བྱེ་མའི་ལམ་གྱིས་འབྲོག་པར་བདེ་སྐྱིད་བསྐྲུན།

བསྟུད་མར་ཉིན་འགར་ཁ་བ་བབས་པས། རོང་བོ་དགུ་ཆུའི་འགྲམ་གྱི་ལ་ལུང་ཚང་མ་དངུལ་དཀར་གྱིས་བརྒྱན་ཞིང་། མིག་གིས་མཐོང་ཚད་གངས་ཀྱིས་བསྡམས་ཡོད།

ཟླ3པའི་ཚེས16ཉིན། རྨ་ཆུའི་ལྷོ་ཕྱོགས་སུ་གནས་པའི་རེབ་གོང་ཡུལ་གྱིས་ཡུན་རིང་དུ་འཕྲད་དཀའ་བའི་གནམ་གཤིས་བཟང་པོ་ཞིག་བསུས། དྲོད་ལམ་ལམ་གྱི་ཉི་འོད་ས་གཞིའི་སྟེང་འཕྲོས་པ་དང་བསྟུན་ནས་ལམ་འགྲམ་གྱི་ཁ་བ་རིམ་གྱིས་ཞུ་སྟེ། ས་གཞིའི་རང་མདངས་རིམ་གྱིས་མངོན།

རྒྱལ་ལམ316པ་བརྒྱུད་དེ་ཤར་ཕྱོགས་སུ་སོང་བས་མགར་རྩེ་ཞང་དུ་ཐོན་པ་དང་། རླངས་འཁོར་གྱི་ཕྱི་རོལ་དུ་བལྟས་ན་ས་གཞི་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བ་མཐོང་ལ། རྒྱང་རིང་གི་རི་རྒྱུད་ཀྱང་རོང་བོ་དགུ་ཆུའི་འགྲམ་གྱི་རི་རྒྱུད་ལས་འདལ་འདལ་དུ་ཆགས་ཡོད་ལ། དེས་ང་ཚོ་འགྲོ་ས་སྟེ་ཕྱག་ལས་སྡེ་བ་དང་བར་ཐག་མི་རིང་བ་མཚོན།

ཕྱག་ལས་སྡེ་བ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མགར་རྩེ་ཞང་གི་འབྲོག་སྡེ་ཞིག་རེད། ཡུལ་དེའི་འབྲོག་པ་རྣམས་ཀྱིས་མི་རབས་ནས་མི་རབས་སུ་རྩྭ་ཆུར་བསྙེགས་ནས་ཡུལ་ངེས་མེད་དུ་སྡོད་པའི་འཚོ་བ་རོལ་བཞིན་ཡོད།

ཕྱག་ལས་སྡེ་བ་རྒྱལ་ལམ་དང་བར་ཐག་མི་རིང་བའི་སར་ཆགས་ཡོད་རུང་། སྡེ་བའི་མཚོན་རྟགས་མེད་ན་མཐའ་ཡས་པའི་དཀར་བོང་བོང་གི་ཡུལ་ཁམས་དེ་རུ་ཐར་ཐོར་ངང་ཆགས་ཡོད་པའི་སྡེ་བ་དེར་ཐོག་མར་ཡོང་མཁན་ཞིག་ཡིན་ཚེ་འགྲོ་མི་ཤེས་པ་ཁོ་ཐག་རེད།

