ཏེན་ཞུའེ་ཞང་གིས་ཧྲན་ཞི་རུ་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།
ཟླ4པའི་ཚེས14ཉིན་ནས་ཚེས16ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧྲན་ཞི་རུ་རྟོག་ཞིབ་བྱས་པར་མ་ཟད། ཞི་ཨན་དུ་མགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ལེགས་འཕེལ་བྱུང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་འཇགས་ངང་ཡུན་རིང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཏེན་ཞུའེ་ཞང་ཀྲིན་ཐའེ་རིག་ནུས་གློག་ཤུགས་ནུབ་བྱང་ཐོན་ལས་གླིང་དང་ལུང་ཅི་ལྗང་ནུས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི། ནུབ་བྱང་མདོག་ལྡན་ལྕགས་རིགས་ཞིབ་འཇུག་གླིང་བཅས་ལ་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོང་གིས་བསྟན་དོན། གསར་གཏོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་སྒོས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས། རིགས་གསར་བའི་ཞིབ་འཇུག་ལས་ཁུངས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་དང་ཐོན་ལས་སྤྱིའི་རང་བཞིན་གྱི་ལག་རྩལ་ཞིབ་སྤེལ་ཐད་ཤུགས་བསྣན་ནས། ཐོན་ལས་འཕེལ་རྒྱས་ཐད་འདེགས་སྐྱོར་ཤུགས་དང་ལྡན་པ་འདོན་སྤྲོད་བྱེད་དགོས།
ཏེན་ཞུའེ་ཞང་ནུབ་བྱང་བཟོ་ལས་སློབ་ཆེན་དང་ཧྲན་ཞི་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་སོང་ནས། སློབ་གསོ་དང་ལག་རྩལ་འཇོན་མི་གཞི་གཅིག་ཏུ་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོང་གིས་ནན་གྱིས་བསྟན་དོན། མཐོ་རིམ་སློབ་གླིང་གི་རྨང་གཞིའི་ཞིབ་འཇུག་གི་གཙོ་ཤུགས་དམག་དཔུང་དང་ཚན་རྩལ་འགག་སྒྲོལ་ཆེན་པོའི་འབྱུང་གནས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གནད་འགག་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་དགོས། ཚོང་རའི་ཆོས་ཉིད་ལ་བརྩི་འཇོག་དང་བཀོལ་སྤྱོད་བྱེད་པ་དང་། ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བའི་རྐྱེན་སྲོལ་ཐད་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཐོན་སྐྱེད་ནུས་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་མྱུར་དུ་གྲུབ་པར་བྱེད་དགོས། ལས་དཀྱུས་མཉམ་མཐུད་དང་ཐོན་སློབ་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཆེན་པོའི་ལག་བཟོ་བ་དང་རྩལ་ནུས་མཐོ་བའི་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱེད་དགོས། ལས་ཞུགས་མཛུབ་སྟོན་ཞབས་ཞུ་བཟང་བོར་བསྒྲུབ་ནས། མཐར་ཕྱིན་སློབ་མས་སྔར་ལས་བཟང་བོར་ལས་འདེམ་བྱེད་པ་དང་སྔར་ལས་མགྱོགས་པོར་ལས་ཞུགས་བྱེད་པར་རོགས་རམ་བྱེད་དགོས།
སན་ཞིན་ཀྲུང་གོའི་གློག་འདྲེན་ཕྱེད་རྫས་ཚད་ཡོད་ཀུང་ཟི་དང་ཀྲུང་ཡོ་མེ་འཁོར་ཞི་ཨན་བསྡུ་རུབ་ལྟེ་གནས་སུ། ཏིང་ཞུའེ་ཞང་གིས་ཕྱི་དངུལ་ཁེ་ལས་ཀྱི་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོང་གིས་བསྟན་དོན། ཕྱི་ཕྱོགས་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཡིན་པ་དང་། སྲུང་སྐྱོབ་རིང་ལུགས་ཀྱི་གྱེན་ལྡོག་ཇི་ལྟར་དྲག་པོ་ཡིན་ན། ང་ཚོའི་སྒོ་འབྱེད་རྒྱ་སྐྱེད་པའི་ཆོད་སེམས་དེ་བས་ཀྱང་བརྟན། ཀྲུང་གོས་ཕྱོགས་སོ་སོའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། དགེ་མཚན་ཕན་ཚུན་བར་ཁ་གསབ་བྱེད་པར་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད། ཧྲན་ཞི་ཡིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲུབ་ཚུལ་ཆེན་པོའི་ཁྲོད་འདྲེས་པར་བྱེད་པ་དང་། ཀྲུང་ཡོ་མེ་འཁོར་ཞི་ཨན་བསྡུ་རུབ་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐམ་སའི་དབུས་ཁུལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་ས་མྱུར་དུ་གསར་སྐྲུན་བྱེད་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། ཏེན་ཞུའེ་ཞང་གིས་བསྟན་དོན། ད་ལོའི་ཚུན་དུ། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ཐད་ནས་གོམ་སྟབས་བརྟན་པོ་བསྒྱུར་བ་དང་འགོ་བཟང་བོ་བརྩམས་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་ཆེར་སྐྱེད་དགོས། ཕྱོགས་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་པ་དང་། ཕྱི་འབྲེལ་ཁེ་ལས་ལ་རོགས་བྱས་ནས་དཀའ་ཁག་སེལ་བ། སྟོབས་ཤུགས་སྔར་ལས་ཆེན་པོས་ལས་ཞུགས་བརྟན་འཇགས་སུ་བཏང་སྟེ། ཤུགས་དང་ནུས་པ་ལྡན་པའི་སྒོ་ནས་ཕྱི་ཕྱོགས་ཀྱི་རྡུང་རྡེག་ལ་ཁ་གཏད་འཇལ་དགོས། ཧྲན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཧྲན་ཞིའི་ལེའུ་འབྲི་རྒྱུའི་རེ་བ་བཅངས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注