གཡང་གི་མཚོ་མོ་ཚང་ན་གླ་བ་ལྡིང་།

གླ་ཁང་ནང་དུ་སོང་སྟེ་གླ་ལ་ལྟ་འདོད་ཀྱི་རེ་འདུན་དེ་ཐོས་པས་གནམ་སྐྱིད་སྒྲོལ་མ་ཐེ་ཚོམ་གྱི་རྒྱ་རུ་ཚུད།

མོས་བཤད་ན་གླ་ནི་སྙིང་ཆུང་ལ་འདྲོག་སླ་བས།མི་རྒྱུས་མེད་མཐོང་བ་དང་སྒྲ་ཆ་མེད་ཐོས་ན་ལུས་ཧྲིལ་པོའི་བ་སྤུ་གྱེན་དུ་གཟེངས་ཤིང་སྙིང་ཆུང་ལྷོག་ལྷོག་ལྡིང་བ་ཞིག་རེད་ཟེར།

ཉེ་ལམ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་ནུབ་ཕྱོགས་དང་བར་ཐག་སྤྱི་ལེ8ཀྱིས་ཆོད་པའི་འབེ་བཟའ་སྡེ་བར་སོང་བ་ན། གཡང་གི་མཚོ་མོ་གསོ་སྤེལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་སྙིང་དཔལ་རྒྱལ་གྱི་ཆུང་མ་གནམ་སྐྱིད་སྒྲོལ་མས་གླ་བར་གཟན་ཆས་སྟེར་བཞིན་ཡོད།

གནམ་སྐྱིད་སྒྲོལ་མས་མཇུག་མཐར་གླ་ཁང་ནང་དུ་སོང་སྟེ་གླ་བར་ལྟ་འདོད་ཀྱི་རེ་བ་བསྐངས་མོད། འོན་ཀྱང་ཉེ་སར་སོང་མི་ཆོག་པའི་རེ་བ་བཏོན།

གསར་འགོད་པས་དུག་སེལ་བྱས་ཤིང་ཁ་ཐུམ་བརྒྱབ་རྗེས། གླའི་དྲོད་ཁང་ནང་དུ་སོང་བ་ན། དྲོད་ཁང་གི་སྒོ་ཆེན་དང་བར་ཐག་མི་རིང་བའི་སར་ལྕགས་དྲས་བཟོས་པའི་ཁང་པ་ཆུང་ཆུང་རེ་རེའི་ནང་དུ། གླ་བ་ཁ་ཤས་ཀྱིས་བག་ཕེབས་ངང་གཟན་ཆས་ཟ་བ་དང་ཁ་ཤས་ཡར་ལྡིང་མར་ལྡིང་བྱས་ཏེ་རྩེད་འཇོར་རོལ་ཞིང་། ཁ་ཤས་ལྷོད་པོར་སྡོད་པའི་རྣམ་པ་མཐོང་།

འོན་ཀྱང་། བར་ཐག་སྨི5ཡས་མས་ཀྱི་ཉེ་སར་བཅར་ནས་ཞིབ་མོར་ལྟ་བསམ་པའི་མོད་ལ་གླ་བ་རྣམས་འདྲོག་སྟེ། རང་རང་སར་བྲོས་སོང་།

གནམ་སྐྱིད་སྒྲོལ་མས་མཚམས་སྦྱོར་བྱས་པ་ལྟར་ན། བར་ཐག་སྨི3ཡས་མས་ཀྱི་ཉེ་སར་བཅར་ན་གླ་བས་ཚོར་ཐུབ་པས། མོ་ལས་མི་གཞན་པ་རྣམས་གླ་ཡི་ཉེ་སར་བཅར་དུ་མ་བཅུག དེ་རིང་ནི་དེ་དག་གིས་ཐོག་དང་པོར་མི་རྒྱུས་མེད་མཐོང་བ་རེད། གཡང་གི་མཚོ་མོ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་ནི་མཚོ་ལྷོ་ཁུལ་གྱི་གླ་གསོ་ཁེ་ལས་གཅིག་པུ་དེ་རེད།