གྲོང་གསེབ་བགྲོད་ལམ་སྟེང་དུ་དུས་རྒྱུན་རྒྱུ་བཞིན་པའི་ཐུན་རིན་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་བགྲོད་ལམ་ཞིག་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཀོང་ཡའོ་ལ་མཚོན་ན། ཐུན་རིན་གྲོང་ཁྱེར་གྱི་ཕྱུགས་ལམ་དོག་མོ་རེ་རེ་དང་ཕུག་ཏུ་འཐེན་པའི་སྡེ་ལམ་རེ་རེ་ཁོ་ཚང་གི་ར་སྐོར་ལྟར་ཆ་རྒྱུས་ཡོད། ང་ཚོ་སྡོད་པའི་རླངས་འཁོར་ཁོས་བསྟན་པའི་ཁ་ཕྱོགས་དེད་དེ་བསྟུད་མར་ཐེངས་འགར་དཀྱོགས་རྗེས། ཐར་ཐོར་དུ་གནས་པའི་འབྲོག་སྡེ་དེ་དང་ཐག་མི་རིང་པའི་ས་ནས་བསྡད། ང་ཚོའི་རྐང་འོག་ནི་ཁོ་ཚོས་ཅང་མ་འགོར་བའི་ཡར་སྔོན་དུ་འབྲོག་པ་རྣམས་ལ་ལས་པའི་སྡེ་ལམ་གསར་པ་དེ་རེད།

ལམ་དེ་ནི་ཁོད་མི་ཡངས་རུང་ངོས་ཧ་ཅང་སྙོམས་པའི་བྱེ་ལམ་ཞིག་ཡིན་ལ། སྔོན་ཆད་ཀྱི་བྱེ་ལམ་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད། “བྱེ་ལམ་འདིའི་རིགས་ལས་ན་མ་དངུལ་མང་པོ་མི་དགོས་ལ། ཞིག་གསོའང་བྱེད་སླ་བས། འདི་ལྟ་བུའི་མཐོ་སྒང་འབྲོག་ཁུལ་དུ་ཧ་ཅང་འཚམ”ཞེས་ཁ་བ་ཞུ་རྗེས་ནག་ཅིག་གེར་གནས་པའི་སྡེ་ལམ་གསར་པའི་སྟེང་དུ་འགྲེངས་ནས་ལི་ཀོང་ཡའོ་ཡིས་ལམ་དེའི་ཁྱད་ཆོས་ངོ་སྤྲོད་བྱས།

“སྲོལ་རྒྱུན་བྱེ་ལམ་ལས་པ་དང་ཞིག་གསོ་བྱེད་པར་མ་དངུལ་མང་པོ་མི་དགོས་ནའང་། དུས་ཡུན་ཅུང་འགོར་རྗེས་སྐྱོན་ཆ་མང་པོ་ཐོན་ངེས་པས་དེའི་བཟང་ཆ་དང་སྐྱོན་ཆ་ཅུང་མངོན་གསལ་ཡིན་ཟེར་ན་ཆོག ལག་རྩལ་གསར་པ་འདི་བཀོལ་ན་མ་དངུལ་མང་པོ་གཏོང་མི་དགོས་ལ་སྦགས་བཙོག་ཀྱང་ཉུང་བའི་བཟང་ཆ་ཡོད་པར་མ་ཟད། ལམ་གྱི་འདང་ཚད་ཀྱང་མངོན་གསལ་གྱིས་ཡུན་རིང་དུ་བསྲིང་ཐུབ།”བྱེ་ལམ་དེ་རིགས་ལས་ན་ས་སྙོམས་རྗེས་དེའི་སྟེང་གི་རྡོ་སྲེག་ཞིབ་ཏུ་བསལ་དགོས་པ་དང་། ལམ་ངོས་སུ་གཅལ་བའི་བྱེ་མའི་རྒྱུ་སྤུས་དང་མཐུག་ཚད་ལ་ཞིབ་ཚགས་ཆེ། ལམ་ལས་པ་དང་ཞིག་གསོ་བྱེད་པར་ས་བབ་དང་བསྟུན་དགོས་ལ་དེའི་རྒྱུ་ཆ་ཚང་མ་ཡུལ་དེ་ནས་བླངས་ཆོག དེའི་ཐད་ཀྱི་འགྲོ་སྒོ་གཞུང་ལམ་སྲ་བསྒྱུར་གྱི་བཅུ་ཆའི་གཅིག་མ་གཏོགས་མི་དགོས་པས། ཞིག་གསོ་བྱེད་སླ་ཞིང་བརླག་དཀའ་བ། བཀོལ་ཡུན་རིང་བའི་ཁྱད་ཆོས་ལྡན་པས་འབྲོག་པ་རྣམས་ལ་ཡུན་རིང་དུ་ལམ་གྱི་ཆ་རྐྱེན་སྔར་བས་ལེགས་པོ་འདོན་སྤྲོད་བྱེད་ཐུབ།

