བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ། 

སྒོ་མེ་ཚེ་རིང་བཀྲ་ཤིས།


བཀྲ་ཤིས་ནི་ཁྱི་རྒན་ཞིག་གི་མིང་ཡིན། སྒྲོལ་མ་ནི་རྨོ་མོ་ཞིག་གི་མིང་ཡིན།

ཁྱི་རྒན་བཀྲ་ཤིས་ཤི་ནས་ལོ་མང་འགོར་ཟིན་ལ། རྨོ་མོ་སྒྲོལ་མའང་ཤི་ནས་ལོ་མང་འགོར་ཟིན།

དེ་ནི་ལོ་ངོ་མང་པོའི་སྔ་རོལ་ཏེ།དེ་དུས་ཕ་ཡུལ་གྲོ་ཞིང་ཁའི་རུ་བར་དུ་ག་ནས་ཡོང་བ་མི་ཤེས་པའི་ཁྱི་ལྡོམ་མང་པོ་མཐོང་རྒྱུ་ཡོད་ལ། ཁྱི་ལྡོམ་དེ་དག་ལས་མང་ཆེ་བར་ཁྱི་ཡི་མཚན་ཉིད་མི་ཚང་ཞེས་ཀྱང་བཤད་ཆོག་སྟེ།ཁྱི་ལ་ཡོད་འོས་པའི་ཟུག་སྐད་འབྱིན་མི་ཤེས་ཤིང། ཁྱི་ལ་ཡོད་འོས་པའི་བཙན་ངར་ཡང་མེད་པར། ཁྱི་ལྡོམ་དེ་དག་གིས་མི་ཞིག་མཐོང་བའི་མོད་ལ་མགོ་སྒུར་སྒུར་དང་རྔ་མ་གཡུག་གཡུག་བྱས་ནས་བྲོས་འགྲོ་བས།ང་དང་ངའི་རྩེ་རོགས་བྱིས་པ་ཚོ་ཡང་ཁྱི་དེ་རིགས་ལ་མི་སྐྲག་པར་མ་ཟད།  ཐ་ན་གང་ནས་འཕྲད་ཀྱང་རྡོ་རྡུང་བྱས་ནས་ཡར་བདའ་མར་བདའ་བགྱིས་པ་ཡིན། ཡིན་ནའང་ད་ལྟ་ཕ་ཡུལ་གྲོ་ཞིང་ཁའི་རུ་བར་དུ་ཁྱི་ལྡོམ་གཅིག་ཀྱང་མཐོང་རྒྱུ་མི་འདུག ཁྱི་ལྡོམ་རྣམས་སྔར་ནས་ཕ་ཡུལ་གྲོ་ཞིང་ཁའི་འདབས་འབྲེལ་གྱི་རྒྱ་སྡེ་དེ་དག་གི་ཁ་ཟས་སུ་གྱུར་ཟིན།ཁྱི་ལྡོམ་དེ་དག་ཁྲོད་ཀྱི་ཁྱི་རྒན་ཞིག་ནི་བདག་གིས་ནམ་ཡང་བརྗེད་ཐབས་མི་འདུག་སྟེ།  དེ་ནི་གོང་དུ་གླེང་བའི་ཁྱི་རྒན་བཀྲ་ཤིས་ཞེས་པ་དེ་ཡིན།

ཁྱི་རྒན་བཀྲ་ཤིས་ནི་ཁྱི་ལྡོམ་མང་པོའི་ཁྲོད་ཀྱི་ལས་བསོད་ཅན་གྱི་ཁྱི་རྒན་ཞིག་ཡིན། དེ་ལྟར་བཤད་དོན་ནི་ཁྱི་རྒན་བཀྲ་ཤིས་ལ་ཁྱི་ལྡོམ་གཞན་ལ་མེད་པའི་འཇོན་ཐང་མང་པོ་ངོམ་རྒྱུ་ཡོད་པ་རེད། ཁྱོད་ཀྱིས་ཁྱི་རྒན་བཀྲ་ཤིས་ལདད་པ་བྱ་རོགསཞེས་བརྗོད་པའི་ཚེ་ན།  ཁྱི་རྒན་བཀྲ་ཤིས་རྐང་པ་གཉིས་ཀར་བརྟེན་ནས་ཡར་འགྲེང་ཞིང་ལག་ཟུང་གིས་ཐལ་མོར་སྦྱོར་བར་བྱེད་ལ།   ཁྱེད་ཀྱིས་ཁྱི་རྒན་བཀྲ་ཤིས་ལ“མ་ཎི་འདོན་རོགས”ཞེས་བསྐུལ་བའི་ཚེ་ན།ཁྱི་རྒན་བཀྲ་ཤིས་ཀྱིས་ཁ་ནས“ཨུམ་ཨུམ”ཞེས་སྒྲ་འབྱིན་པར་བྱེད་པས།དམ་པ་ལྷ་ཆོས་ལ་དད་པ་རྩེ་གཅིག་ཏུ་བསྒོམས་པའི་རྨོ་མོ་སྒྲོལ་མས།ཁྱི་རྒན་འདིས་སྐྱེས་པ་ཁྱི་ལུས་བླངས་པ་མ་གཏོགས་རྣམ་ཤེས་དགའ་ཞིག་ཡིན་པ་གདོན་མི་ཟ་ཞེས་རང་ཁྱིམ་གྱི་སྒོ་ཁར་ཁྱི་ཁང་དྲོན་པོ་ཞིག་ལས་ཤིང་།ཁྱི་རྒན་གྱི་མིང་ལའང་བཀྲ་ཤིས་ཞེས་པའི་མི་མིང་དེ་བཏགས་པ་རེད།རྨོ་མོ་སྒྲོལ་མའི་ཁྱོ་ག་སྤོ་བོ་རིག་འཛིན་ནི་ང་ཚོའི་ཡུལ་ཕྱོགས་སུ་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་པའི་སྔགས་རྒན་ཞིག་ཡིན་པས།ཁོ་ཡང་རྨོ་མོ་སྒྲོལ་མའི་གཏམ་ལ་ཡིད་ཆེས་ཆེན་པོ་བྱུང་།  ཁོ་རྒན་རྒོན་གཉིས་ལ་བུ་དང་བུ་མོ་གཅིག་ཀྱང་མེད་པས།རྒྱུན་དུ་ཁྱི་རྒན་བཀྲ་ཤིས་ནི་བུ་ཞིག་གི་ཚད་ལ་བཞག་སྟེ་ཟས་གང་ཞིམ་སྟེར་བཞིན་ཡོད།དེ་བས་ཁྱི་རྒན་བཀྲ་ཤིས་ཀྱིས་ཁྱི་ལྡོམ་གཞན་དག་དང་འདྲ་བར་ཟས་འཚོལ་མི་དགོས་པར་རང་འགྲུབ་ཡིན་ལ། བཏགས་ཁྱི་གཞན་དག་དང་འདྲ་བར་སྐེ་ལ་ལྕགས་ཐག་སྦྲེལ་མི་དགོས་པར་རང་དབང་ཡིན་པས། ཁྱི་ཞིག་ལ་མཚོན་ན་ཁྱི་རྒན་བཀྲ་ཤིས་ལས་སྐྱིད་པོ་ཞིག་ཡོད་མི་སྲིད།སྡེ་མི་ཀུན་གྱིས་ཀྱང་ཁྱི་རྒན་བཀྲ་ཤིས་ཁྱི་ཞིག་གི་ཚད་ལ་མི་འཇོག་པར“རྨོ་མོ་སྒྲོལ་མ་ཚང་གི་བཀྲ་ཤིས”ཞེས་འབོད་པར་བྱེད།

