2024ལོར་ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར68.10ལ་སླེབས་ནས་དུས་མཉམ་ལས8.7%འཕར།
ཉེ་ལམ། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་གསལ་ལྟར་ན། 2024ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་འཛད་སྤྱོད་ལ་སྐུལ་འདེད་དང་དམངས་འཚོར་ཕན་པ་གཉིས་དམ་པོར་ཟུང་འབྲེལ་བྱས་ཏེ། མགྱོགས་མྱུར་སྒོས་འཛད་སྤྱོད་ལ་སྐུལ་འདེད་ཀྱི་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། འཛད་སྤྱོད་ལ་སྐུལ་འདེད་ཀྱི་བྱ་འགུལ་རྒྱུན་མཐུད་སྤེལ་ནས་འཛད་སྤྱོད་མཁོ་སྤྲོད་ཀྱི་སྤུས་ཚད་ཇེ་དྲག་ཏུ་བཏང་སྟེ་འཛད་སྤྱོད་ཀྱི་རྣམ་པ་གསར་བ་བཏོད་པ་དང་། འཛད་སྤྱོད་ཁྲོམ་རའི་བདག་གཉེར་མཁན་མུ་མཐུད་སྐྱེད་སྲིང་དང་རྒྱ་སྐྱེད་དུ་བཏང་ནས་སྡོད་དམངས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཕྱིར་བཏོན་ཏེ། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར68.10ལ་སླེབས་ནས་དུས་མཉམ་ལས8.7%འཕར་བ་དང་། འཕར་ཚད་རྒྱལ་ཁབ་ཀྱི་བརྒྱ་ཆའི་ཚེག5.2ལས་མཐོ་བ་དང་ལྗོངས་ཡོངས་ཀྱི་བརྒྱ་ཆའི་ཚེག1.5ལས་མཐོ་བས་ལྗོངས་ཡོངས་ཀྱི་ཨང་དང་པོར་གནས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྟོབས་ལྡན་གྱི་ནང་གནས་སྒུལ་ཤུགས་བསྣན་ཡོད།
2024ལོར་ཉིང་ཁྲི་གྲོང་ཁྱེར་གྱི་འཛད་སྤྱོད་ཁྲོམ་རའི་དམིགས་ཚད་ཁག་གི་གྲུབ་འབྲས་མངོན་གསལ་ཡིན་པ། དེའི་ཁྲོད་བཅད་གྲངས་ཡན་གྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར21.67ཟིན་ནས་དུས་མཉམ་ལས22.4%འཕར་ཡོད་པ། བདག་གཉེར་ལས་ཁུངས་གནས་ཡུལ་གྱི་ངོས་ནས་བལྟས་ན་གྲོང་ཁྱེར་དང་གྲོང་གསེབ་གཉིས་ཀྱི་ཚོང་ཁ་རྒྱུག་པའི་ཁྱད་ཆོས་མངོན་ཡོད། གྲོང་ཁྱེར་ཡོངས་ཀྱི་མཁར་གྲོང་གི་འཛད་རྗས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར48.45ཟིན་ནས་དུས་མཉམ་ལས9.1%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར19.65ཟིན་ནས་དུས་མཉམ་ལས7.7%འཕར་ཡོད། འཛད་སྤྱོད་རྣམ་པའི་ངོས་ནས་བལྟས་ན་ཚོང་རྫས་སིལ་འཚོང་འཕར་ཚད་བཟའ་བཏུང་ཡོང་འབབ་ལས་མཐོ་བ་རེད། གྲོང་ཁྱེར་ཡོངས་སུ་བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར12.00མངོན་འགྱུར་བྱུང་ནས་དུས་མཉམ་ལས3.0%འཕར་ཡོད་པ་དང་། ཚོང་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར56.10ཟིན་ནས་དུས་མཉམ་ལས10.0%འཕར་ཡོད།
འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བར་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་སྲིད་ཇུས་དམ་འཛིན་བྱས་ནས་གཙོ་གནད་འཛད་སྤྱོད་བརྟན་པོ་ཡོང་བ་དང་། བྱ་འགུལ་དམ་འཛིན་བྱས་ནས་འཛད་སྤྱོད་ཀྱི་རྣམ་པ་བསྐྲུན་པ། འཕར་སྣོན་དམ་འཛིན་བྱས་ནས་འཛད་སྤྱོད་བདག་གཉེར་མཁན་སྐྱེད་སྲིང་། ཐེག་བྱེད་དམ་འཛིན་བྱས་ནས་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་ལེགས་པོར་སྒྲུབ་ཏེ། ཁེ་ལས་དང་མང་ཚོགས་ལ་ཕན་ཐོགས་པར་ཤུགས་སྣོན་དང་འཛད་སྤྱོད་ཁྲོམ་རའི་བྲིན་རྒྱུག་སྔར་བས་ཆེ་རུ་བཏང་།
ཉིང་ཁྲི་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི“འཛད་སྤྱོད་དོན་ཚན8”ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཤུགས་བསྣན་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་ཀྱི་ས་གནས་བྱེད་ཐབས་འགའ་ཤས་བཏོན་པ། འཛད་རྫས་རྙིང་བ་གསར་དུ་བརྗེས་པ་སོགས་མུ་འབྲེལ་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱས་པ། འབྲེལ་ཡོད་སྲིད་ཇུས་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་འགུལ་རྣམ་ལེགས་སྒྲིག་ཇེ་ལེགས་སུ་བཏང་བ། གྲོང་ཁྱེར་ཡོངས་ཀྱི་བཅད་གྲངས་ཡན་གྱི་ལས་ཁུངས་ཀྱི་ཁྱིམ་ཆས་རིགས་དང་། ཁྱིམ་སྤྱོད་གློག་ཆས་དང་སྒྲ་གཟུགས་ཡོ་བྱད་རིགས། རྡོ་སྣུམ་དང་གྲུབ་རྫས་རིགས། རླངས་འཁོར་རིགས་ཀྱི་སིལ་འཚོང་བསྡོམས་འབོར་དུས་མཉམ་ལས་སོ་སོར192.6%དང་། 34%། 30.5%། 15.5%འཕར་ཡོད།
འཛད་སྤྱོད་ལ་སྐུལ་འདེད་ཀྱི་བྱ་འགུལ་ཁྱབ་ཁོངས་སུ་ཉིང་ཁྲི་གྲོང་ཁྱེར་གྱིས2024ལོའི་དགུན་དུས་ཉིང་ཁྲིར་ཡུལ་སྐོར་གྱི“ཁྲོམ་ར་བརྟན་པོ་དང་ཡུལ་སྐོར་ལ་སྐུལ་འདེད། དམངས་འཚོར་ཕན་པ”ཞེས་པའི་བྱ་འགུལ་ལག་བསྟར་བྱས་ནས། ཚད་ལོན་ཚོང་དུད1198ལ་ཁ་གསབ་མ་དངུལ་སྒོར་ཁྲི613.6འགྲེམ་གཏོང་བྱས་པ་དང་། འཛད་སྤྱོད་སྒོར་ཁྲི6500སྐུལ་སྤེལ་བྱས་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་བསྡོམས་པས་མ་དངུལ་སྒོར་ཁྲི8505བཏང་ནས་འཛད་རྫས་རྙིང་བ་གསར་དུ་བརྗེས་པ་སོགས་མུ་འབྲེལ་འཛད་སྤྱོད་བྱ་འགུལ་སྤེལ་ཏེ། ཐད་ཀར་འཛད་སྤྱོད་སྒོར་དུང་ཕྱུར4.41སྐུལ་སྤེལ་བྱས་པ། དེའི་ཁྲོད་འཛད་རྫས་རྙིང་བ་གསར་དུ་བརྗེས་པ་ཡི་བསྡོམས་པས་བཤེར་གསུབ་མ་དངུལ་སྒོར་ཁྲི1934.63བཏང་ནས་འཛད་སྤྱོད་སྒོར་དུང་ཕྱུར1.83སྐུལ་སྤེལ་བྱས་པ། མུ་འབྲེལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མུ་འབྲེལ་བྱ་འགུལ་གྱི་བསྡོམས་པས་བཤེར་གསུབ་མ་དངུལ་སྒོར་ཁྲི3000.79བཏང་ནས་འཛད་སྤྱོད་སྒོར་དུང་ཕྱུར2.58སྐུལ་སྤེལ་བྱས་པ། ཟས་མཆོག་འགྲན་བསྡུར་ཆེན་མོ་གཉེར་ནས་བོད་ཟས་ཟོང་རྟགས་ཀྱི་མིང་གྲགས་མུ་མཐུད་མཐོར་འདེགས་སུ་བཏང་བ།“བོད་ཀྱི་ཐོན་རྫས་ལེགས་པོ་འདེམས་ནས་ཁྱིམ་ཚང་ཁྲི་སྟོང་དུ་བསྐྱལ་བ”ཞེས་པའི་རང་སྐྱོང་ལྗོངས་ཀྱི་ཐད་གཏོང་གློག་རྡུལ་འགྲན་བསྡུར་ཐོག་མར་ཞུགས་ཏེ། ཐད་གཏོང་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི570ལྷག་མངོན་འགྱུར་བྱུང་བ་དང་། ཚོང་འགྲིག་པའི་ཚོང་ཟོག་མངག་ཐོ་ཁྲི5ཙམ་ཟིན་ཡོད།