2024ལོའི་ཟླ10པར། མཐོ་སྒང་དམིགས་བསལ་ཡུལ་ཁོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ལག་རྩལ་ལས་གཞི་དུས་ལྟར་ཐོན་པས། ཐུན་རིན་གྲོང་ཁྱེར་ཞིང་སྡེ་འབྲོག་ཁུལ་གྱི་བྱེ་ལམ་སྤུས་འདེགས་བསྒྱུར་བཅོས་བཟོ་འགོད་དངོས་སུ་ལས་མགོ་བརྩམས། མདོ་བ་གྲོང་རྡལ་དང་མགར་རྩེ་ཞང་། ཆུ་ཁོག་ཞང་། བློན་ཆེ་ཞང་བཅས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ190ལྷག་ཡོད་པའི་ལམ་མཚམས་དེ་སྒོར་ཁྲི285.8ཀྱིས་འགྲུབ་ཏུ་བཅུག

མ་དངུལ་ལ་ཚད་བཀག་ཡོད་པས་བཟོ་འགོད་ལག་བསྟར་ཁྲོད་དུ་བསྐྱར་ལས་ཀྱི་ཆུད་ཟོས་གཏན་ནས་བྱུང་མི་རུང་། ཡང་དང་བསྐྱར་དུ་བགྲོ་གླེང་བྱས་རྗེས། མཐའ་མར་ས་བབ་ཅུང་སྙོམས་ལ་གྲོང་ཁྱེར་དང་བར་ཐག་ལྟོས་བཅས་ཀྱིས་ཉེ་བའི་ཕྱག་ལས་སྡེ་བ་ཐོག་མར་ལས་པའི་བཟོ་འགོད་ལ་གཏན་འཁེལ་བྱས།

“ནམ་ཟླ་ཇེ་འཁྱགས་ནས་ཇེ་འཁྱགས་སུ་འགྲོ་བའི་དུས་ལ་ཁེལ་ཅིང་། གྲོང་ཁྱེར་ཡོངས་སུ་གཞུང་ལམ་བསྒྱུར་བཅོས་མཐོར་འདེགས་བྱེད་དགོས་པའི་ལམ་གྱི་རིང་ཚད་ལ་སྤྱི་ལེ190ཡོད་པས། ང་ཚོས་ལས་མགོ་བརྩམས་མ་ཐག་ནས་ཚང་མར་འཚུབ་ཆ་ལངས།”ལི་ཀོང་ཡའོ་ཡིས་བཤད་ན། ཉིན7གྱི་རིང་ལ་སྟོབས་ཤུགས་ཡོད་རྒུས་ལས་པས། མདོ་གསུམ་མདོ་ནས་ཕྱག་ལས་སྡེ་བའི་བར་གྱི་ལམ་ཐག་སྤྱི་ལེ11.8ཞིག་གསོ་བྱས་ཏེ་གསར་པར་བཏང་ཞིང་། བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐོབ་པས། ཚང་མ་དགའ་སྤྲོ་ཆེན་པོ་སྐྱེས།

བལྟས་ན་སྤྱིར་བཏང་གི་བྱེ་ལམ་ཞིག་ཡིན་རུང་། དེ་ནི་ཕྱག་ལས་སྡེ་བའི་སྡེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་སྦྲེལ་ཡོད།