ཁྱི་རྒན་བཀྲ་ཤིས་ཁྱི་ལྡོམ་ཞིག་ནས་རྨོ་མོ་སྒྲོལ་མ་ཚང་གི་བཀྲ་ཤིས་སུ་གྱུར་པ་ནས།བལྟས་བལྟས་ལ་རྒྱགས་པ་ཆགས་ཤིང་སྤུ་མདོག་ཀྱང་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར།  དེ་ནི་ཕ་ཡུལ་གྲོ་ཞིང་ཁའི་ཡུལ་མི་རྣམས་ལ་མཚོན་ན་དགའ་འོས་པའི་དོན་དག་ཅིག་མིན་ལ་སྐྱོ་དགོས་པའི་དོན་དག་ཅིག་དེ་བས་ཀྱང་ག་ལ་ཡིན།   ཡིན་ནའང་ང་ལ་མཚོན་ན་དེ་ནི་དགའ་འོས་པའི་དོན་དག་ཅིག་གཏན་ནས་མིན་པ་མ་ཟད་སྐྱོ་དགོས་པའི་དོན་དག་ཅིག་ཏུ་གྱུར།  དེའི་རྒྱུ་མཚན་ནི་ངའི་རྩེ་རོགས་ཚོས་ཁྱི་རྒན་བཀྲ་ཤིས་ལ“རྨོ་མོ་སྒྲོལ་མ་ཚང་གི་བཀྲ་ཤིས”ཞེས་འབོད་པའི་མཚུངས་སུ་ངའི་མིང་ལ་ཁྱི་རྒན་བཀྲ་ཤིས་ཞེས་འབོད་པས། ཐོག་མར་ང་རང་རྩེ་རོགས་ཚོའི་སྟེང་དུ་སྙིང་ལངས་པ་དང་། མཐའ་མར་རྨོ་མོ་སྒྲོལ་མའི་སྟེང་དུ་སྙིང་ལངས་འོངས། ཁོས་ཁྱི་རྒན་དེའི་མིང་ལ་ཚེ་རིང་དང་དོན་འགྲུབ། ཡང་ན་རྡོ་རྗེ་དང་འཇིགས་མེད་སོགས་གང་བཏགས་ན་བཏགས།བསམ་གཟས་ནས་ངའི་མིང་ཁྱི་རྒན་དེར་འདོགས་དོན་ཅི་ཡིན་ནམ། 

ཁྱི་རྒན་བཀྲ་ཤིས་ནི་སྔོན་དང་མི་འདྲ་བར་རྨོ་མོ་སྒྲོལ་མས་ཁོའི་སྐེ་ལ་བཏགས་པའི་གཡེར་དྲིལ་དེ་ཕར་གཡུག་ཚུར་གཡུག་བྱེད་ཅིང་། དྲིལ་སྒྲ་སིང་སིང་དུ་སྒྲོག་བཞིན་ཕ་ཡུལ་གྲོ་ཞིང་ཁའི་རུ་བར་ཀུན་ཏུ་ཧང་འགྲོས་བྱེད།དེའི་མཚུངས་སུ་ཁྱི་རྒན་བཀྲ་ཤིས་ཞེས་ངའི་མིང་ལ་བཏགས་པའི་མཚང་མིང་དེ་ཡང་།  སྡེ་བ་ཡར་ནང་མར་ནང་ཀུན་གྱི་བྱིས་པ་ཚོའི་ཁ་ན་རྨོ་མོ་སྒྲོལ་མ་ཚང་གི་བཀྲ་ཤིས་ཀྱི་སྐེ་ལ་བཏགས་པའི་གཡེར་དྲིལ་བཞིན་སིང་སིང་དུ་གྲགས་འོངས།  ང་རང་སློབ་གྲྭར་སོང་ཚེ་སློབ་གྲོགས་ཚོས་ཀྱང་ང་ལ་ཁྱི་རྒན་བཀྲ་ཤིས་ཞེས་འབོད་པས། ངས་ང་ལ་ཁྱི་རྒན་བཀྲ་ཤིས་ཞེས་འབོད་པའི་སློབ་གྲོགས་ཚོར་རེ་རེ་བཞིན་རྡུང་རེས་བརྒྱབ་ནས་མགོ་རྔ་མ་ཕུད་སོང་།དེའི་དོན་དུ་ངས་སློབ་གྲོགས་ཚོར་ཁ་ཁྲག་སྣ་ཁྲག་བཞུར་དུ་བཅུག་པ་ཐེངས་མང་ཡིན་ལ།དེ་བཞིན་སློབ་གྲོགས་ཚོས་ང་ལ་ཁ་ཁྲག་སྣ་ཁྲག་བཞུར་དུ་བཅུག་པ་ཡང་ཐེངས་མང་ཡིན། ཡིན་ནའང་དེས་ང་ལ་ཁྱི་རྒན་བཀྲ་ཤིས་འབོད་པ་དེར་བཀག་འགོག་བྱ་མ་ཐུབ། ལྡོག་སྟེ་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ང་རང་མི་མང་གི་གྲས་སུ་བརྩེངས་ཤིང་ངའི་ལག་མཐིལ་དུ་ལྕང་ལྕུག་གིས་བྲབས་ཏེ།ང་ནི་སློབ་གྲོགས་བར་དུ་མཐུན་སྒྲིལ་མི་བྱེད་པའི་གཏེ་བོ་རེད་ཅེས་བསྒྲགས་པ་མ་ཟད།རྒྱུན་དུ་ང་རང་རེས་མོས་པ་མིན་ནའང་སློབ་ཁང་ནང་གཙང་སྦྲ་བྱེད་པའི་ཆད་པ་བཅད་པ་རེད།སྔོན་ཆད་ང་ནི་འཛིན་གྲྭའི་ནང་གི་སློབ་སྦྱོང་རྩེ་གྲའི་གྲས་ཡིན་ཞིང་།  ད་དུང་འཛིན་གྲྭའི་སློབ་སྦྱོང་ཨུ་ཡོན་གྱི་འགན་ཡང་ཁུར་ཡོད།  ཡིན་ནའང་དེ་ནས་བཟུང་ངའི་སེམས་མི་སྐྱིད་པར་གྱུར་པས་སློབ་སྦྱོང་བྱ་འདོད་ཀྱི་འདུན་པའང་རིམ་གྱིས་ཉམས་སོང་།སློབ་སྦྱོང་བྱ་འདོད་ཀྱི་འདུན་པ་ཉམས་པ་དེས་ངའི་སློབ་སྦྱོང་གི་གྲུབ་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཏེ། མཇུག་རྒྱུགས་ཀྱི་སྐབས་སུ་ང་ནི་འཛིན་གྲྭའི་ནང་སློབ་སྦྱོང་ཆེས་ཞན་པའི་གྲས་སུ་ལྷུང་སོང་།དེའི་རྐྱེན་གྱིས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་འཛིན་གྲྭ་གང་བོའི་མདུན་ནས་ངའི་སློབ་སྦྱོང་ཨུ་ཡོན་གྱི་མིང་བཏགས་བླངས་པ་ཡིན་ཞེས་བསྒྲགས་ཤིང་། འཛིན་གྲྭའི་ཨུ་ཡོན་གྱི་མིང་བཏགས་རྒྱུན་དུ་ང་ལ་ཁྱི་རྒན་བཀྲ་ཤིས་ཞེས་འབོད་པའི་འཇིགས་མེད་ཁ་རྐོ་ལ་གནང་སོང་།  དེ་ནི་ང་ལ་མཚོན་ན་ཀུན་གྱིས་ཁྱི་རྒན་བཀྲ་ཤིས་ཞེས་བོས་པ་ལས་ཀྱང་སྐྱོ་དགོས་པའི་དོན་དག་ཅིག་ཏུ་གྱུར།   ད་དུང་དེ་ཙམ་གྱིས་ག་ལ་ཚད་དེ།  སློབ་སྦྱོང་ལ་ཇེ་ཞན་དུ་སོང་བ་ནས་ཨ་ཕའི་གདོང་གི་འཛུམ་མདངས་ཀྱང་ཉིན་རེ་ནས་ཉིན་རེར་ཇེ་ཉུང་དུ་སོང་ཞིང་།མཐའ་མར་ཨ་ཕའི་སྒོ་ལེབ་ལྟ་བུའི་ལག་པ་དེ་རྒྱུན་དུ་ངའི་གདོང་ལ་འབབ་རྐྱང་བྱེད་པས།  ངའི་སེམས་སུ་ང་ནི་སུས་ཀྱང་བློར་མི་འབབ་པའི་བྱིས་པ་ཞིག་ཏུ་གྱུར་སོང་སྙམ་ཞིང་། མཚན་མོ་མང་པོར་མགོ་བོ་མལ་ཐུལ་གྱིས་བཏུམས་ནས་ཡང་ཡང་ངུས་པ་ཡིན།

