད་འདྲེས་ལེགས་བཅོས་བྱས།

1988ལོའི་ཟླ8པར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གིས(ཞིང་ཆེན་ཚན་རིག་ལག་རྩལ་ཐིང)སྣེ་ཁྲིད་པ་དང་། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིང་གིས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གླིང་དང་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་འཇུ་ལག་རྟ་ར་གསོ་སྐྱོང་བྱས་པའི་འཇུ་ལག་རྟ་ལ་ཚན་རིག་དང་མཐུན་པའི་གསལ་འབྱེད་བྱས་ཏེ“མཚོ་སྔོན་གྱི་ཁལ་རྟ་བཞོན་རྟ་གཉིས་ལྡན་གྱི་རྟ”ཞེས་མིང་བཏགས་པ་དང་རྒྱལ་ཁབ་རིམ་པའི་རྒྱུད་བཟང་ཕྱུགས་རིགས་ཡིན་པ་གསལ་འབྱེད་བྱས། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས1989ལོའི་ཟླ7པར། “མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་རིམ་པ་གཉིས་པའི”གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་ནས་ཚོགས་ར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་བར་སྐུལ་ལྕག་གནང་།

1988ལོའི་ཟླ8པར། “མཚོ་སྔོན་གྱི་ཁལ་རྟ་བཞོན་རྟ་གཉིས་ལྡན་གྱི་རྟ”ཞེས་པའི་གསལ་འབྱེད་བརྒྱུད་རྗེས། རྒྱལ་ཁབ་རིམ་པའི་ཚགས་པར་ཆེན་མོ་འོད་ཟེར་ཉིན་རེའི་ཚགས་པར་གྱིས1988ལོའི་ཟླ9བའི་ཚེས6ཉིན། ཚགས་པར་དེའི་པར་ངོས་གཉིས་པའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་འཇུ་ལག་རྟ་གསོ་ར་བ་ནས་སྐྱེད་སྲིང་ལེགས་གྲུབ་བྱུང་བའི“མཚོ་སྔོན་གྱི་ཁལ་རྟ་བཞོན་རྟ་གཉིས་ལྡན་གྱི་རྟའི”དཀའ་ཚེགས་ཆེ་བའི་ལོ་རྒྱུས་ངོ་སྤྲོད་བྱས་པར་རྒྱལ་ཁབ་ཕྱི་ནང་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་།

2018ལོའི་ཟླ7པའི་ཚེས21ཉིན་ནས་ཚེས23ཉིན་བར། འཇུ་ལག་རྟའི་རིག་གནས་ཐོན་ལས་དར་སྤེལ་དང་ས་གནས་ཀྱི་ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། འཇུ་ལག་རྫོང་ཞིང་ཕྱུགས་ཚན་རྩལ་ཅུས་དང་འཇུ་ལག་རྫོང་རྒྱལ་མཁར་ཞང་མི་དམངས་སྲིད་གཞུང་སོགས་ཀྱིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་འཇུ་ལག་རྟ་གསོ་ར་བ་སོགས་ཀྱིས་རོགས་སྒྲུབ་བྱས་ཏེ་འཇུ་ལག་རྫོང་རྒྱལ་མཁར་ཞང་ཤར་ཐང་སྡེ་བའི་འཇུ་ལག་རྟ་རིག་གནས་ཐོན་ལས་གླིང་དུ2018ལོའི་ཀྲུང་གོ·འཇུ་ལག་སྐབས་དང་པོའི་འཇུ་ལག་རྟ་རྟ་རྒྱུག་འགྲན་ཚོགས་འཚོགས་པ་དང་། ནང་སོག་དང་ཡུན་ནན། ཀན་སུའུ། ཞིན་ཅང་། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་འཐུས་མིའི་རུ་ཁག15ཡི་རྟ279འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས། སྔར་བྱུང་མྱོང་མེད་པའི་རྣམ་པ་ཞིག་མངོན་པར་བྱས་ཤིང་། ཕྱོགས་ཡོངས་དང་ཟུར་ཚད་མང་པོ། ཁྱབ་ཁོངས་མང་པོ་བཅས་ཀྱི་ཐོག་ནས་འཇུ་ལག་རྟ་ཡི་སྤུས་ཁ་དང་འཇུ་ལག་རྟའི་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་པར་བྱས་ཡོད། འཇུ་ལག་རྟ་རིགས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་སླར་ཡང་ཆེ་རུ་ཕྱིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号