བྱང་ཆུབ་སེམས་དཔའ་ངུས་བྱུང་།
སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས།
ཨ་མ་བལྟས་བལྟས་ལ་ཤི་སོང་། ངའི་སེམས་པ་ཅུང་ཟད་སྐྱོ་བྱུང་། དུས་ཚོད་རིང་ཙམ་འགོར་མོད། སྐྱོ་སྣང་ཕྲན་བུ་དེ་སྔར་བཞིན་ངའི་སེམས་ཁོང་ནས་ཡལ་རྒྱུ་མ་བྱུང་།
ངའི་སེམས་ལ་ཨ་མ་ཤི་བ་ལས་ཨ་ཕ་ཐེངས་བཅུར་ཤི་ཡང་ང་ལ་སྐྱོ་བའི་སྣང་བ་སྐྱེས་མི་སྲིད་སྙམ།
ང་ལ་ངུ་རྒྱུ་ཞིག་བྱུང་། ངས་རང་ལ་ཡིད་ཚིམ་པ་ཞིག་ངུ་རོགས་ཞེས་བཤད།
ངས་མིག་ཆུ་རང་གི་མིག་ཀོང་དུ་འོད་ཀྲིག་ཀྲིག་ངང་འཚེར་བ་མཐོང་བྱུང་། དུས་ཚོད་ཡང་བསྐྱར་རིང་ཙམ་འགོར་སོང་། ང་ལ་མཚོན་ན་དུས་ཚོད་ནི་རྫོགས་མཐའ་མེད།ཨ་མའི་ངུ་སྐད་ཀྱིས་ང་གཉིད་ལས་བསླངས་བྱུང་། ངའི་རྣ་ལམ་དུ་སྒྲ་ཟ་ཟི་ཞིག་འཁོར་ཡོང་སྟེ། “ཤི་སོང་ན་དགའ……” “……ཁུར་བོ་ཞིག་ལས་མ་འདས།”“འཚོ་བ་འདི་ད་དུང་རོལ་ལམ་མི་རོལ……”“……”
ཨ་ཕས་མཚམས་མེད་པར་ཅི་ཞིག་བཤད་ཀྱིན་འདུག་ལ།ཨ་མ་མཚམས་མེད་པར་ངུ་བཞིན་འདུག
ངའི་གཉིད་དཀྲོག་མཁན་ནི་ཨ་མའི་ངུ་སྒྲ་ཡིན་པ་ངས་གཏན་འཁེལ་བྱས་ཆོག
“ཨ་མ་ཁྱོད་ངུ་བཞིན་ཡོད་དམ།”ངས་ཨ་མར་དྲིས།
ཨ་མས་ངའི་སྐད་སྒྲ་ཐོས་མ་ཐག་ངུ་སྐད་མཚམས་བཞག་སོང་།
ཨ་ཕ་དང་ཨ་མ་གཉིས་ཀ་མཉམ་དུ་ཚུར་འཁོར་ནས་ང་ལ་ལྟ། ཁོ་གཉིས་ཀྱི་མིག་མདངས་ནི་ཧ་ཅང་རྒྱུས་མེད་ཅིག་ཏུ་སྣང་བས། ང་ལ་ཡ་མཚན་པའི་སྣང་བ་ཞིག་སྐྱེས་བྱུང་།
“ཨ་མ།ཁྱོད་ཇི་ལྟར་སླར་གསོན་བྱུང་བ་ཡིན།”ངས་ཨ་མར་དྲིས།
ཉི་འོད་ནི་རྫོབ་དྲེག་ཆགས་པའི་སྒེའུ་ཁུང་གི་ཤེལ་སྒོའི་ངོས་སུ་འཕྲོས་འདུག་ལ། ཨ་མའི་གདོང་དུ་ཡང་སེར་གྱི་ལེར་འཕྲོས་འདུགཨ་མའི་མིག་ཟུང་རུབ་བཞིན་ང་ལ་ལྟ། ཉི་འོད་འོག་གི་ཨ་མ་ནི་བྱང་ཆུབ་སེམས་དཔའ་དང་འདྲ་བོ་འདུག ཨ་མའི་གདོང་དུ་འོད་ཀྱི་ཟེར་མ་དཀར་ཀྲིག་ཀྲིག་བྱེད་ཅིང་། ཨ་མའི་གདོང་དུ་སྔ་ན་མེད་པའི་གཟི་བྱིན་ཞིག་ལམ་ལམ་ངང་འཕྲོ།
ཉི་འོད་ཀྱིས་ཨ་ཕའི་སེམས་དཀྲུགས་པ་ཡིན་ནམ། ཡང་ན་ཨ་མས་ཨ་ཕའི་སེམས་དཀྲུགས་པ་ཡིན། ཡང་ན་ང་ཡིན་ཡང་སྲིད་དེ། ངས་རྒྱུན་དུ་ཨ་ཕའི་སེམས་ཁམས་དཀྲུག་བཞིན་ཡོད། ཨ་ཕའི་གདོང་ནས་ཤིན་ཏུ་མ་རངས་པའི་ཉམས་ཤིག་དོད་དེ་ང་ལ་ཟུར་མིག་ཅིག་འཕངས་བྱུང་། ཁོའི་མིག་ནི་ཕོར་བ་ཆག་པོ་ཞིག་དང་འདྲ། ངས་ཕོར་བ་ཆག་པོ་དེའི་སྟེང་དུ་རྐང་རྡེབ་ལན་འགའ་བྱ་འདོད། ཕོར་བ་ཆག་པོ་དེས་སྒོ་ཁྲོག་གེར་གཏན་ནས་བུད་སོང་། ཨ་ཕ་བུད་སོང་།