དེ་ནི་གཟའ་ཉི་མའི་ཉིན་ཞིག་ཡིན།ཉིན་དེར་ཕ་མ་གཉིས་ཀ་ལས་ཀར་སོང་ཤུལ་དུ་ང་གཅིག་པུ་ཁྱིམ་དུ་བསྡད་ཡོད།    སྡེ་བའི་ནང་གི་བྱིས་པ་ཚོས་ང་རང་སྔར་ནས་རྩེ་རོགས་སུ་མི་ཐེ་བས་ད་ནི་ང་ལ་འགྲོ་ས་ཞིག་ཀྱང་མི་འདུག  སྐབས་དེར་ངའི་སེམས་སུ་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་སྐད་ཆ་དེ་དག་དྲན་བྱུང་།ཁོས་ངའི་འཛིན་གྲྭའི་ཨུ་ཡོན་གྱི་མིང་བཏགས་བླངས་ནས་འཇིགས་མེད་ཁ་རྐོར་གནང་བའི་ཉིན་དེར།ཁྲིད་སྟེགས་སྟེང་ནས་མར་འཁོར་ཏེབཀྲ་ཤིས་ནི་ང་ཚོའི་འཛིན་གྲྭའི་ཞབས་འདྲེན་ཡིན་པས།རྗེས་སུ་ཁྱོད་ཅག་གིས་བཀྲ་ཤིས་ལ་གཏན་ནས་སློབ་སྦྱོང་བྱ་མི་ཉན།བཀྲ་ཤིས་ལ་སློབ་སྦྱོང་བྱས་ན་མཇུག་འབྲས་འདི་ཡིནཟེར་ཞོར་གྲལ་མགོར་བསླངས་པའི་ང་ལ་འགྲམ་ལྕག་ཚ་ཐག་པ་ཆོད་པ་ཞིག་གཞུས་སོང་། དགེ་རྒན་རིག་འཛིན་རྡོ་རྗེ་ཡི་འགྱུར་ལྡོག་དེ་ནི་དངོས་གནས་ཧ་ལས་པ་ཞིག་སྟེ།  སྔོན་ཆད་ཡིན་ན་ནམ་ཡངསློབ་གྲོགས་བཀྲ་ཤིས་ལ་སློབ་སྦྱོང་བྱ་དགོསཞེས་ཀུན་གྱི་མདུན་དུ་ང་ནི་མཐེ་བོང་སྟོན་ས་ཞིག་ཡིན་ལ།དེ་དུས་ངའི་སེམས་ཁོང་དུ་དགེ་རྒན་རིག་འཛིན་རྡོ་རྗེ་ནི་རང་ཉིད་ཆེས་དགའ་མོས་བྱེད་སའི་དགེ་རྒན་ཞིག་ཏུ་རྩི་བཞིན་ཡོད། ངས་ད་དུང་མ་འོངས་པར་དགེ་རྒན་རིག་འཛིན་རྡོ་རྗེ་ལྟ་བུའི་དགེ་རྒན་ཞིག་བྱ་རྒྱུ་རང་གི་ཕུགས་བསམ་ཡིན་ཞེས་རྩོམ་ཡིག་ཏུ་ཡང་བྲིས་མྱོང་།ཐ་ན་ནམ་ཞིག་རང་ཉིད་ལས་བྱེད་པར་གྱུར་ཅིང་ཟླ་ཕོགས་བླངས་ཚེ་དགེ་རྒན་རིག་འཛིན་རྡོ་རྗེ་ལ་ཀ་ར་མང་པོ་མང་པོ་ཉོ་རྒྱུ་ཞེས་སློབ་གྲོགས་ཚོར་ཡང་བཤད་མྱོང་། ཡིན་ནའང་ད་ནི་དགེ་རྒན་རིག་འཛིན་རྡོ་རྗེ་མཐོང་མ་ཐག་སྤྱི་བདེ་མི་སྣ་མཐོང་བ་བཞིན་ང་ནི་སྐྲག་སྟེ་ཉྭ་ཡང་ལྷེམ་ལྷེམ་བྱེད་ལ།ཁོ་ནི་ང་རང་ཆེས་མི་དགའ་བའི་དགེ་རྒན་ཞིག་ཏུ་གྱུར་སོང་།  ངས་དེ་དག་དྲན་བཞིན་དྲན་བཞིན་དགེ་རྒན་རིག་འཛིན་རྡོ་རྗེ་ལ་སྐྱིན་པ་ཞིག་ལེན་དགོས་སྙམ་ཞིང་།དེ་ནས་ངས་སྐྱིན་པ་ཇི་ལྟར་ལེན་པའི་སྐོར་ལ་འདང་བརྒྱབ་བརྒྱབ་རྗེས་འཆར་གཞི་ཞིག་ཡིད་ལ་འཁོར་བྱུང་།