“གླ་བ་ཆུང་ཆུང་འདི་དག་ནི་ང་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་གཅེས་ནོར་ཡིན།”གནམ་སྐྱིད་སྒྲོལ་མས་ལོ་ངོ་གཉིས་ལ་གླ་གསོ་ལག་རྩལ་སྦྱངས་པ་དང་། མཉམ་ལས་ཁང་གི་གླ་བཅུ་པོ་འཚར་ལོངས་བྱུང་སྟེ་གླ་རྩི་བླངས་ཆོག་པའི་དུས་སུ་སླེབས་ཡོད།

“གླ་ལས་ཐོན་པའི་གླ་རྩི་ནི་སྨན་སྣ་རྩ་ཆེན་བཅུའི་ཁྲོད་ཀྱི་གཅིག་ཡིན་ལ། ད་ལྟ་རྒྱལ་ཡོངས་སུ་མཁོ་མཁན་མང་ལ་ཚོང་ཁྲོམ་མཁོ་འདོན་ཐད་ཀྱི་སྟོང་ཆ་ཆེ་བས། གསོས་ན་མདུན་ལམ་ཡག”ཅེས་གནམ་སྐྱིད་སྒྲོལ་མས་གསར་འགོད་པར་དེ་ལྟར་བཤད། སྤུས་ལེགས་གླ་རྩི་ཁེ་གཅིག་སྒོར800རུ་འཚོང་ཐུབ་ལ། གཞན་དག་ཀྱང་ཁེ་གཅིག་སྒོར500རུ་འཚོང་ཐུབ། ཕོ་གླ་ཞིག་གི་སྟེང་ནས་ལོ་རེར་གླ་རྩི་ཁེ20ལེན་ཐུབ། མོ་གླས་ལོ་རེར་གླ་ཕྲུག་གཉིས་རེ་རྩེབས་ཀྱིན་ཡོད་ལ་རིན་གོང་སྒོར་ཁྲི4.5རེད།

2022ལོའི་ཟླ6པར་བཙུགས་པའི་རྫོང་རི་གསོ་སྤེལ་རྟེན་གཞི་ནི་གཡང་གི་མཚོ་མོ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་ཁྱད་ལྡན་གསོ་སྤེལ་ར་བ་རེད། དེ་ན་གཙོ་བོ་གླ་བ་ལག་གསོ་བྱེད་པ་དང་གླ་རྩི་ཐོན་རྫས་ཕྱིར་འཚོང་བྱེད་བཞིན་ཡོད། ད་ལྟ་རྒྱལ་ཁབ་ནགས་རྩྭ་ཅུས་ནས་ཁྱད་ལྡན་གསོ་སྤེལ་ཆོག་འཐུས་དཔང་ཡིག་བླངས་ཡོད་པའི་མཚོ་ལྷོ་ཁུལ་གྱི་ཁེ་ལས་གཅིག་པུར་གྱུར་ཡོད།

མིག་སྔར། མཉམ་ལས་ཁང་གིས་གླ་བ་གསོ་སྤེལ་ཐོན་ལས་དེ་དམངས་ཕྱུག་འབབ་འཕར་གྱི་ཐོན་ལས་གསར་པ་དང“ཉི་གཏད་ཐོན་ལས”སུ་བསྐྲུན་ཅི་ཐུབ་བྱེད་པ་དང་། ལོ་ངོ་གཉིས་ཀྱི་ནང་དུ་ཐུན་ཏེའི་གླ་བ་གསོ་སྤེལ་ལག་རྩལ་སྐྱེད་སྲིང་ལྟེ་གནས་སུ་བསྐྲུན་ནས། རིན་མེད་སྒོས་གླ་བ་གསོ་སྤེལ་གྱི་ལག་རྩལ་ཤེས་སུ་འཇུག་རྒྱུའི་འཆར་གཞི་འདུག