“ཁྱོད་སོང་རྗེས་གཏན་དུ་ཕྱིར་ལྡོག་མི་དགོས།”ཨ་མས་དེ་ལྟར་སྐད་བརྒྱབ།
ཨ་ཕའི་གོམ་སྒྲ་རིང་དུ་ཡལ་སོང་།
མཇུག་མཐར་ཨ་མས་ང་བསྙེགས་ཡོང་། ཨ་མས་ང་པང་དུ་བསྡམས་བྱུང་། ཨ་མས་མོའི་གདོང་ངའི་དཔྲལ་ངོས་སུ་གླན་ཙམ་བྱས།ཨ་མའི་གདོང་ནི་གྲང་མོ་གྲང་མོ་ཞིག་རེད། ཨ་མས་ཅི་ཡང་མི་བཤད་པར་ང་པང་དུ་བསྡམས་བྱུང་།
“ཨ་མ།ངས་ཁྱོད་ཤི་བ་མཐོང་སོང་།”ངས་དེ་ལྟར་བཤད།
“ང་ཤི་སོང་ན་ཁྱོད་སུ་ཡིས་བསྙོར་རྒྱུ།”ཨ་མས་ང་ལ་དེ་ལྟར་ཟེར།
“ཁྱོད་ཀྱིས་ང་རྗེས་སུ་ཁྲིད་ན་མི་ཆོག་གམ།”ངས་ཨ་མར་དེ་ལྟར་བཤད།
“ངས་ཁྱོད་ཁྲིད་ཆོག་ཚེ་ཅི་མ་རུང་།”ཨ་མ་ཁུ་སིམ་མེར་ཡུད་ཙམ་ལ་བསྡད་རྗེས“ཨ་མས་ཁྱོད་གཏན་དུ་འདོར་མི་སྲིད”ཟེར།
ཨ་མས་དེ་ལྟར་བཤད་འཕྲལ། ངའི་སྣ་ཁུང་དུ་སྐྱུར་ཞིག་ལངས་བྱུང་། ང་ལ་མུ་མཐུད་དུ་ངུ་སྙིང་ཞིག་སྐྱེས། ཡིན་ནའང་ངས་བསྲན་ཅི་ཐུབ་བྱས།
དེའི་རྗེས་ཀྱི་ཉིན་མོ་དག་ལ།ཨ་ཕ་མཐོང་ལམ་དུ་མངོན་རྒྱུ་མ་བྱུང་།
ངས་ད་དུང་ཨ་ཕ་ངེད་ཚང་དུ་དང་ཐོག་ཡོང་བའི་རྣམ་པ་དེ་གསལ་བོར་དྲན་བཞིན་འདུགཉིན་དེར་ཨ་ཕས་བོད་ལྭ་སྔོ་བསང་གསར་རྐྱང་ཞིག་གོན་འདུག་སྟེ། ངེད་ཚང་གི་མཆོད་ཁང་ནང་དུ་ཡང་ཁ་དོག་དེ་དང་ཤིན་ཏུ་མཚུངས་པའི་ལྡེབས་རིས་ཤིག་ཡོད། ཞོགས་པ་དེར། ཨ་ཕ་ལས་གཞན་ངེད་ཚང་དུ་ད་དུང་མི་གཞན་པ་མང་པོ་སླེབས་བྱུང་། ཁོ་ཚོ་ངེད་ཚང་གི་ཚ་ཐབ་སྟེང་བསྡད་དེ་མཚམས་མེད་པར་ཅི་ཞིག་འཆད་ཀྱིན་འདུག ངས་ཁོ་ཚོའི་ཁ་ཡང་ཡང་གདངས་ཤིང་ཡང་ཡང་ཟུམ་པ་མཐོང་བྱུང་། ངའི་སེམས་སུ་ཁོ་ཚོར་དེ་འདྲའི་བཤད་མི་ཚར་བའི་སྐད་ཆ་ཅི་ཞིག་ཡོད་དམ་སྙམ། ཁོ་ཚོས་ཧ་ལམ་ང་མཐོང་བྱུང་བ་འདྲ། ཁོ་ཚོས་སྐད་ཆ་བཤད་མཚམས་བཞག་ནས་ང་ལ་བལྟས་འདུགངས་ཀྱང་ཁོ་ཚོར་བལྟས་ནས་བསྡད་པ་ཡིན། ཁོ་ཚོས་ངས་ཅི་ཞིག་གོ་འགྲོ་བར་འཛེམ་དོགས་བྱེད་བཞིན་པ་དང་འདྲ། ཁོ་ཚོས་སྐད་མགོ་གློ་བུར་དུ་ཇེ་དམའ་རུ་བཏང་སོང་། ཨ་ཕས་ང་མཐོང་བས་གདོང་ནས་བཙན་གྱིས་འཛུམ་ཞིག་ཕྱུང་མོད། འཛུམ་དེ་ཁོའི་གདོང་ནས་ཐར་གཅོད་ཡག་བྱ་མ་ཐུབ། ངས་ཁོ་ཚོས་སྐད་ཆ་བཤད་པའི་རྣམ་འགྱུར་ལ་བལྟས་བསྡད་པ་ཡིན། མི་རྒན་རྣམས་ཀྱི་མིག་མདངས་ནི་འགྱུར་བག་ཤིན་ཏུ་རྒོད། ཡིན་ནའང་འགྱུར་བག་ཅི་ཙམ་རྒོད་རུང་། མིག་ནི་སྔར་བཞིན་ཤ་ལས་གྲུབ་པ་ཤ་སྟག་རེད། མིག་གཉིས། མིག་བཞི། མིག་བརྒྱད……ཚ་ཐབ་སྟེང་གི་མིག་མང་པོས་ཅི་ཞིག་འཆད་ཀྱིན་འདུག