ང་རང་སུས་ཀྱང་མི་མཐོང་བར་བྱས་ནས་སློབ་གྲྭའི་གྱང་ཁར་འགོས་ཏེ་ནང་དུ་ཕྱིན་པ་ན། གཟའ་ཉི་མའི་ཉིན་གྱི་སློབ་གྲྭ་ནི་བདག་པོས་བོར་བའི་ར་སྟོང་ཞིག་དང་འདྲ་བར་སྟོང་ཧང་ཧང་དུ་འདུག་ལ།  དུས་རྒྱུན“ཏིང་ཏིང་ཏིང”གྲགས་པའི་ཅོང་རྙིང་དེ་ཡང་སྡོང་སྐམ་དེའི་ཡལ་གའི་སྟེང་དུ་གཉིད་ལ་ཤོར་བ་བཞིན་ཁུ་སིམ་མེར་འདུག  ང་ནི་རྐུན་མ་ཞིག་དང་འདྲ་བར་འཇབ་ཀྱིན་འཇབ་ཀྱིན་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གཞུང་ལས་ཁང་གི་སྒོ་ཁར་སོང་ཞིང་།ཤེལ་སྒོ་མེད་པའི་སྒེའུ་ཁུང་ཆག་པོ་དེ་ལས་ནང་དུ་འཛུལ་བ་ན། གཞུང་ལས་ཁང་དུ་དགེ་རྒན་རིག་འཛིན་རྡོ་རྗེ་མེད་ཀྱང་སྣང་བ་ཞིག་ལ་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་ཕྱིན། ཡིན་ནའང་ངས་རང་གིས་རང་ལ་སྙིང་ཕུར་རྡེབ་བཞིན་ཁ་ནས“དགེ་རྒན་རིག་འཛིན་རྡོ་རྗེ་ཁྱི་སྐྱག”ཅེས་སྡིགས་མོ་བྱེད་བཞིན། ཁོའི་གཞུང་ལས་ཁང་གི་ཐང་གཅལ་དུ་སྐྱག་རྒན་ཞིག་བཏང་བ་ཡིན།དེས་ཀྱང་ངའི་སྙིང་ནད་དྭངས་ཐབས་མེད་པས་ཁོའི་སྒྲོག་ཙེའི་སྟེང་གི་ལས་བྱ་ཞུ་དག་བྱེད་སྤྱད་ཀྱི་སྨྱུ་གུ་དམར་པོ་དེ་བླངས་ནས་སྐྱག་རྒན་གྱི་སྟེང་དུ་འཛེར་བ་ན། སེམས་ཀྱི་ག་ཤེད་ཅིག་ནས་ཅི་ཞིག་དྭངས་སོང་བ་དང་འདྲ།  དེ་ནས་ང་རང་སླར་ཡང་སྒེའུ་ཁུང་ཆག་རོ་དེ་ལས་ཕྱིར་བུད་དེ་ཁ་རོག་གེར་ཡུལ་དུ་ལོག་པ་ཡིན།ད་ནི་རང་གིས་རླབས་ཆེ་བའི་བྱ་བ་ཞིག་བསྒྲུབས་སོང་སྙམ་ནས་སེམས་པ་དགའ་ཡལ་ལེ་འགྲོ་དུས།  ང་རང་ཏག་ཏག་ཁྱི་རྒན་བཀྲ་ཤིས་ཀྱིས་སྐེ་ཡི་གཡེར་དྲིལ་སིང་སིང་དུ་དཀྲོལ་བཞིན་འགྲོ་བ་དང་འཕྲད་བྱུང།དེས་ངའི་སེམས་ཀྱི་དགའ་སྣང་མ་ལུས་རྩ་བ་ནས་བཅོམ་སོང།ངས་ཐང་ནས་སྤོ་ཐོ་ཞིག་བཏུས་ཏེ་བརྒྱབ་པ་ན་ཁྱི་རྒན་བཀྲ་ཤིས་ཀྱིས་རྔ་མ་གཡུག་བཞིན་གཡུག་བཞིན་བྲོས་སོང་། ངས་དེའི་གཞུག་ལ་མཆིལ་ཞགས་ཤིག་འཕངས་རྗེས་ཁྱིམ་དུ་འཛུལ་བ་ཡིན། 

གཟའ་ཟླ་བའི་ཞོགས་པར་སློབ་གྲོགས་ཚོ་སྔ་མོ་ནས་སློབ་གྲྭར་བསླེབས་ཤིང་།སློབ་གྲྭའི་ར་སྐོར་ནང་དུ་ཐང་ལ་ཡི་གེ་འབྲི་བཞིན་འདུག  ངས་ཀྱང་དཔེ་ཁུག་སྒྲོག་ཙེ་ནང་བཞག་རྗེས་སློབ་གྲོགས་ཚོའི་གྲས་སུ་འཛུལ་ཏེ་ཡི་གེ་འབྲི་ཁུལ་བྱས་པ་ཡིན།དེ་དུས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཐ་མག་སྔོ་ལྷོག་གེར་འཐེན་བཞིན་སློབ་གྲྭའི་སྒོ་ཆེན་འཛུལ་ནས་ཡོང་གིན་འདུག  ངས་ཁོས་ཅི་བྱེད་ལ་བལྟས་ནས་བསྡད་པ་ན།ཁོ་རང་སྔོན་ལ་སློབ་གྲོགས་ཚོས་ཡི་གེ་འབྲི་བཞིན་པའི་གམ་དུ་ཡོང་ནས་ཞིབ་ལྟ་ཞིག་བྱས་རྗེས། ཁ་ནང་ནས་ལུད་པ་ལུག་རོ་འདྲ་ཞིག་ཅལ་སེ་འཕངས་རྗེས་གཞུང་ལས་ཁང་གི་ཕྱོགས་སུ་བུད་སོང་།

དེ་ནས་ངས་ཁོས་ཅི་ཞིག་བྱེད་པར་རྟོགས་བཟོ་བྱས་པ་ན།   ཅུང་མ་འགོར་བར་ངས་རྟོགས་བཟོ་བྱས་པའི་བྱ་བ་རྣམས་ཁོའི་སྟེང་ནས་རེ་རེ་བཞིན་མངོན་བྱུང་། ཐོག་མར“ཨ་བ་ཨ་མ”ཞེས་སྡིགས་མོ་ཞིག་བྱས་ཤིང་།དེ་ནས་ལག་པས་སྣ་བ་བཏུམས་ཞིང“ཕེ་ཕེ་ཕེ”ཞེས་མཆི་མ་འདེབས་ཀྱིན་ཕྱི་རོལ་ཏུ་འདུར་མ་རྒྱུག་གིས་བསླེབས་བྱུང་།ཁོས་སྐད་འགྲགས་འགྲགས་ངང་ང་ཚོར་ཕྱོགས་ཏེ“ཁྱི་སྐྱག་ཆ་བོ་མྱུར་དུ་འདིར་ཤོག་ལ་རུ་བསྒྲིགས་རོགས” ཞེས་སྐད་བརྒྱབ་པ་ན། སློབ་གྲོགས་ཚོས་ཅི་ཡིན་འདི་ཡིན་མ་ཤེས་པར་ཁོར་ཧད་འདུག ཁོས་ཡང་བསྐྱར“ཁྱི་སྐྱག་ཆ་བོ་མྱུར་དུ་འདིར་ཤོག་ལ་རུ་བསྒྲིགས་ཞེས་པ་མི་གོའམ”ཟེར།  དེ་དུས་སློབ་གྲོགས་ཚོ་གློ་བུར་དུ་སད་པ་བཞིན་གཞུང་ལས་ཁང་གི་མདུན་ཐད་དུ་བརྒྱུགས་ནས་རུ་བསྒྲིགས་སོང་།སྐབས་དེར་ངའི་སེམས་ཀྱི་སྤྲོ་སྣང་ཡང་རིམ་གྱིས་སྐྲག་སྣང་དུ་འགྱུར་མགོ་བརྩམས།  

“སུ་ཡིན། མྱུར་དུ་ཁས་ལོངས།”

སློབ་གྲོགས་ཚོས་ཅི་ཡིན་མ་ཤེས་པར་ཕན་ཚུན་གྱི་གདོང་ལ་ལྟ་བཞིན་འདུག   ངས་ཀྱང་མ་ཤེས་ཁུལ་བྱས་ནས་སློབ་གྲོགས་ཚོའི་གདོང་ལ་བལྟས་པ་ཡིན།

“ཨ་བ་ཨ་མ། ངའི་གཞུང་ལས་ཁང་དུ་སྐྱག་པ་གཏོང་མཁན་སུ་ཡིན།”