བྱེ་ལམ་ཤར་ངོགས་ཀྱི་གོམ་པ་གཉིས་ཀྱི་མཚམས་ནི་སྡེ་མི་རྡོ་རྗེ་སྐྱིད་ཚང་གི་དགུན་སའི་ལྕགས་ར་རེད། རླངས་འཁོར་ཕྱི་རོལ་ནས་བལྟས་ན་ཐག་མི་རིང་པའི་ལ་ངོས་སུ་ཁོ་ཚང་གི་སྡོད་ཁང་ཡོད་པ་མཐོང་ལ། དེའི་སྒོ་ཁར་རླངས་འཁོར་མཐོན་པོ་ཞིག་དང་འཕྲུལ་རྟ་གཉིས། ལག་སྐྱོར་འདྲུད་འཐེན་རླངས་འཁོར་གཅིག་བཅས་བཞག་ཡོད།

བགྲོད་ལམ་ཞིག་གསོ་ལྟེ་གནས་ཀྱི་རླངས་འཁོར་ཡོང་བ་མཐོང་རྗེས། རྡོ་རྗེ་སྐྱིད་ཀྱིས་ལག་གི་ལས་ཀ་བསྐྱུར་ནས་དགའ་སྤྲོའི་ངང་ང་ཚོར་ཁམས་འདྲི་བྱས། 2024ལོའི་ཟླ10པར། མོ་དང་ཁྱིམ་མི་འཕྲུལ་རྟར་ཞོན་ཞིང་ནོར་ལུག་དབྱར་ས་ནས་འདི་གར་རུ་སྤར་རྗེས་ད་གཟོད་ཁོ་ཚང་གི་སྒོ་ཁའི་ལམ་དེ་གསར་པ་ཞིག་ཏུ་གྱུར་ཡོད་པ་མཐོང་།

“ལོ་འདི་གའི་རིང་ལ་ཆར་ཆུ་མོད་པས་ལམ་འདིའི་སྟེང་བརྐོ་དོང་ཇེ་མང་དུ་གྱུར་ཡོད་པས། ང་ཚོ་ཕྱིར་འགྲོ་བ་དང་རུ་སྤོར་སྐབས་སྡུག་མི་ཉུང་བ་མྱོང་དགོས།”རྡོ་རྗེ་སྐྱིད་ཀྱིས་རྒྱང་དུ་གནས་པའི་ཁ་ཤར་འཁོར་གྱི་ལ་དེ་བསྟན་ནས་བཤད་རྒྱུར། དང་ཐོག་ཕྱུགས་ལམ་དོག་མོ་ཞིག་ལས་མེད་པས་ལ་གན་བསྐོར་ནས་གཞུང་ལམ་ཁར་འགྲོ་དགོས། རྗེས་སུ་བྱེ་ལམ་ཞིག་ལས་མོད་འོན་ཀྱང་རྒྱུན་དུ་བརྐོ་དོང་བྱུང་བ་དང་། དཔྱིད་ཀར་ས་རྡུལ་འཕྱུར་བ་རེད། ད་ལྟ་གསར་དུ་ལས་པའི་བྱེ་ལམ་འདི་ཡོད་ལ། བལྟས་ན་སྔོན་ཆད་ལས་ཤིན་ཏུ་བཟང་བས་སྡེ་མི་རྣམས་ཧ་ཅང་དགའ་ཡོད་ཟེར།

དབུལ་ཐར་འགག་སྒྲོལ་བྱས་ཤིང་གྲོང་གསེབ་དར་སྤེལ་བཏང་བ་བརྒྱུད། གཏན་སྡོད་གནས་དང་ཕྱུགས་རའི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་ཇེ་ལེགས་སུ་གྱུར་པ་དང་བསྟུན་ནས། ཕྱག་ལས་སྡེ་བའི་སྡེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བར་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་བ་དང་། བགྲོད་ལམ་ལེགས་སྒྱུར་བྱས་པ་འདིས་འབྲོག་པ་རྣམས་ལ་རེ་འདུན་ཅི་ཞིག་སྩོལ་རྒྱུ་ཡིན་ནམ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号