“འདི་ནི་ཁྱོད་ཀྱི་ཨ་ཕ་རེད།”ཨ་མས་ང་ལ་དེ་ལྟར་ཟེར།
“……”
“ཁྱོད་ཀྱིས་ཁོར་ཨ་ཕ་འབོད་དགོས།”ཨ་མས་ཡང་བསྐྱར་ང་ལ་དེ་ལྟར་ཟེར།
“ཨ—ཕ།”ངས་དོགས་མི་བདེ་བའི་ངང་དེ་ལྟར་བོས།
ང་ལ་ཨ་ཕ་ཡོད་པ་ནས་དོན་དག་ཆེ་ཆུང་ཅི་ཡོད་ཀྱང་ངས་ཨ་ཕ་བོས་པ་ཡིན།
“ཨ་ཕ།ངའི་ལྷམ་མི་འདུག”
“ཨ་ཕ།ང་སྐོམ་ནས་ཤི་ཐལ།”
“ཨ་ཕ།ཁྱོད་ཨ་མའི་སྟེང་འགོས་ནས་ཅི་ཞིག་བྱེད་ཀྱིན་ཡོད།”
དེའི་ཡར་སྔོན་དུ་ངས་ཨ་ཕ་གཏན་ནས་མཐོང་མ་མྱོང་།ང་ལ་ཨ་ཕ་མེད། མི་ཁ་ཤས་ཀྱིས་ང་ནི་རྡོ་བས་བཙས་པ་རེད་ཟེར།ཡང་མི་འགའ་ཞིག་གིས་ང་ནི་གནམ་ནས་ལྷུང་བ་རེད་ཟེར།ངས་ཨ་མར་ཨ་ཕའི་རྒྱུ་མཚན་དྲིས་མྱོང་། ཨ་མས་ང་ལ་རྒྱུན་དུ“ཨ་ཕ་ནི་ལྷ་ཡུལ་དུ་ཕེབས་སོང”ཟེར།ངས་ཨ་མར“ལྷ་ཡུལ་ནི་ཐག་རིང་བོ་ཞིག་ཏུ་ཡོད་དམ། ཨ་ཕ་ག་དུས་ཕྱིར་ལོག་ཡོང”ཞེས་དྲིས་པར། ཨ་མས“ལྷ་ཡུལ་ཐག་རིང་བོར་ཡོད་ཀྱང་། ཁྱོད་ཀྱིས་སྒུགས་དང་། ཨ་ཕ་ཕྱིར་ལྡོག་པའི་ལམ་དུ་ཡོད་ཀྱང་སྲིད”ཟེར།
ད་ནི་ངས་ཨ་ཕར་བསྒུགས་ནས་སླེབས་བྱུང་།
ཡིན་ནའང་། ཨ་ཕས་རྒྱུན་དུ་ངོ་འདོམ་པ་གང་བསྣར་འདུགཨ་ཕ་ནི་ངོ་བསྣར་རྒྱུར་དགའ་བོ་ཡོད།
ཨ་ཕ་སོང་རྗེས། མཚམས་རེར་ངས་ཨ་ཕ་དྲན་ཡོང་། ཨ་ཕ་དྲན་དུས། ཨ་ཕའི་ངོ་འདོམ་པ་གང་བོ་ངའི་མིག་མདུན་ནས་ཕར་གཡོ་ཚུར་གཡོ་བྱེད། དོན་དུ་ང་ཨ་ཕའི་ནག་ལ་རིང་བའི་ངོ་གདོང་དེར་ཧ་ཅང་སུན། གདོང་དེར་འཛུམ་མདངས་ཟེར་བ་ཞིག་ཡེ་ནས་མཐོང་རྒྱུ་མི་འདུག ཨ་ཕའི་གདོང་ནི་སླ་ངའི་ཞབས་བཞིན་ནག་པོ་ནག་རྐྱང་རེད།
ངས་ཨ་ཕ་ནི་ང་ལ་དེ་འདྲའི་དགའ་བོ་མེད་པ་ཤེས་ཡོད། ངས་ཁོར་ཨ་ཕ་ཞེས་འབོད་ཐེངས་རེར། ཁོས་བསམ་གཟས་ནས་ངའི་འབོད་སྐད་མ་གོ་ཁུལ་བྱེད།
ཁོ་བུད་སོང་ན་བཟང་ཨང་། ཁོ་བུད་སོང་ཚེ་ཨ་མ་ང་གཅིག་པུར་དབང་།
ཨ་མ་ནི་བྱང་ཆུབ་སེམས་དཔའ་ཡིན། དང་ཐོག་གྲོང་ཚོའི་ནང་གི་རྒན་པ་དེ་ཚོས་ང་ལ་ཨ་མ་ནི་བྱང་ཆུབ་སེམས་དཔའ་ཡིན་ཟེར། ངས་ཁོ་ཚོར་ཉིན་དཀར་ཡིན་ནམ་དགོང་མོར་ཡིན་ཞེས་དྲིས། ཁོ་ཚོས་ཉི་འོད་ཀྱི་འོག་ཏུ་ཡིན་ན་འདྲ་ལ། སྨག་རུམ་གྱི་ཁྲོད་དུ་ཡིན་ནའང་བླ། ཨ་མ་ནི་ནམ་ཡང་བྱང་ཆུབ་སེམས་དཔའ་ཡིན་ཟེར།
ཁོ་ཚོས་དེ་ལྟར་བཤད་ཀྱང་། སྨག་རུམ་ཁྲོད་དུ་ངས་ཨ་མའི་ངོ་གདོང་མཐོང་ཐབས་བྲལ། ཉི་འོད་ཀྱི་འོག་ཏུ་ད་གཟོད་ཨ་མ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་ང་ལ་ཡིད་ཆེས་ཆེན་པོ་ཡོད། ཨ་མ་བགད་པའི་ཚེ་ན་ལྷག་ཏུ་བྱང་ཆུབ་སེམས་དཔའ་ཡིན་པ་གདོན་མི་ཟ།