སློབ་གྲོགས་ཚོ་སྔར་བཞིན་ཁུ་སིམ་མེར་བསྡད།

སྐབས་དེར་དགེ་རྒན་རིག་འཛིན་རྡོ་རྗེ་སློབ་གྲོགས་ཚོའི་གསེང་ནས་ཡར་མགྲོ་མར་འགྲོ་ལན་འགའ་བྱས་རྗེས།“ཚང་མས་རྐང་པ་གནམ་ལ་ཁྱོགས”ཟེར། སློབ་གྲོགས་ཚོས་ཅི་ཡིན་མ་ཤེས་པར་རྐང་པ་གནམ་ལ་འགྱོགས་མགོ་བརྩམས།ངའི་སྙིང་ནི་ལྟིག་ལྟིག་ཏུ་ལྡིང་བཞིན་འདུག་ནའང་།དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་རྐང་པ་གནམ་ལ་ཁྱོགས་ཟེར་དོན་ངས་ཀྱང་མ་ཤེས།  ངས་རང་གི་སེམས་ཀྱི་སྐྲག་སྣང་སྦ་ཆེད་རྐང་པ་ནི་གཞན་ཀུན་ལས་ཀྱང་མཐོ་རུ་བཀྱགས་པ་ཡིན། དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་མགོ་བོ་བསྒུར་ནས་སློབ་གྲོགས་རེ་རེའི་ལྷམ་མཐིལ་ལ་ལྟ་བཞིན་འདུག དགེ་རྒན་རིག་འཛིན་རྡོ་རྗེ་ངའི་གམ་དུ་བསླེབས་པ་དང་སློབ་གྲོགས་གཞན་ཀུན་ལས་ཀྱང་ལྟ་ཡག་ཅིག་བྱས་སོང་།དེ་ནས་ཁོས་མུ་མཐུད་དུ་སློབ་གྲོགས་གཞན་དག་གི་ལྷམ་མཐིལ་དུ་མི་ལྟ་བར་ངའི་སྐྲ་ནས་འཇུས་ཏེ་ཕྱིར་འཐེན་བྱུང་ལ།སློབ་གྲོགས་ཀུན་ལ།“སོང་། ཡི་གེ་འབྲི་རུ་སོང”ཟེར།དེ་དུས་དགེ་རྒན་གཞན་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ངང་བསླེབས་བྱུང་།  ཁོ་ཚོས་ཧ་ལས་པའི་ཉམས་ཀྱིས་ང་དང་དགེ་རྒན་རིག་འཛིན་རྡོ་རྗེ་གཉིས་ལ་བལྟས་འདུག   དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་ཐད་ཀར་ང་རང་ཁོའི་གཞུང་ལས་ཁང་དུ་དྲུད་ཅིང་།  དེ་ནས་ང་ལ“ཁྱོད་བུ་ངར་བ་རེད་ལ།  ངའི་གཞུང་ལས་ཁང་དུ་སྐྱག་པ་ཐོངས་ཞེས་ཁྱོད་ལ་སུས་བཤད་པ་ཡིན།  ཁྱོད་ཀྱིས་ཨ་ཕས་བཤད་དམ་ཨ་མས་བཤད།  ཁྱོད་ཀྱིས་ཇི་ལྟར་བཏང་བ་དེ་ལྟར་ཉ་ར་བྱོས།ཨེ་གོ་ཐལ”ཟེར་ཞོར་ང་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས། ངས་བཏང་བའི་སེར་ལམ་ལམ་གྱི་སྐྱག་རྒན་དེ་ནི་དེ་ལྟར་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གཞུང་ལས་ཁང་གི་ཐང་གཅལ་དུ་དྲི་ངན་ཞིག་དང་བསྡོངས་ནས་ཀྲོང་ངེར་འགྱིང་འདུག་ཅིང་། དེའི་སྟེང་དུ་འཛེར་བའི་སྨྱུ་གུ་དམར་པོ་དེ་ནི་དམག་དཔུང་གང་ཞིག་གིས་ཕ་རོལ་པོ་ཕམ་པར་བརྒྱབ་རྗེས་ཤུལ་དུ་བསླངས་པའི་དར་ཆ་ཞིག་དང་འདྲ།སྐྱག་སྦྲང་ཞིག་ཝང་སྒྲ་དང་བཅས་འཐབ་འཛིང་གནམ་གྲུ་ཞིག་དང་འདྲ་བར་འཕུར་ཡོང་སྟེ་སེར་ལམ་ལམ་གྱི་སྐྱག་པའི་སྟེང་དུ་བབས་བྱུང་། དེ་ལྟར་དྲན་མུར་གློག་བརྙན་ནང་མཐོང་བའི་ཀྲུང་འཇར་བར་གྱི་ཛ་དྲག་གི་དམག་འཁྲུག་ཅིག་ཀྱང་ཡིད་ལ་འཁོར་འོངས། སྐབས་དེར་ངས་དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་སྐྱག་རྒན་དེ་གཏོང་མཁན་ང་ཡིན་པ་ཇི་ལྟར་ཤེས་སོང་བ་གསལ་བོར་རྟོགས་སོང་།མ་གཞི་སྐྱག་རྒན་དེའི་མཐའ་རུ་ངའི་མཛེར་རིས་ཅན་གྱི་ལྷམ་དེའི་རྐང་རྗེས་གསལ་བོར་བབས་འདུག  ངས་ད་གཟོད་ང་ཚོའི་སློབ་གྲྭའི་ནང་དུ་ལྷམ་མཐིལ་མཛེར་རིས་ཅན་གྱོན་མཁན་ང་གཅིག་པུ་ལས་མེད་པ་དྲན། ཞོགས་པ་དེའི་འཐབ་འཁྲུག་ཁྲོད་ང་ནི་འཇར་དམག་དང་དགེ་རྒན་རིག་འཛིན་རྡོ་རྗེ་ནི་ཀྲུང་དམག་ཏུ་གྱུར།

ངས་དེ་ལྟར་སྐྱག་རྒན་དེར་བལྟས་ཏེ་སེམས་པ་རྟོགས་འགྱུའི་ཀློང་དུ་འཁྱུག་སྐབས། དགེ་རྒན་རིག་འཛིན་རྡོ་རྗེ་ཡི་ནག་ཐིང་ཐིང་གི་གྲིབ་གཟུགས་ཀྱིས་ངའི་སྐྱག་པའི་སྟེང་འཕྲོས་པའི་སེར་ལམ་ལམ་གྱི་ཉི་འོད་བསྒྲིབས་པ་དང་།སྐྱག་རྒན་དེའི་སེར་མདངས་ཀྱང་འཕྲལ་དུ་མོག་པོར་བཏང་།  དེ་དུས་འཐབ་འཛིང་གནམ་གྲུ་ཡང་ཝང་སྒྲ་དང་བཅས་གང་ཞིག་ཏུ་འཕུར་སོང་།དགེ་རྒན་རིག་འཛིན་རྡོ་རྗེས་དྲ་མའི་ཕྱི་རོལ་ཏུ་ནག་འཚུབ་བེར་འགྲེངས་ཏེ་སྒེའུ་ཁུང་ཐག་ཐག་ཏུ་རྡུང་བཞིན“ཁྱོད་ཀྱིས་དེ་ཟ་རྒྱུ་ཡིན་ནམ”ཟེར།ཁོས་དེ་ལྟར་བཤད་རྗེས་ང་ལ་ཐ་ན་ཤོག་བུ་ལེབ་མོ་ཞིག་ཀྱང་མ་བྱིན།  ཁོས་ང་ལ“ལག་པས་ཉ་ར་བྱོས”ཟེར། ལས་ལེགས་པ་ཞིག་ལ་སྐྱག་པ་ནི་སྔོན་ཉིན་མོར་བཏང་པ་ཡིན་པས་སྲ་ཀུན་ནས་ཆགས་འདུག  ངས་རང་གིས་བཏང་པའི་སྐྱག་པ་རང་གི་ལག་པས་འཁྱེར་ནས་སོང་བ་ཡིན།དེ་དུས་ཐང་ལ་ཡི་གེ་འབྲི་བཞིན་པའི་སློབ་གྲོགས་ཀུན་གྱིས་ཡི་གེ་འབྲི་མཚམས་བཞག་ནས་ང་ལ་མིག་གིས་རིག་རིག་ངང་ལྟ་བཞིན་འདུག  ང་རང་ཞོགས་པ་དེའི་དེ་འདྲའི་སྡུག་ཅིག་ལ་འཕྲད་མ་མྱོང་། དེས་ངའི་རྩིས་ཐང་ཏིལ་འབྲུ་ཙམ་པོ་ཀུན་ནས་བཅོམ་ཞིང་གདོང་ནི་ཚ་ལམ་ལམ་དུ་བཏང་།ངས་དེ་ལྟར་སྐྱག་པ་སྐམ་པོ་དེ་འཁྱེར་ནས་སློབ་གྲོགས་ཚོས་སྤྱོད་ཁང་དུ་འབོད་པའི་ཚེར་ཕུང་ཆེན་པོ་དེའི་རྒྱབ་ཏུ་གཡུགས་ནས་ཕྱིར་འོང་དུས། རྨོ་མོ་སྒྲོལ་མ་ཚང་གི་ཁྱི་རྒན་བཀྲ་ཤིས་གང་ཞིག་ནས་འཇུར་ཡོང་བ་མ་ཤེས་མོད།  ཆེད་དུ་བདག་ལ་བརྙད་རྐོ་བ་བཞིན་ང་ལ་ཕྱོགས་ནས་འབ་སྐད་འགའ་བྱུངས་རྗེས།ཕ་གིའི་ཆུ་ཁུང་ནང་དུ་འཛུལ་ནས་བྲོས་སོང་།

