བོད་ཀྱི་རྫོང་འདི་ནས་འཛམ་གླིང་གི་ཟིན་ཐོ་གསར་པ་གཉིས་ཐོན་རྒྱུ།

བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་། ཆབ་མདོ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་ཕྱི་སྣོད་ཀྱི་བཀོད་པ་མཛེས་ལ་ནང་བཅུད་ཀྱི་རིག་གནས་ཕུན་སུམ་ཚོགས་པ། ལེགས་ཚོགས་དགེ་མཚན་གྱིས་སྐྱེ་འགྲོའི་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་པ་ཞིག་ཡོད་པ་དེ་ཡི་མིང་ལ་དཔལ་འབར་རྫོང་ཞེས་ཟེར།

དཔལ་འབར་རྫོང་ལ་མུ་ཁྱུད་འབྲེལ་བའི་རི་བོ་ཡོད་ལ་གཏིང་རིང་བའི་གྲོང་རོང་ཡོད། གཡའ་དག་པའི་མཚོ་མོ་ཡོད་ལ་གདོད་མའི་ནགས་ཚལ་ཡང་ཡོད། དེ་བས་བྱུར་བུར་གཏམས་པའི་རང་བྱུང་གི་ཐོན་ཁུངས་དང་ལོ་རྒྱུས་ཡུན་རིང་ཞིང་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་ཤེས་རིག་ཡོད། 

དེ་ལྟ་བུའི་ཡུལ་གྱི་ཁྱད་འཕགས་རང་བཞིན་དེ་མི་དེ་བས་མང་བས་ཤེས་པ་དང་དེ་ལྟ་བུའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དེ་དཔལ་འབར་རྫོང་གི་རིག་གནས་ཡུལ་སྐོར་སྤུས་མཐོའི་གོང་འཕེལ་གྱི་མཐུན་རྐྱེན་དུ་འགྱུར་བར་བྱེད་ཆེད། དཔལ་འབར་རྫོང་མི་དམངས་སྲིད་གཞུང་གིས་ས་ཁོངས་མཚོན་རྟགས་ཞབས་ཞུའི་ཚན་པ་བོད་ལྗོངས་མཆོག་ནོར་ཞིབ་སྦྱོང་ལྟེ་གནས་ཀྱི་རོགས་དན་འོག་གོ་ལ་ཧྲིལ་པོར་ཀུན་གྱིས་ཁས་ལེན་པའི་དབང་གྲགས་དཔང་འདོན་སྒྲིག་གཞི་སྟེ་འཛམ་གླིང་ཟིན་ཐོའི་དཔང་འདོན་སྒྲིག་གཞི(WRCA)ལ་སྙན་ཞུ་ཁག་གཉིས་ཕུལ་ཡོད།

ཟླ་གཉིས་ལྷག་ཙམ་ཡུལ་དངོས་བརྟག་ཞིབ་དང་། གྲངས་གཞི་འཚོལ་ཞིབ། དཔྱད་དཔོག རིགས་འདེད་བཅས་བྱས་པ་བརྒྱུད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆེད་མཁས་པའི་བསམ་འཆར་གསན་རྗེས་མཐར་འཛམ་གླིང་ཟིན་ཐོའི་བདེན་དཔང་སྙན་ཞུ་ཁག་གཉིས་ཕུལ་བ་སྟེ“འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རང་བྱུང་མདོག་གསུམ་མཚོའི་མཛེས་ལྗོངས”དང“འཛམ་གླིང་ཐོག་རིམ་པ་ཉིས་བརྩེགས་ཀྱི་འཁྱགས་ཁུང་ཆེ་ཤོས”གཉིས་ཡིན།

དཔལ་འབར་རྫོང་ལ་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཡོད་པ་མ་ཟད། རིག་གནས་ཀྱི་མཁའ་དབུགས་ཀྱང་ཤིན་ཏུ་ཟབ་མོ་ཡོད། དཔལ་འབར་དགོན་དང་སྟག་རྫོང་རྗེས་ཤུལ།  གེ་སར་ལོ་རྒྱུས་སྙན་ངག་རིག་གནས་སོགས་ཚང་མ་ལོ་རྒྱུས་ཀྱི་ཤུལ་བཞག་ཤ་སྟག་ཡིན་པ་དང་རང་བྱུང་ཁམས་ཆེན་པོ་དང་མིའི་རིགས་ཀྱིས་ཐུན་མོང་ཐོག་བྲིས་པའི་བརྗིད་ཆགས་ཡིད་འོང་གི་སྙན་ངག་ཤ་སྟག་རེད།

དཔལ་འབར་རྫོང་གི་དུས་ཚིགས་བཞི་པོར་དམིགས་བསལ་ཁྱད་ཆོས་ལྡན་ཡོད་དེ། དཔྱིད་ཀར་སྟག་མའི་མེ་ཏོག་གི་མཛེས་པ་མྱོལ་རོལ་ཆོག་ལ།   དབྱར་ཁ་གླ་འཚེར་ནགས་གླིང་དུ་འཆམ་འཆམ་སྐྱོད་ཆོག  དེ་བཞིན་སྟོན་ཁའི་རིག་གནས་བཅར་འདྲི་དང་། དགུན་ཁའི་འཁྱགས་རོམ་གྱི་མཛེས་པ་བཅས་གང་ཡིན་རུང་། ཚང་མར་གཏམ་རྒྱུད་དང་ངོ་མཚར་མི་འདྲ་བ་རེ་རེ་ཡོད།

2024ལོའི་ཟླ་8ཚེས་1ཉིན་དེར་ང་ཚོས་མཉམ་དུ་འཛམ་གླིང་ཟིན་ཐོ་ཁས་ལེན་སྒྲིག་གཞི(WRCA)གཞུང་ཕྱོགས་ཀྱིས་དཔལ་འབར་རྫོང་གིས་ཕུལ་བའི་“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རང་བྱུང་མདོག་གསུམ་མཚོའི་མཛེས་ལྗོངས”དང་“འཛམ་གླིང་ཐོག་སྟེང་འོག་རིམ་པ་ཉིས་བརྩེགས་ཀྱི་འཁྱགས་ཁུང་ཆེ་ཤོས་”སྙན་ཞུ་ཁག་གཉིས་ལ། མཐའ་མའི་ཞིབ་བཤེར་གཏན་འབེབས་དང་ཁས་ལེན་ར་སྤྲོད་བྱ་རྒྱུ་རེད།

དེ་ནི་བོད་ཀྱི་ཁས་ལེན་ངོས་འཛིན་གྱི་དཔེ་མཚོན་ཐོག་མ་དེ་ཡིན་པས་གང་དེ་དཔལ་འབར་རྫོང་གི་རིག་གནས་ཡུལ་སྐོར་ལས་རིགས་གོང་འཕེལ་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། 

མཚན་སྙན་དེས་དཔལ་འབར་རྫོང་གི་རིག་གནས་ཡུལ་སྐོར་གྱི་སྙན་གྲགས་དང་ཤུགས་རྐྱེན་ཆེ་རུ་ཤུགས་ཆེན་བཏང་ནས་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་དང་དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐུབ་རྒྱུ་རེད།

ཁྱེད་ཅག་དཔལ་འབར་དུ་ཕེབས་ནས།  གནས་འདིའི་ངོ་མཚར་ཆེ་བའི་རང་བྱུང་ཁམས་ཆེན་པོའི་བཀའ་དྲིན་དང་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ལ་ཐུན་མོང་ཐོག་དཔང་པོ་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号