ཉིན་དཀར་ཨ་མ་ལ་ཁོམ་པ་ཡེ་ནས་མེད། ཨ་མ་གྲོང་ཚོ་ནང་གི་མི་རྒན་རྣམས་དང་མཉམ་དུ་ལས་ཀར་འགྲོ་དགོས། ཨ་མ་སོང་རྗེས། ཁྱིམ་དུ་ང་གཅིག་པུ་ལས་མེད། མཚམས་རེར་ང་གཅིག་པུས་སེམས་ལ་གང་དྲན་དྲན་དུ་བསྡད་པ་ཡིན། ངས་ནམ་མཁའ་རུ་རྟ་གཅིག་རྒྱུ་བ་མཐོང་བྱུང་། ད་དུང་རྟ་གཅིག་འདུགངས་མུ་མཐུད་དུ་བཙལ་བ་ན། ཡང་རྟ་གཅིག་མཐོང་བྱུང་།རྟ་རྣམས་དཀར་པོ་ཤ་སྟག་རེད། བལྟས་པ་ཙམ་གྱིས་རྟ་དེ་དག་ནི་བལ་གྱིས་བཟོས་པ་བཞིན་སྙིང་དུ་སྡུག་པ་ལ། རྟ་ཁྱུ་གནམ་མཐའ་རུ་བག་ཡེངས་ངང་རྒྱུ། རྟ་རྣམས་རིམ་བཞིན་ལུག་ཏུ་གྱུར་སོང་། ལུག་གཅིག་ལུག་གཉིས་ལུག་གསུམ……ངས་མཛུབ་མོས་བགྲངས་ནས་བརྩིས་པ་ན། མ་མཐའ་ཡང་ལུག་བཅུ་ཕྲག་ཙམ་ཟིན། ནམ་མཁའ་ཧ་ཅང་རྒྱང་རིང་དུ་གནས། ངས་མིག་གཉིས་གཡོ་བ་མེད་པར་ནམ་མཁར་ཅེར་ནས་བསྡད། མཇུག་མཐར་ནམ་མཁར་ཅི་ཡང་ལྷག་མ་སོང་།
ནམ་མཁའ་ཧ་ཅང་སྟོང་།ནམ་མཁའ་ཧ་ཅང་སྔོ།ནམ་མཁའ་ང་དང་ཧ་ཅང་ཉེ།
ངས་རང་གི་ལག་པ་ནམ་མཁར་བསྲིངས། ལག་པ་ཤུགས་ཀྱིས་བསྲིངས། ད་དུང་བསྲིངས། ཡིན་ནའང་ངས་ནམ་མཁར་རེག་མ་ཐུབ།
ང་ཧ་ལམ་གཉིད་སོང་བ་འདྲ། ཨ་མ་ཡང་བསྐྱར་ཤི་སོང་། ཨ་མ་ནི་ཐེངས་མང་པོར་ཤི་མྱོང་བས། ང་ཨ་མའི་ཆེད་དུ་ངུ་རྒྱུར་ཚེགས་ཀ་སྐྱེས་འོངས། ངས་ཨ་མ་སླར་གསོན་སྲིད་པ་ཤེས་ཡོད། ངས་ད་དུང་ཨ་ཕ་ཡང་མཐོང་བྱུང་། ཨ་ཕའི་གདོང་དུ་རྣམ་འགྱུར་མང་པོས་ཁེངས་འདུག ཨ་ཕས་རྣམ་འགྱུར་འཕྲོ་རིམ་འཕྲོར་བརྗེས་བྱུང་། ཁོའི་རྣམ་འགྱུར་ནི་སྐྱག་པ་ཁངས་ཏོ་ཞིག་དང་འདྲ། ཁོའི་རྣམ་འགྱུར་ནི་ལ་ཕུག་རྙིད་པ་ཞིག་དང་འདྲ། ཁོའི་རྣམ་འགྱུར་ནི་ཁྱི་ལ་ལྟོ་ལྡུད་སྤྱད་ཀྱི་ཕོར་ཆག་ཅིག་དང་འདྲ……
ང་གཉིད་ལས་སད་དུས། ཆར་བ་ཆད་མ་མཐུད་ཅིག་བབས་ནས་རབ་ཅིག་འགོར་ཟིན། ང་ལ་ངའི་རྨི་ལམ་ཡང་རློན་པར་བཏང་འདྲའི་ཚོར་བ་ཞིག་སྐྱེས། ཀླད་པའི་ནང་ཧྲིལ་བོར་ཤ་མོ་འཚར་བ་དང་འདྲ་བར་ཡ་ང་ཡང་ངེ་ཞིག་རེད། ཡུལ་བྱིའུ་འགའ་ངའི་གམ་དུ་བབས་ནས་གྲོག་མ་རྒུམ་བཞིན་འདུགངས་གློ་བུར་ཀྭི་ཞིག་བཏབ་པ་ན། བྱིའུ་རྣམས་ཧྲོག་སྒྲ་དང་བཅས་འཕུར་སོང་། ངས་མིག་ཟུང་ཕུར་ཕུར་ལན་འགའ་བྱས་འཕྲལ་ནམ་མཁར་བལྟས། ནམ་མཁའ་རུ་དཀར་པོའི་ནང་དུ་ནག་པོ་འདྲེས་པའི་དངོས་པོ་ཞིག་གིས་ཁེངས་འདུགངས་དེ་ནི་ཅི་ཞིག་ཡིན་པ་གསལ་ཁ་འབྱེད་མ་ཐུབ། ཡིན་ནའང་ངས་ཁ་ཚོན་བཅད་ནས་སྨྲས་ཆོག་པ་ནི། དེ་ནི་རྟ་མ་རེད། ལུག་ཀྱང་མ་རེད།