དགེ་རྒན་རིག་འཛིན་རྡོ་རྗེ་ཡིས་རྣམ་པ་དེའི་མཐོང་བའི་མོད་ལ།མགྲིན་པ་བསངས་ཙམ་བྱས་ཏེ “ཁྱོད་ནི་རྨོ་མོ་སྒྲོལ་མ་ཚང་གི་བཀྲ་ཤིས་ལའང་མི་དོ།དེས་ཀྱང་ཟ་ས་གང་ཡིན་པ་དང་གཏང་ས་གང་ཡིན་པ་ཤེས་ཀྱིན་འདུག”ཟེར།    ངས་ད་ལྟ་ཕྱིར་འདང་རྒྱག་དུས་ཀྱང་།   དགེ་རྒན་རིག་འཛིན་རྡོ་རྗེ་ནི་དགེ་རྒན་དེ་འདྲའི་བཙན་པོ་ཞིག་ཡིན་པའི་ཚོད་ཀྱིས།ཞོགས་པ་དེར་ངས་ཁོའི་གཞུང་ལས་ཁང་དུ་སྐྱག་པ་བཏང་བར་ཁོས་ང་ལ་འབབ་འོས་པའི་གཅར་རྡུང་དྲག་པོ་མ་བྱས། དེར་ངས་འདང་ཇི་ལྟར་བརྒྱབ་ཀྱང་ད་དུང་འདང་ཕོག་ཐབས་མི་འདུག་ལ། དེས་ངའི་སེམས་ཀྱི་ཁོའི་སྣང་བརྙན་ལ་འགྱུར་ལྡོག་ཕྲན་ཙམ་འབྱུང་དུ་བཅུག   རྗེས་སུ་སྡེ་མི་ཀུན་གྱིས་ངས་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གཞུང་ལས་ཁང་དུ་སྐྱག་པ་བཏང་བའི་གནས་ཚུལ་གསར་འགྱུར་ཞིག་ཏུ་བརྩིས་ནས་རླུང་ལྟར་བསྒྲགས་མགོ་བརྩམས།གསར་འགྱུར་དེ་གཅིག་ཁ་གཅིག་བརྒྱུད་དེ་ངའི་ཨ་ཕའི་རྣ་ལམ་དུ་ལྷུང་དུས་ནི་ཉིན་གཉིས་གསུམ་གྱི་རྗེས་རེད། མཚན་མོ་དེར་ངའི་ཨ་མ་ལགས་ངའི་རྒྱབ་རོགས་སུ་ལངས་ནས་ཡང་ཡང་ཞུ་བ་བྱས་མེད་ཚེ་ཨ་ཕས་ང་ལ་ཁ་ཁྲག་སྣ་ཁྲག་བཞུར་བ་ཞིག་གཅར་རྡུང་བྱས་ཡོད་པ་ཐག་ཆོད་ཡིན། མ་དྲིན་མོ་ཆེ་ཟེར་བ་ནི་དངོས་གནས་རླབས་ཆེ་བ་ལ་ཨང་།མོས་ནམ་ཡང་ངས་སྐྱོན་ཅི་བྱས་ཀྱང་དེ་ལྟར་བདག་ལ་བཟོད་སྒོམ་གྱི་ལག་ཟུང་བརྐྱངས་བརྐྱངས་ལ་ཡོད།

ངས་དགེ་རྒན་རིག་འཛིན་རྡོ་རྗེ་ཡི་གཞུང་ལས་ཁང་དུ་སྐྱག་པ་བཏང་བའི་དོན་རྐྱེན་དེ་དེ་ལྟར་རེ་ཞིག་འཇགས་ཟིན་ནའང་། སློབ་གྲོགས་ཚོས་ངའི་མཚང་མིང་ལ་ཁྱི་རྒན་བཀྲ་ཤིས་ནས་བཀྲ་ཤིས་ཁྱི་སྐྱག་ཏུ་བསྒྱུར་སོང་། ཁྱི་རྒན་དང་ཁྱི་སྐྱག་གང་ཡིན་རུང་ཁྱི་ཞིག་ལ་འབྲེལ་བ་ཡོད་དེ།  དེ་ནི་ལན་པ་ཡོད་ཚད་རྨོ་མོ་སྒྲོལ་མ་ཚང་གི་བཀྲ་ཤིས་ཟེར་བའི་ཁྱི་རྒན་དེ་ལན་པ་རེད།  ངས་དེ་ལྟར་དྲན་པ་དང་།  སེམས་ལ་ཅིས་ཀྱང་ཁྱི་རྒན་བཀྲ་ཤིས་དེ་མ་བསད་ན་རང་ཉིད་ནམ་ཡང་ཁྱི་ཞིག་དང་འབྲེལ་བ་གཅོད་ཐུབ་རྒྱུ་མ་རེད་སྙམ་བྱུང་། ད་ནི་ཅིས་ཀྱང་ཁྱི་རྒན་དེ་གསོད་ཐབས་བྱ་དགོས།  ངའི་སེམས་ལ་དེ་ལྟར་ཡང་ཡང་དྲན།དེ་ནས་བཟུང་ངས་ཁྱི་རྒན་དེ་གསོད་པའི་སྐོར་ལ་འཆར་གཞི་བཟོས་པ་ཡིན།