འཛད་སྤྱོད་གཙོ་གཞི་རྒྱ་སྐྱེད་དང་འཕར་ཚད་ལ་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་གྱིས“བཅད་གྲངས་ཡན་གྱི་ཁེ་ལས་ཀྱིས་འཕར་སྣོན་འཛིན་པ་དང་། གཞི་ཁྱོན་ངེས་ཅན་གྱི་ཚད་གཞིར་སླེབས་པའི་ཁེ་ལས་ཀྱིས་མཛོད་འཇུག་དམ་འཛིན། བཅད་གྲངས་མན་གྱི་ཁེ་ལས་ཀྱིས་སྐྱེད་སྲིང་དམ་འཛིན། གསར་སྐྲུན་ཁེ་ལས་ཀྱིས་རྗེས་འདེད་འཛིན་པའི”བྱ་བའི་བསམ་ཕྱོགས་གཞིར་བཟུང་། ཚོང་ལས་ཉོ་འཚོང་འཁོར་རྒྱུག་ཁེ་ལས་ཀྱི་ཁོངས་མཛོད་དུ་འཇུག་པ་བརྟན་པོའི་ངང་འཕར་བའི་བྱ་བ་རྒྱུན་མཐུད་ལེགས་པོར་སྒྲུབ་པ། ཚོང་དོན་སྡེ་ཁག་གིས་བསྡོམས་རྩིས་དང་ཁྲལ་དོན་སོགས་སྡེ་ཁག་དབར་འབྲེལ་གཏུག་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། བཅད་གྲངས་ཡན་གྱི་ཁེ་ལས་ནང་འཇུག་རྩིས་ཡོད་པའི་འགུལ་རྣམ་གསོག་ཉར་མཛོད་འཐུས་ཚང་དུ་བཏང་སྟེ། གསོག་ཉར་མཛོད་དུ་ཡོད་པའི་ཁེ་ལས79སླེབས་པ། ཁེ་ལས26གི་བསྡོམས་རྩིས་ཁོངས་གཏོགས་ཀྱི་ཁོངས་མཛོད་དུ་འཇུག་པའི་བྱ་བ་ལེགས་པོར་སྒྲུབ་ནས། སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་བརྟན་པོའི་ངང་འཕར་བར་རྨང་གཞི་བརྟན་པོ་བཞག་ཡོད།
ད་ལོར། ཉིང་ཁྲི་གྲོང་ཁྱེར་གྱིས་འཛད་སྤྱོད་རྒྱ་བསྐྱེད་སྔོན་དུ་འཇོག་པ་རྒྱུན་འཁྱོངས་བྱས་ནས་ཉར་ཚད་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་པ་དང་། འཕར་ཚད་སྲིད་ཇུས་སྔར་བས་མང་པོ་ཇུས་འགོད་བྱས་ཏེ2025ལོའི་དུས་ཚིགས་དང་པོའི“ཁྲོམ་ར་བརྟན་པོ་དང་ཡུལ་སྐོར་ལ་སྐུལ་འདེད། དམངས་འཚོར་ཕན་པ”ཞེས་པའི་བྱ་འགུལ་ལག་བསྟར་ཤུགས་ཆེན་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་མཉམ་འབྲེལ་གྱི་འཛད་སྤྱོད་སྐུལ་འདེད་བྱ་འགུལ་སྤྱི་འདོམས་བྱས་ནས་འཛད་སྤྱོད་ཆེ་རུ་གཏོང་བའི་ཆེད་དམིགས་བྱེད་སྒོ་དང་འཛད་རྫས་རྙིང་བ་གསར་དུ་བརྗེས་པའི་བྱེད་སྒོ། འཛད་སྤྱོད་ཁྲོམ་རའི་གཙོ་གཞི་སྐྱེད་སྲིང་བྱེད་སྒོ། སྣ་མང་ཅན་གྱི་འཛད་སྤྱོད་སྣ་པ་གསར་གཏོད་སྐྱེད་སྲིང་བྱེད་སྒོ། འཛད་སྤྱོད་ཞབས་ཞུ་རྒྱ་བསྐྱེད་བྱེད་སྒོ་སོགས“བྱེད་སྒོ་ཆེན་པོ་ལྔར”བརྟེན་ནས་ནང་གནས་དགོས་མཁོ་རྒྱ་བསྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་ཕྱོགས་ཡོངས་ནས་ཕྱིར་འདོན་པ་དང་། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་རང་བཞིན་གྱི་བྱེད་ནུས་ཐོན་ཤུགས་སྔར་བས་ཆེ་རུ་གཏོང་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注