དེ་ནི་ཅི་ཞིག་ཡིན་ནམ། དེ་ནི་གདོན་འདྲེ་ཟེར་བ་དེ་ཨེ་ཡིན་ནམ། ངས་གདོན་འདྲེ་ནི་ག་འདྲ་ཞིག་ཡིན་པ་མཐོང་མ་མྱོང་། གདོན་འདྲེ་ཟེར་བ་དེ་ནག་པོ་ཞིག་ཡིན་ཡང་སྲིད། ནག་ཧང་ཧང་གི་གདོན་འདྲེ་ཡིས་ནམ་མཁའ་མནན་ནས་དམའ་མོར་བཏང་འདུག
སྐབས་འགར། ཨ་མ་མེད་དུས། ང་རང་དགར་གྲོང་ཚོའི་བཞི་མདོ་དང་མ་ཎི་ཁང་ལ་ཉུལ་དུ་ཕྱིན་པ་ཡིན། གནས་དེ་གཉིས་སུ་བྱིས་པའམ་རྒན་པ་ཁ་ཤས་རྒྱུན་པར་མཐོང་ཐུབ། ང་ནི་བྱིས་པ་དེ་ཚོར་དེ་འདྲའི་དགའ་བོ་མེད། ཁོ་ཚོས་ང་ལ་རྟག་ཏུ་དྲི་བ་ཡ་མཚན་ཏག་ཏག་དྲིས་ཡོང་།
“ཁྱོད་ཀྱི་ཨ་ཕ་རྫུན་མ་དེ་གང་དུ་བུད་སོང་།”
“ཁྱོད་གླེན་པ་ཞིག་ཡིན་དོན་ཅི་ཡིན།”
“ཧ་ཧ——ཧ་ཧ——”
“གླེན་པ——གླེན་པ——”
ལྷག་པར་སྐྲ་ལོ་འཇིལ་ལིར་འཁྱིལ་ཞིང་།གདོང་ཡོངས་སྨེ་བས་ཁེངས་པའི་བྱིས་པ་དེ། བྱིས་པ་དེ་ནི་བསམ་གནག་ཅིག་རེད། ཁོ་ངའི་རྒྱབ་ཏུ་བཞོན་ཞིང་ཁ་ནས་མཚམས་མེད་པར“ཆོ་ཆོ”ཞེས་སྒྲོག་ཅིང་། ཁོས་ང་ནི་རྟ་ཞིག་ཡིན་པར་བསམས་འདུགཁོས་ངའི་འཕོང་མགོར་ཤུགས་ཀྱིས་རྡེག་པར་བྱེད། ཡིན་ནའང་ང་ནི་ནམ་མཁར་ཅིས་ཀྱང་འཕུར་མ་ཐུབ།
“ཆོ་ཆོ——ཆོ་ཆོ——”
ཁོ་ཚོ་ནི་མི་ངན་རྐྱང་རྐྱང་རེད། ཁོ་ཚོའི་ཁྲོད་དུ་མི་བཟང་བོ་གཅིག་ཀྱང་མེད་པ་འདྲ།
ང་མ་ཎི་ཁང་དུ་སོང་ཚེ། དེ་རུ་རྒན་པ་མང་པོས་མ་ཎི་འཁོར་ལོ་སྐོར་ཞོར་མ་ཎི་འདོན་བཞིན་འདུགངས་རྒྱང་རིང་ནས་མ་ཎི་འཁོར་ལོའི་སིང་སྒྲ་ཐོས་འོངས། ཁོ་ཚོས་མཛུབ་བར་ནས་ཕྲེང་བ་བགྲང་ཞིང་ཁ་མཚམས་མེད་པར་འགུལ་བཞིན་འདུག ཁོ་ཚོའི་ལག་གི་ཕྲེང་བ་ནི་ནག་པོ་ནག་རྐྱང་རེད། ཁོ་ཚོས་ང་མཐོང་བ་དང་ང་ཡང་ཁོ་ཚོའི་གྲས་སུ་བོས་བྱུང་། ཁོ་ཚོས་ང་ལ་ད་དུང་རྡོ་ཀ་ར་སྟེར། རྡོ་ཀ་ར་ཧ་ཅང་ཞིམ། རྡོ་ཀ་ར་ནི་འཁྱག་རེངས་སུ་གྱུར་པའི་འོ་མ་དང་འདྲ། མགོ་སྐྲ་དཀར་པོར་གྱུར་ཅིང་གདོང་ཡོངས་གཉེར་མས་ཁེབས་པའི་རྒན་པ་དེ་རྣམས་ནི་ངའི་ཨ་ཕ་དང་མི་འདྲ་ལ། བྱིས་པ་ངན་པ་དེ་དག་དང་ཡང་ཡེ་ནས་མི་མཚུངས། ཁོ་ཚོ་ནི་ངའི་ཨ་མ་དང་འདྲ། ཁོ་ཚོ་ཡང་བྱང་ཆུབ་སེམས་དཔའ་སྐོར་ཞིག་ཡིན་པ་གདོན་མི་ཟ། ཁོ་ཚོས་ང་ལ་མ་ཎི་འདོན་སྟངས་ཀྱང་བསླབས་བྱུང་།