ཉིན་ཞིག་ངས་ཁྱི་རྒན་དེ་རྒྱུན་དུ་འགྲོ་རྒྱུག་བྱེད་སའི་སྲང་མདོ་དེ་རུ་གབ་སྦས་བྱས་ནས་བསྒུགས་པ་ཡིན། སྔ་དྲོ་ཞིག་ལ་བསྒུགས་བསྒུགས་པ་ན་ཁྱི་རྒན་བཀྲ་ཤིས་ཟེར་བའི་ང་རང་སྡུག་ལ་སྦྱོར་མཁན་གྱི་ཁྱི་རྒན་དེས་གཡེར་དྲིལ་སིང་སིང་ངང་རྔ་མ་གཡུག་བཞིན་གཡུག་བཞིན་སྲང་མདོ་རུ་མངོན་བྱུང་།ངས་རང་གི་ལག་ཏུ་གྲ་སྒྲིག་བྱས་ཡོད་པའི་རྡོ་ལོག་དེ་ཡིས་ཡོ་གཟུར་མེད་པར་ཁྱི་རྒན་དེའི་མགོར་སྐག་སེ་བརྒྱབ་པ་ན།  ཁྱི་རྒན་དེས་རྣ་ལ་གཟན་པའི་ཨག་སྐད་ཅིག་འདེབས་བཞིན་རྨོ་མོ་སྒྲོལ་མ་ཚང་གི་ཕྱོགས་སུ་བྲོས་སོང་།  ཡིད་ཕངས་པ་ཞིག་ལ་ངས་ཁྱི་རྒན་དེ་གསོད་མ་ཐུབ།  རྗེས་སུ་ངས་ཁྱི་རྒན་དེ་མཐོང་དུས་དེའི་མིག་གཡས་པ་ཕྱི་རུ་ཕྱུངས་ཟིན་འདུགཡིན་ནའང་དེ་ཙམ་གྱིས་ངའི་སེམས་ཀྱི་ཞེ་སྡང་ཞི་མ་ཐུབ།  ཁྱི་རྒན་དེ་གསོད་རྒྱུ་ནི་ངའི་དུས་སྐབས་ཤིག་གི་རིང་གི་ཆེས་གལ་ཆེ་བའི་དམིགས་འབེན་དང་ངའི་འཚོ་བའི་ཁ་ཕྱོགས་ལྟ་བུ་ཞིག་ཏུ་གྱུར།ད་ནི་ཅི་བྱས་ན་དགའ་ཨང་།ངས་ཐོག་མར་རྒྱ་ཧོ་ལང་གི་ལག་ནས་ཕག་སྤུ་ཙིག་སྨན་དུ་བརྗེས་ཏེ་ཁྱི་རྒན་དེ་གསོད་པར་སྟ་གོན་བྱས།སྟབས་ཉེས་པ་ཞིག་ལ་ངས་རྨོ་མོ་སྒྲོལ་མ་ཚང་གི་གཞིས་ཀའི་ཉེ་འདབས་སུ་འཕངས་པའི་ཙིག་སྨན་དེ་ཁྱི་རྒན་བཀྲ་ཤིས་ཀྱིས་མ་ཟོས་པར་ཁྱི་ལྡོམ་གཞན་ཞིག་གིས་ཟོས་སོང་། དེ་ནི་ངེད་ཚང་གི་གཡུལ་ཁའི་ནང་དུ་འགྱེལ་འདུག་པའི་ཁྱི་རོ་དེའི་སྟེང་ནས་ང་ལ་བདེན་དཔང་བྱས་བྱུང་།དེ་ལྟར་ངས་ཅིས་ཀྱང་གསོད་འདོད་ཀྱང་གསོད་དགོས་པའི་ཁྱི་རྒན་བཀྲ་ཤིས་གསོད་མ་ཐུབ་པར་སྡོད་པའི་ཉིན་ཞིག་ལ། ང་རང་རྨོ་མོ་སྒྲོལ་མ་ཚང་གི་སྒོ་ཁ་བརྒྱུད་ནས་འགྲོ་དུས།རྨོ་མོ་སྒྲོལ་མས་ཁྱི་རྒན་དེ་པང་ནས། “ངའི་གཅེས་ཕྲུགཁྱོད་ཀྱི་མིག་ཞར་བ་ལས་ངའི་མིག་ཞར་སོང་ན་མི་བཟང་ངམ།ངའི་གཅེས་ཕྲུག་ཁྱོད་ཀྱི་ལས་འདི་བཙོག་པ་ལ། མིའི་ནང་དུ་མི་ཅི་འདྲའི་བསམ་ནག་ཅིག་ཡོད་པ་ལ་ཨང་། དཀོན་མཆོག་གསུམ་པོ།ངའི་གཅེས་ཕྲུག་འདིར་སྙིང་རྗེ་ཞིག་བསྒོམ་རོགས”ཞེས་མིག་ཆུ་བཞུར་བཞིན་གསོལ་བ་འདེབས་ཀྱིན་འདུགདེ་དུས་ངས་མིག་ཡ་གཅིག་ཕྱི་རུ་ཕྱུངས་ཟིན་པའི་ཁྱི་རྒན་དེའི་ཉམ་ཐག་གི་རྣམ་པ་མཐོང་བྱུང་ལ། རྨོ་མོ་སྒྲོལ་མའི་གདོང་གི་སྙིང་རྗེས་རབ་ཏུ་གདུང་བའི་སྐྱོ་སྣང་མ་ལུས་ཀྱང་མཐོང་བྱུང་།  རྗེས་སུ་སྡེ་མི་ཁ་ཤས་ཀྱིས་ང་ལ་དོགས་པ་ཟོས་ཏེ“རྨོ་མོ་སྒྲོལ་མ་ཚང་གི་བཀྲ་ཤིས་ཀྱི་མིག་ལ་རྡོ་ཡིས་རྒྱག་མཁན་ཁྱོད་མིན་ནམ”ཞེས་འདྲི། ཡིན་ནའང་ངས་དོན་དངོས་དེ་ཅིས་ཀྱང་ཁས་མ་བླངས་མོད། རྨོ་མོ་སྒྲོལ་མ་དང་ཁྱི་རྒན་བཀྲ་ཤིས་གཉིས་ཀྱི་རྣམ་པ་དེ་མིག་ལམ་དུ་ཤར་ཐེངས་རེར། ངའི་སེམས་པར་ཅི་ཡིན་འདི་ཡིན་མེད་པར་འགྱོད་སྣང་དང་སྙིང་རྗེ་ཞིག་ཀྱང་ཚམ་ཚོམ་མེད་པར་སྐྱེས་བྱུང་ལ། ལྷག་ཏུ་ཁྱི་རྒན་བཀྲ་ཤིས་ཀྱིས་ཡུལ་གང་ཡིན་རུང་ང་མཐོང་བ་དང་འཕྲལ་དུ་འབྲོ་བར་བྱེད་པས། ཚོར་བ་དེ་ངའི་ན་ཆུང་བའི་སེམས་ཁོང་ནས་རིམས་ནད་བཞིན་ཇེ་དྲག་ནས་ཇེ་དྲག་ཏུ་འགྱུར་མགོ་བརྩམས།དེ་ནས་བཟུང་། ངས་ཁྱི་རྒན་དེ་གསོད་པའི་དྲན་ཚུལ་མ་ལུས་སེམས་ནས་རྒྱང་དུ་སྤྱུགས་པ་ཡིན། 


རྗེས་སུ་རྨོ་མོ་སྒྲོལ་མ་དང་སྤོ་བོ་རིག་འཛིན་གཉིས་ཀྱིས་མི་རིག་རིག་ཐུག་ཐུག་ལ།“ངེད་ཚང་གི་བཀྲ་ཤིས་ཀྱིས་མིག་དབྱུངས་མཁན་དེར་རྣམ་སྨིན་འཁོར་སྲིད”ཅེས་ཡང་ཡང་རྗོད་ཀྱིན་པ་ངས་ཀྱང་གོ་མྱོང་།