གླ་བ་གསོ་བ་ནི་སྙིང་དཔལ་རྒྱལ་གྱི་ཐོན་ལས་གསར་པ་ཡིན་མོད། འོན་ཀྱང“སྔོན་ཆད་ཀྱི་ས་གཞིའི”སྟེང་དུ“ཡོང་སྒོ་གསར་པ”སྔར་བས་མང་པོ་ཇི་ལྟར་ལེན་རྒྱུ་དེ་ནི་ཁོ་སེམས་ཁུར་ཆེས་ཆེ་ཤོས་དེ་རེད། རྨ་ཆུའི་ཁུགས་སོར་གནས་པའི་ཐུན་ཏེ་རྫོང་ལ་ཐུན་མོང་མ་ཡིན་པའི་ས་གཤིས་དང་ནམ་ཟླའི་ཆ་རྐྱེན་ལྡན་པ་དང་། ཞིང་ཁའི་ཐོན་ལས་དང་འཕྲུལ་ཆས་བཀོལ་སྤྱོད། ཐོན་ལས་འཕེལ་རྒྱས་བཅས་ཤུགས་ཡོད་རྒུས་དར་སྤེལ་དང་། གཅིག་བསྡུས་བེད་སྤྱོད་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་ཤུགས་ཡོད་རྒུས་བཏོན་པ་དང་བསྟུན་ནས། རྫོང་དེས“མཉམ་ལས་ཁང+རྟེན་གཞི+ཞིང་ཁྱིམ”གྱི་གཉེར་སྟངས་ལག་བསྟར་བྱེད་པ་དང་། “ཁྱིམ་གཅིག་གིས་ཁྱིམ་མང་པོར་སྣེ་ཁྲིད་པ་དང་། ཁྱིམ་མང་པོ་སྡེ་བ་གཅིག་ལ་སྦྲེལ་བ། གྲོང་གསེབ་རྟེན་གཞི་རུ་བསྐྲུན་པ”ཞེས་པའི་རྣམ་པ་གསར་པ་ཆགས་པར་ཡར་སྐུལ་བྱས།

2022ལོར། མཚོ་སྔོན་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་བཟོ་འགོད་སློབ་གླིང་གི་དགེ་རྒན་ཆེན་མོའམ་ཐུན་ཏེ་རྫོང་ཚན་རྩལ་སློབ་གླིང001པའི་འགན་འཁུར་པ་དབྱང་གོ་ཀྲུའུ་འཐུས་མི་ཡིན་པའི་ཚན་རྩལ་ཆེད་མངགས་པས་ཡུལ་དེའི་འདེབས་འཛུགས་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཀྱི་འགོག་རྐྱེན་དུ་གྱུར་པའི་ལག་རྩལ་གྱི་གནད་དོན་ཐག་གིས་བཅད་དེ་རོང་འབྲོག་མང་ཚོགས་ལ་ཁེ་ཕན་ངོ་མ་བསྐྲུན།

མཐུན་སྦྱོར་བྱས་པ་བརྒྱུད། སྙིང་དཔལ་རྒྱལ་གྱིས་མྱུར་མོར་སྔོ་གསེར་ཆེན་འདེབས་པའི་ལག་རྩལ་སྦྱངས། དང་ཐོག་མཉམ་ལས་ཁང་གིས་ཡུག་པོ་སོགས་ཀྱི་གཟན་རྩྭ་འདེབས་པ་གཙོ་བོ་བྱས། གཟན་རྩྭ་དེའི་རིགས་ཀྱི་འཚོ་བཅུད་དེ་འདྲ་མི་བཟང་ལ་རིན་གོང་ཡང་ཏུན་རེར་སྒོར2000མན་རེད། གཡང་གི་མཚོ་མོ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གིས་བཏབ་པའི་སྔོ་གསེར་ཆེན་གྱི་སྤྲི་དཀར་འདུས་ཚད་སྤྱིར་བཏང་གི་གཟན་རྩྭའི་ལྡབ3ཡིན་ལ་རིན་གོང་ཡང་སྤྱིར་བཏང་གི་གཟན་རྩྭ་ལས་མཐོ།