མ་ཎི་ཁང་ནི་འགྲོ་ས་ཡག་པོ་ཞིག་རེད། ངས་དེ་རུ་མ་ཎི་ཡིག་དྲུག་འདོན་ཤེས་པ་མ་ཟད། རྟ་མགྲིན་གྱི་སྔགས་དང་སྒྲོལ་ཐུང་སོགས་ཀྱང་འདོན་ཤེས་སོང་། མ་ཎི་ཁང་དུ་ལྷ་སྐུ་མང་པོ་ཡོད་དེ། སྟོན་སྐུ་དང་གུ་རུ་རིན་པོ་ཆེའི་སྐུ། རྗེ་རིན་པོ་ཆེའི་སྐུ……རྒན་པ་དེ་དག་གིས་ལྷ་སྐུ་རྣམས་བསྟན་ནས་ང་ལ་རེ་རེ་བཞིན་ངོས་འཛིན་དུ་བཅུགམཚམས་རེར་གཉིད་གུང་དུ་ཡང་ལྷ་སྐུ་དེ་དག་ངའི་མིག་ལམ་དུ་ཤར་ཡོང་།
ཐེངས་ཤིགགུ་རུ་རིན་པོ་ཆེ་ངའི་ཁྱིམ་དུ་སླེབས་བྱུང་། ཁོང་གིས་རུམ་ནས་དངོས་པོ་ཞིག་བླངས་ཏེ་ང་ལ་བྱིན། དངོས་པོ་དེ་ཅི་ཡིན་པ་ངས་མི་ཤེས། དེ་ནི་མེ་ལོང་ཞིག་དང་མཚུངས། དེ་ནི་མེ་ལོང་ཡིན་ཡང་སྲིད། མེ་ལོང་དེ་ནི་ཟངས་ཀྱིས་བཟོས་པ་དང་འདྲ། དབྱིབས་ནི་སྒོར་སྒོར། སྟེང་དུ་འོད་ལམ་ལམ་འཕྲོ། མེ་ལོང་ནང་གི་ང་ནི་དཀར་པོ་དཀར་རྐྱང་སྟེ། འདམ་གྱི་དྲི་ཙམ་ཡང་གོས་མི་འདུགགངས་ཀྱིས་བཞེངས་པའི་ཕྲུ་གུ་ཞིག་དང་ཨ་ན་མ་ན་རེད། གུ་རུ་རིན་པོ་ཆེས་ང་ལ་གསུང་རྒྱུར“ཁྱོད་ཀྱིས་ཉིན་རེ་བཞིན་འདིའི་ནང་དུ་བལྟ་རོགས།” ཁོང་གིས་མེ་ལོང་དེ་སྟོན་བཞིན“དེ་ལྟར་བྱས་ཚེ་ཁྱོད་ཀྱིས་རང་ཉིད་ངོས་ཟིན་པར་འགྱུར།”ཟེར།
གནམ་སད་བྱུང་།
ས་སད་བྱུང་།
ང་སད་བྱུང་།
གནམ་སའི་བར་གྱི་བྱ་བྱིའུ་འབའ་འབུ་ཚང་མས་ཅ་ཅོ་བསྒྲགས་བྱུང་།
ངས་ཨ་མར“ངས་གུ་རུ་རིན་པོ་ཆེ་མཐོང་བྱུང་། ཁོང་གིས་ང་ལ་ཇི་ལྟར་བྱ་དགོས་པ་གདམས་བྱུང”ཞེས་བཤད། ཨ་མས་ངའི་མགོ་ལ་རེག་རེག་བྱེད་ཀྱིན། མོའི་གདོང་ངའི་དཔྲལ་ངོས་སུ་གླན་བྱུང་། བྱང་ཆུབ་སེམས་དཔའི་གདོང་ནི་ཅི་འདྲའི་གྲང་མོ་གྲང་མོ་ཞིག་ཨང་།
ཨ་མས་གུ་རུ་རིན་པོ་ཆེའི་གཟུངས་སྔགས་ལན་གཅིག་བཟློས་བྱུང་སྟེ།
“ཨོཾ་ཨཱ༔ཧྲཱོཾ་བཛྲ་གུ་རུ་པདྨ་སིངྷི་ཧཱུྃ།”
ངས་ཀྱང་ཨ་མའི་རྗེས་འབྲངས་ཏེ་མ་ཎི་ཡི་གེ་དྲུག་མ་ལན་གཅིག་བཟློས་པ་ཡིན།
“ཨོཾ་མ་ཎི་པདྨེ་ཧཱུྃ།”
ཉིན་མོ་དེ་དག་རིང་ཤིན་ཏུ་དྲོ། ཤིན་ཏུ་དྲོ་བ་དེར་དབྱར་ཁ་ཟེར་བ་འདྲ།
དབྱར་ཁར་ཨ་མར་ཁོམ་པ་ཟེར་བ་ཞིག་གཏན་ནས་མེད། ཡིན་ནའང་ང་ལ་དུས་ཚོད་མོད་པོ་མོད་པོ་ཡོད། ངའི་དུས་ཚོད་ནི་ནམ་ཡང་རྫོགས་མཐའ་མེད།