དེའི་རྗེས་སུ་སྔགས་རྒན་རིག་འཛིན་དང་རྨོ་མོ་སྒྲོལ་མ་གཉིས་ཀ་སྔ་གཞུག་བྱས་ནས་ཤི་སོང་།


དེའི་ཡང་རྗེས་སུ་ཁྱི་རྒན་བཀྲ་ཤིས་ཀྱང་ཤི་སོང་།


དེའི་ཡང་རྗེས་སུ་ཁོ་ཚང་ཤུལ་ཆད་དུ་གྱུར།

    ང་རང་ནར་སོན་པ་དང་བསྟུན་ནས་ངས་ཀྱང་རིམ་གྱིས་བསམ་ཤེས་བྱུང་ལ། ཨ་མས་ཀྱང་ང་ལ་རྒྱུན་དུ་སློབ་སྦྱོང་ལ་འབད་པ་བྱ་དགོས་པའི་སློབ་གསོ་གཏོང་བས།ངས་རང་གི་མ་དྲིན་མོ་ཆེ་ཡི་ཕྱིར་དུ་སློབ་གྲོགས་ཚོས་ང་ལ་ཁྱི་རྒན་དང་ཁྱི་སྐྱག་ཅི་བོས་ཀྱང་སྣང་དོགས་ཡེ་ནས་མ་བྱས།  ངས་ང་ལ་དེ་ལྟར་འབོད་མཁན་རྣམས་འགྲན་ཡར་བཟུང་སྟེ་སློབ་སྦྱོང་ལ་འབད་པ་བྱས་པས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བདེ་བླག་ངང་འགྲིམས་ཐུབ་པ་བྱུང་ཞིང་། སློབ་མཐར་ཕྱིན་རྗེས་ང་རང་རྒྱལ་ཁབ་ཀྱི་ཟླ་ཕོགས་ལེན་པའི་ལས་བྱེད་པ་ཞིག་སྟེ་སྐར་ཆེན་ཚགས་པར་གྱི་གསར་འགོད་པར་གྱུར། དེ་སྔ་ང་ལ་ཁྱི་རྒན་བཀྲ་ཤིས་དང་བཀྲ་ཤིས་ཁྱི་སྐྱག་ཅེས་འབོད་མཁན་གྱི་སློབ་གྲོགས་ཚོའང་ན་ཚོད་ཆེན་པོ་ཆགས་ཟིན་པས།ཁོ་ཚོས་ང་ལ་ཁྱི་རྒན་བཀྲ་ཤིས་དང་བཀྲ་ཤིས་ཁྱི་སྐྱག་ཅེས་མི་འབོད་པ་མ་ཟད།ང་རང་ཡུལ་ལ་ལོག་ཐེངས་རེར་ད་དུང“ཁྱོད་ནི་རིག་གནས་པ་ཡིན་ནི་རེད”ཅེས་བརྩི་འཇོག་ཆེན་པོ་བྱེད།

 
    ཡིན་ནའང་དོན་དག་ཅིག་ངའི་མི་ཚེ་དང་གྲིབ་མ་བཞིན་འགྲོགས་ཡོད་པ་ནི།ངས་ཁྱི་རྒན་བཀྲ་ཤིས་ཀྱི་མིག་ཡ་གཅིག་རྡོས་བརྒྱབ་ནས་ཕྱི་རུ་ཕྱུངས་པ་དེ་རེད།  དེའི་དོན་དུ་ངས་རྨི་ལམ་འཚུབ་པོ་ཅི་འདྲའི་མང་པོ་ཞིག་རྨིས་མྱོང་བ་ངས་ད་དུང་བརྗེད་ག་ལ་སྲིད། མཚམས་རེར་སྔགས་རྒན་རིག་འཛིན་གྱིས་མིས་ཐོད་སྐོགས་ཀྱིས་བཟོས་པའི་ཌ་རུ་དེས་ཕར་གཡུག་ཚུར་གཡུག་བྱེད་ཀྱིན། བཀྲ་ཤིས།  ཁྱོད་ལ་འཇིག་རྟེན་འདི་ནས་ཐར་ས་ཞིག་མེད་ཟེར་ཞིང་།ཞོགས་པར་གཉིད་ལས་སད་དུས་ད་དུང་ཁོའི་རལ་བ་སྦོམ་པོ་དེ་ངའི་མིག་ལམ་ནས་ཕར་གཡོ་ཚུར་གཡོ་བྱེད། ཡང་ལན་རེར་རྨོ་མོ་སྒྲོལ་མས་མོའི་འཁར་བ་འཁྱོག་པོ་དེ་བཟུང་ནས་ང་རང་ཡར་བདའ་མར་བདའ་བྱེད་པས། ཞོགས་པར་ངའི་སྔས་མགོ་རྔུལ་ཆུས་སྦངས་ནས་རློན་པར་བཏང་འདུག     ད་དུང་མཚམས་རེར་ཁྱི་རྒན་བཀྲ་ཤིས་ཀྱིས་ངའི་སྒྱིད་པ་ནས་འཇུས་ཤིང་མཆེ་བ་རྣོན་པོས་ངའི་ཤ་ལེབ་མོ་ལེབ་མོ་བྱས་ནས་གཅོད་པར་བྱེད། དེ་ལྟ་ནའང་ངས་ཁ་ནས་ཤུ་སྒྲ་ཙམ་ཡང་བསྒྲགམི་ཐུབ། 


  རྨི་ལམ་དེ་དག་ནི་དེ་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་ཀྱང་།རྨི་ལམ་ལ་ཆ་འཇོག་ཅི་ཡོད་ཅེས་ཁ་ཡ་མ་བྱས་རུང་ཆོག་མོད། སེམས་ཁྲལ་ཆེས་ཆེ་བ་ནི་ངའི་ན་སོ་དར་ལ་བབས་པ་དང་བསྟུན་ནས་ངའི་མིག་ཡ་གཅིག་གི་མཐོང་ཚད་ཇེ་གཉོམ་ནས་ཇེ་གཉོམ་ཡིན་པ་དང་།མཚམས་རེར་ཚོད་ཚོད་ལ་ན་ཟུག་བཟོད་གླགས་མེད་པ་རེ་སྐྱེ་ཡོང་བས།ངའི་སེམས་ལ་སྔགས་རྒན་རིག་འཛིན་དང་རྨོ་མོ་སྒྲོལ་མ་གཉིས་ཀྱིས་རྣམ་སྨིན་འཁོར་ངེས་ཞེས་པའི་སྐད་ཆ་དེ་ཤར་ཡོང་།  ཡིན་ནའང་རང་སེམས་རང་གསོ་བྱ་ཆེད།ངས་ཁྱི་རྒན་བཀྲ་ཤིས་ཀྱི་མིག་གཡས་པ་ཕྱི་རུ་ཕྱུངས་པ་ཡིན་ལ།ངའི་མིག་ནི་གཡོན་པ་ན་བ་ཡིན་པས་རྣམ་སྨིན་ཟེར་བ་དེ་ཡིན་མི་སྲིད་ཅེས་ཁེར་ལབ་བརྒྱབ་པ་ཡིན། ངས་ཁྱི་རྒན་དེའི་མིག་ཕྱི་རུ་ཕྱུངས་པ་དང་ངའི་མིག་ན་བ་གཉིས་བར་དོན་དུ་འབྲེལ་བ་ཡོད་མེད་བཤད་དཀའ་ཡང་།ངའི་མིག་ན་ཐེངས་རེར་སེམས་ཁོང་དུ་བཀྲ་ཤིས་ཞེས་པའི་ཁྱི་རྒན་དེ་དྲན་ཡོང་ལ། དེ་དང་འབྲེལ་བའི་དོན་དག་རྣམས་ཀྱང་ཡང་ཡང་དྲན་ཡོང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号