སྙིང་དཔལ་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ངོ་མང་པོར་སྐྱེས་པའི་གཟན་རྩྭ་འདེབས་པའི་རྨང་གཞིའི་སྟེང་། ལོ་གསར་པའི་ནང་མཉམ་ལས་ཁང་གིས་གཙོ་བོ་ལོག་དཀར་བཏབ་སྟེ་ཡུལ་དེའི་མཐའ་འཁོར་གྱི་སྡེ་བ་ལྔར་མུ་མཐུད་དུ་སྣེ་འཁྲིད་རྒྱུ་དང་། ཟོང་རྟགས་བསྐྲུན་ནས་ལོག་དཀར་ཚོང་ཁྲོམ་གྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཞིང་ལས་ཀྱི་ཕན་འཕར་དང་ཞིང་པའི་འབབ་འཕར་གྱི་ཁེ་ལས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད།

ད་ལྟ། མཉམ་ལས་ཁང་ནི་གཟན་རྩྭ་དང་ལོག་དཀར་འདེབས་པ་དང་། ལོག་གཡིས་བཙགས་པ། ལུག་དང་གླ་བ་གསོ་བ་བཅས་གཙོ་བོ་ཡིན་པའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཞིང་སྡེའི་གསར་དར་གཉེར་སྐྱོང་བྱེད་པོ་ཞིག་ཏུ་གྱུར་ཡོད། མཉམ་ལས་ཁང་དུ་འདེབས་འཛུགས་དང་གསོ་སྤེལ། ལས་སྣོན་བཅས་ཀྱི་རྟེན་གཞི་གསུམ་ཡོད་ལ། ལོག་གཡིས་བཙགས་པའི་འཁོར་ཁང་དང་དེའི་སྒྲིག་ཆས་ཆ་ཚང་ཡིན་པ་དང་། ཚད་ལྡན་ཅན་གྱི་སྟོང་ལུག་གསོ་སྤེལ་ར་བར་ལུག་ཁྲི2ཡོད། ཆེད་ལས་མཉམ་ལས་ཁང་དུ་སྡེ་མི15ལས་ཀར་ཞུགས་པས་ངལ་རྩོལ་པ་ལྷག་མ་ལས་ཀར་ཞུགས་པའི་ཐད་ནུས་པ་མི་དམན་པ་བཏོན་ཡོད་ལ། མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར20000ཡན་དུ་སླེབས།

དཔྱིད་རླུང་ལྡང་བ་ན། མཐོ་སར་འགྲེངས་ཏེ་སྔོ་གསེར་ཆེན་གྱི་ཞིང་སར་རྒྱང་ལྟ་བྱེད་པ་དང་། གོམ་ཁ་ལྷོད་ནས་གླ་ཁང་གི་མདུན་དུ་འགྲོ་བ་སོགས་གང་ཞིག་ཡིན་རུང་། སྙིང་དཔལ་རྒྱལ་གྱི་འདེབས་གསོ་ཟུང་འབྲེལ་གྱི་འཕེལ་རྒྱས་ཐོན་ལས་ཀྱིས་ང་ཚོའི་སེམས་པ་སྒུལ་བྱུང་། ཁོའི་བློ་ཐག་རྦད་ཆོད་ཀྱི་མིག་མདངས་ལ་སྔོ་གསེར་ཆེན་ནི་རླུང་གི་ཁྲོད་དུ་མགོ་ལྕོག་ལྡེམ་ལྡེམ་གཡོ་ཞིང་། གླ་བ་ཚན་རིག་དང་མཐུན་པར་གསོ་བའི་ཁྲོད་འཚར་ལོངས་འབྱུང་བའི་ཡིད་ཆེས་ཀྱིས་ཁེངས་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号