ཨ་མས་ང་ལ་ཉིན་རྒྱུན་ཟས་གཡོས་རྗེས་སླ་ངའི་ནང་དུ་བཞག་ཡོད། ཨ་མས་གཡོས་པའི་ཟས་ནི་ཤིན་ཏུ་ཞིམ་ནའང་། ལན་རེར་ང་ལའང་ཡི་ག་གཏན་ནས་མི་འདུགངས་སླ་ངའི་ནང་གི་དཀར་ཡོལ་བླངས་པ་ན། དཀར་ཡོལ་ནང་དུ་སེར་ལམ་ལམ་གྱི་ཞོག་ཁོག་དང་དཀར་ནེམ་ནེམ་གྱི་གོ་རེ་བཞག་འདུག ངས་ཞོག་ཁོག་དང་གོ་རེ་རྣམས་སིལ་བུར་བྱས་ནས་སྙིང་རྗེ་བའི་ཕུག་རོན་དེ་དག་ལ་བྱིན་པ་ཡིན། ཕུག་རོན་རྣམས་ནི་དངོས་གནས་སྙིང་རྗེ་མོ་ལ། ཁོ་ཚོར་ཟ་རྒྱུ་དང་འཐུང་རྒྱུ་ཅི་ཡང་མི་འདུག ཕུག་རོན་རྣམས་ང་ལ་མི་སྐྲག་ཅིང་།ང་ཡང་ཕུག་རོན་རྣམས་ལ་མི་སྐྲག ཕུག་རོན་རྣམས་ངའི་གམ་ནས་ཕར་ལྡིང་ཚུར་ལྡིང་བྱེད། མཚམས་རེར། ཕུག་རོན་རེ་གཉིས་ངའི་ཕྲག་པར་བབས་ནས“ཀྭི་ཀྭི——ཀྭི་ཀྭི”ཞེས་ང་ལ་ཀྱལ་ཀ་བྱེད། ངས་ཁོ་ཚོས་ཅི་ཞིག་བཤད་ཀྱིན་པ་ཧ་མི་གོ། ངས་རང་གི་ས་རུ་རང་གི་སྐད་ཆ་བཤད་ཅིང་།ཁོ་ཚོས་ཁོ་ཚོའི་ས་རུ་ཁོ་ཚོའི་སྐད་ཆ་བཤད་ཀྱིན་འདུག
ཉི་མ་ནུབ་རིར་ཡོལ་སོང་།ཨ་མ་ད་དུང་ཕྱིར་མ་སླེབས། ཉི་མས་ནག་ལ་རིང་བའི་གྲིབ་གཟུགས་ནམ་མཁར་བསྐྱུར་བྱུང་། ཉི་མའི་གྲིབ་གཟུགས་ནི་དངོས་གནས་ནག་ལ་རིང་སྟེ། ནམ་མཁའ་ཆེན་པོར་ཡོངས་སུ་ཁེབས་འདུག
ཉི་མའི་གྲིབ་གཟུགས་ནི་ཇེ་ནག་ནས་ཇེ་ནག་ཏུ་གྱུར——
ཨ་མ་ལོག་པ་ཧ་ཅང་འཕྱིས།
ཨ་མས་ཉི་མའི་ནག་ལ་རིང་བའི་གྲིབ་གཟུགས་སྟེང་རྡོག་པས་སྤོ་བཞིན་སླེབས་བྱུང་།
ཨ་མས་ངའི་སྐྲག་སྣང་མཐའ་དག་བསྐྲད་སོང་།
ཨ་མ་ནི་དངོས་གནས་བྱང་ཆུབ་སེམས་དཔའ་རེད། ཨ་མ་ཡོད་ཚེ་ང་ཅི་ལའང་མི་སྐྲག
དགོང་མོར།ཨ་མ་ཚ་ཐབ་སྟེང་ཉལ་མ་ཐག་གཉིད་འགྲོ། ངས་མིག་གཉིས་བཙུམས་ནའང་གཉིད་གཏན་ནས་མི་ཡོང་།
མཚན་མོ་མང་པོར།ངས་ཡང་དང་བསྐྱར་དུ་མུན་ནག་གི་མཚན་མོ་མཐོང་བྱུང་། མཚན་མོའི་མུན་པ་མཐོང་བྱུང་།མཚན་མོའི་མུན་པ་ནི་གཏོས་ཆེ་ཞིང་།ལྗིད་ཀྱིས་ཁྱོགས་པ། དེ་ནི་བེམ་པོ་གཉིས་བཅུག་ཡོད་པའི་རོ་སྒམ་ཞིག་དང་འདྲ་བར་ཧ་ཅང་ལྕི། མུན་པས་ང་མནན་ཏེ་དབུགས་ཀྱང་འབྱིན་པར་དཀའ། ངའི་སྣང་བར་ནམ་མཁའ་ཧྲིལ་བོའི་ལྷིང་འཇགས་ཏེ། མཆོང་ཞིང་ལྡིང་ནས་འགྲོ་ལ་འཇིགས་ཆེ་བའི་གདོན་འདྲེའི་རྐང་རྗེས་བརྐོས་ཡོད་པ་དང་འདྲ་བའི་ཕ་བོང་ཇི་བཞིན་གྱི་ལྷིང་འཇགས་ནི། ཧ་ཅང་རྒྱང་རིང་ནས་དལ་བ་དལ་བུར་ཤུལ་མེད་རྗེས་མེད་དུ་ངའི་རྣ་ལམ་དུ་འཛུལ་ཡོང་། སྐབས་དེར། ང་ནི་འོན་པ་ལྟར་ཅི་ཡང་མི་གོ། ས་གཞི། ལྗོན་པ། ཆུ་བོ……ཡོད་ཚད་ཀྱི་ཡོད་ཚད་མི་སྣང་བར་གྱུར་པ་བཞིན་ངའི་མིག་ལམ་དུ་མཚན་མོའི་མཚན་མོ་དང་། མཚན་མོའི་མུན་པ། མཚན་མོའི་ཨ་མ་ལས་ཅི་ཡང་ལྷག་མི་འདུག
ངས་ཨ་མ་ཞེས་སྐད་ཆེན་པོས་ཐེངས་ཤིག་བོས།
ཨ་མ་ནི་གཉིད་ཀྱི་གཏིང་དུ་བྱིང་འདུགཨ་མ་སད་མ་བྱུང་།
