ཐུན་ཏེ་རྫོང་གིས་འབྲོག་དམངས་ལུས་རྩལ་འགྲན་ཚོགས་བསྡུས།
གླུ་དང་གར་གྱིས་ཏང་ལ་བསྟོད་གླུ་འབུལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་འབྲོག་དམངས་ལུས་རྩལ་འགྲན་ཚོགས་རྐ་འབའ་སུམ་མདོ་གྲོང་རྡལ་མེ་རུ་ཁེ་སྡེ་བར་བསྡུས།
ཉེ་ཆར། རྐ་འབའ་སུམ་མདོ་གྲོང་རྡལ་མེ་རུ་ཁེ་སྡེ་བས་གླུ་དང་གར་གྱིས་ཏང་ལ་བསྟོད་ལ་འབུལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་གསོན་ཤུགས་དང་སྤྲོ་སེམས་ཀྱིས་ཁེངས་པའི་འབྲོག་དམངས་ལུས་རྩལ་འགྲན་ཚོགས་ཤིག་བསྡུས་པ་དང་། དེར་སྐྱེས་པ་དང་བུད་མེད་ཀྱི་ཐག་འཐེན་འགྲན་སྡུར་དང་གླང་ཆེན་ས་གཤགས། ས་སྒྱེ་འཇོག་པའི་འགྲན་སྡུར་སོགས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་ལུས་རྩལ་རྣམ་གྲངས་མང་པོ་ཡོད་ལ། འབྲོག་པ་མང་ཚོགས་མང་པོ་ཞིག་འགྲན་སྡུར་ཁྲོད་ཞུགས་པའི་རེ་བ་ཆེན་པོ་བཅངས་ཡོད། དེས་འབྲོག་པ་མང་ཚོགས་ཀྱི་ལུས་རྩལ་འཇོན་ཐང་མངོན་པ་ཙམ་མ་ཡིན་པར། ཁོ་ཚོའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་རྣམ་པ་ཞིག་ཀྱང་མངོན་ཡོད་པ་རེད།
རྐ་འབའ་སུམ་མདོ་གྲོང་རྡལ་མེ་རུ་ཁེ་སྡེ་བའི་འདུས་སྡོད་ཐང་ཆེན་ཏུ་མི་ཚོགས་ཀྱིས་ཁེངས་ཡོད་པ་དང་། འབྲོག་པ་ཚོས་ལུས་ལ་བོད་རང་གི་ལྭ་བ་གྱོན་ཞིང་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་ནས་ཡུན་རིང་རེ་སྒུག་བྱས་པའི་ལུས་རྩལ་འགྲན་ཚོགས་སུ་ཞུགས་བཞིན་འདུག
ཤན་འབྱེད་པའི་བཀོད་སྒྲིག་ལྟར་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་མགོ་བརྩམས་པ་རེད། ཐག་འཐེན་འགྲན་སྡུར་གྱི་ཡུལ་དངོས་སུ་སྐྱེས་པ་དང་བུད་མེད་གཉིས་ཀྱི་རུ་ཁག་སོ་སོས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཤིང་ཕྱོགས་གཉིས་ཀྱི་རུ་མི་ཚོས་ཐག་པ་དམ་པོར་བཟུང་ནས་སོ་སོ་རང་གི་སྟོབས་ཤུགས་ལ་འགྲན་སློང་བྱེད་པ་ཞིག་རེད། ཐག་པའི་དཀྱིལ་གྱི་དར་གོས་དམར་པོ་དེས་ཕྱོགས་གཉིས་ཀྱི་སྟོབས་ཤུགས་འགྲན་སྡུར་དེར་ཚད་མཇལ་བྱེད་བཞིན་ཡོད། མཐའ་འཁོར་གྱི་ལྟད་མོ་པ་རྣམས་ཀྱིས་དགའ་འབོད་ཀྱི་སྐད་སྒྲ་མཚམས་མེད་དུ་བསྒྲགས་ཤིང་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་པ་དོད་པོ་ཞིག་བྱུང་།
བོད་ལྭ་མྱུར་གོན་གྱི་འགྲན་སྡུར་འདི་ནི་ཉེ་བའི་རིང་གསར་དུ་དར་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྲན་སྡུར་གྱི་རྣམ་གྲངས་ཤིག་ཡིན་ལ། འབྲོག་པ་མང་ཚོགས་ཀྱིས་ཧ་ཅང་དགའ་མོས་བྱེད་པའི་ལུས་རྩལ་རྣམས་གྲངས་ཤིག་ཀྱང་ཡིན་པ་རེད། འགྲན་ཞུགས་པ་ཚོས་བོད་ལྭ་དང་སྐེ་རགས་སོགས་མི་རིགས་རང་གི་ལྭ་བ་ཆ་ཚང་ཞིག་བཟུང་སྟེ་འགྲན་རའི་ནང་དུ་ཐོན་པ་དང་། དེ་ནས་ཤན་འབྱེད་པ་ཚོའི་སྒྲིག་ལམ་ལྟར་བོད་ལྭར་སྐེ་རགས་བཅིངས་པའི་མྱུར་ཚད་འགྲན་བཞིན་འདུག ལུས་རྩལ་རྣམས་གྲངས་དེས་མི་རིགས་ཀྱི་ཉམས་འགྱུར་རབ་ཏུ་མངོན་ཡོད་པ་མ་ཟད། འབྲོག་པ་མང་ཚོགས་ཀྱི་གསོན་ཤུགས་དང་སྤྲོ་སྣང་ཡང་མཚོན་ཡོད་པ་རེད།
ས་སྒྱེ་འགྲན་སྡུར་ནི་སྟོབས་ཤུགས་དང་བཟོད་ཤུགས་གཉིས་ལ་ཚོད་བགམ་བྱེད་པའི་འགྲན་སྡུར་ཞིག་རེད། འགྲན་ཞུགས་པ་ཚོ་རེས་མོས་ཀྱིས་གར་སྟེགས་སུ་བསྐྱོད་དེ་ས་སྒྱེ་འཇོག་བཞིན་འདུག་ལ། རྒྱལ་ཁ་ཐོབ་པའི་འགྲན་ཞུགས་པ་རྣམས་ལ་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་དགའ་འབོད་དང་བརྩི་འཇོག་ཆེན་པོ་ཐོབ་པ་རེད།
ས་སྒྱེ་འཇོག་པ་དང་ཅུང་མི་འདྲ་བའི་ལུས་རྩལ་རྣམས་གྲངས་གཞན་ཞིག་ནི་གླང་ཆེན་ས་གཤགས་ཀྱི་འགྲན་སྡུར་ཡིན་ལ། དེ་ནི་ལུས་ཀྱི་ཐབས་རྩལ་དང་སྐེ་ཤུགས་བརྟེན་ནས་སོ་སོའི་ཤེད་ཤུགས་འགྲན་སྡུར་བྱེད་སྟངས་ཤིག་ཡིན་པ་རེད། འགྲན་ཞུགས་པ་རྣམས་ཀྱིས་འགྲན་ཡ་སྟོབས་ཆེན་གྱི་མདུན་དུ་ཕྱིར་འཐེན་ཅི་ཡང་མེད་པའི་བསམ་པའི་སྙིང་སྟོབས་ལེགས་པོར་མངོན་ཡོད་ལ། ཛ་དྲག་གི་འགྲན་སྡུར་འདི་ལྟ་བུས་འགྲན་ཞུགས་པ་དག་ལ་ལུས་རྩལ་ཐད་ཀྱི་འཇོན་ཐང་སྔོག་འདོན་ལའང་ངར་སློང་བྱེད་ཐུབ་པ་དང་། འགྲན་ཞུགས་པ་ལ་ལར་ཡུན་རིང་ལ་རྒྱལ་ཕམ་འབྱེད་དཀའ་བའི་སྣང་ཚུལ་ཡང་བྱུང་བས་ལྟད་མོ་རྣམས་ཀྱིས་འགྲན་སྡུར་འདི་ལ་དགའ་བསུ་ཆེན་པོ་ཐོབ་ཡོད།
སྡེ་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། བྱེད་སྒོ་འདི་ལ་བརྟེན་ནས་ཁོ་ཚོས་སྤྲོ་སྣང་ལྡན་ཞིང་དོན་སྙིང་ལྡན་པའི་དུས་ཚོད་ཅིག་མྱོང་རོལ་ཐུབ་སོང་ཞེས་གདེང་འཇོག་ལེགས་པོ་ཐོབ།
ཐེངས་འདིའི་ལུས་རྩལ་འགྲན་སྡུར་འདིས་འབྲོག་པ་ཚོར་རང་ཉིད་ཀྱི་ལུས་རྩལ་ཐད་ཀྱི་འཇོན་ཐང་ངོམ་པ་དང་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བའི་སྟེགས་བུ་ཞིག་མཁོ་འདོན་བྱས་པ་མ་ཟད། འབྲོག་པ་ཚོའི་ཧུར་བརྩོན་ཡར་རྒྱས་ཀྱི་འཚོ་བའི་རྣམ་འགྱུར་དང་བདེ་སྐྱིད་འཆམ་མཐུན་གྱི་འཚོ་བའི་སྣང་ཚུལ་ཡང་མངོན་ཡོད་པ་རེད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注