ངའི་སེམས་ལ་ཨ་མ་ནི་ཤིན་ཏུ་ངལ་འདུག་སྙམ། ངས་མལ་ཐུལ་རང་གི་མགོར་བཀབ་སྟེ་མིག་བཙུམས་པ་ན།མིག་ལམ་ཡོད་ཚད་སྔར་བཞིན་ནག་ཧང་ངེར་འདུགང་ལ་གཏན་ནས་གཉིད་མི་ཡོང་།
ང་ཨ་མའི་རུམ་དུ་འཛུལ་བ་ན། ཨ་མ་སད་བྱུང་བ་འདྲ། མོས་ང་རང་པང་བྱུང་། ངས་སྔོན་མ་དང་འདྲ་བར་ཨ་མའི་ནུ་མར་འཇུས། ཨ་མའི་ནུ་མ་ནི་འཇམ་ཞིང་ནེམ།ཨ་མའི་ནུ་མ་ནི་ཕྱེ་བརྫིས་མ་ཞིག་དང་འདྲ་ལ། དེ་དང་ཡང་མི་འདྲ། དབུགས་ལྒང་དང་འདྲ།ཡང་མི་འདྲ……
ངས་ཨ་མའི་ནུ་མར་རེག་བཞིན་ཡུན་གྱིས་གཉིད་སོང་།
ཐེངས་ཤིགཨ་མ་ན་བྱུང་།བྱང་ཆུབ་སེམས་དཔའ་ན་བྱུང་།
ངའི་སེམས་ལ་ཨ་མའི་ནད་ནི་རྡོ་རྒན་ནག་པོ་དེ་བཞིན་ཤིན་ཏུ་ལྕི་བ་ལ་སྙམ་བྱུང་། དེ་ལྟར་མིན་ཚེ་ཨ་མ་ཉལ་སར་ལྷུང་མི་སྲིད།ཨ་མ་ཚ་ཐབ་སྟེང་ཉལ་ཏེ་ང་ལ་ལྟ་བའི་མིག་ཟུང་ནི་རླུང་ནང་གི་མར་མེ་དང་འདྲ་བར་རྡེབ་ཙམ་རྡེབ་ཙམ་བྱེད། གལ་ཏེ་ཨ་མའི་མིག་ནང་ནས་མིག་ཆུ་མ་བཞུར་ཚེ། ཨ་མར་ན་ཚ་བྱུང་བ་དེ་ཡང་དོན་དག་དགའ་ཞིག་ཡིན་ཨང་བསམས་བྱུང་།
ཨ་མ་ན་རྗེས། ཨ་མས་ཉིན་གང་བོར་ང་བསྲུངས་ནས་བསྡད་ཆོག
ཨ་མ་ན་ནས་ཉིན་གཉིས་པར། གྲོང་དཔོན་དུ་འབོད་པའི་སྐྱེས་པ་གདོང་ཡོངས་སྤུས་ཁེངས་པ་དེས། ང་ཚོའི་གྲོང་ཚོའི་སྔགས་པ་རྒན་པ་དེ་ངེད་ཚང་དུ་གདན་དྲངས་བྱུང་། སྔགས་རྒན་གྱིས་རལ་བ་རིང་བོ་བསྐྱུར་ཅིང་། ལག་ཏུ་ཌ་མ་རུ་དང་དྲིལ་བུ་ཐོགས་འདུག་ལ། ཁོ་རང་དཀྱིལ་ཀྲུང་དུ་བསྡད་དེ་རིམ་གྲོ་སྒྲུབ་བཞིན་འདུག སྔགས་རྒན་གྱིས་ཆོས་འདོན་དུས་ཀྱི་ཉམས་འགྱུར་ནི་འཇིགས་སུ་རུང་བ་ཞིག་སྟེ། ཁོས་མཚམས་མཚམས་ལ་ད་དུང་ལག་གི་ཌ་མ་རུ་ཏིང་ཏིང་ཏིང་གཡུག་ཅིང་། དྲིལ་བུ་སིང་སིང་སིང་དཀྲོལ་ཡོང་།
ཉིན་མོ་དེ་དག་གི་རིང་ལ། གྲོང་དཔོན་དང་ཁོའི་ཆུང་མ་གཉིས་ཡར་རྒྱུག་མར་རྒྱུག་བྱས་ནས། ང་དང་ཨ་མ་གཉིས་ཀའི་ཆེད་དུ་ལས་ཀ་མང་པོ་བསྒྲུབས། སྔགས་རྒན་གྱིས་ཏག་ཏག་ཉིན་གསུམ་ལ་ཆོས་སྐད་ལྷང་ལྷང་དང་དྲིལ་བུ་སིང་སིང་དུ་དཀྲོལ་ཡང་། ཨ་མའི་ནད་གཞི་དྲག་སྐྱེད་མ་བྱུང་། མཇུག་མཐར་གྲོང་དཔོན་གྱིས་ཉེ་འབྲེལ་གྱི་གྲོང་ཚོ་རུ་སྨན་པ་ཞིག་ཁྲིད་ནས་ཡོང་། སྨན་པ་གཟུགས་རིང་སྐམ་རིད་ཅན་དེ་ནི་དངོས་གནས་ངར་བ་ཞིག་རེད། ཁོའི་མཐུ་ནུས་ནི་སྔགས་རྒན་ལས་ཆེ་ཁོ་ཐག་རེད། ཨ་མས་ཉིན་གཉིས་ལ་སྨན་ཟོས་པས་ལུས་སྟེང་གི་རྡོ་རྒན་བསམ་གནག་དེ་ཕར་བསྒྱེལ་སོང་།
ངས་ཨ་མའི་སྐད་ཆ་ཡིད་ལ་དམ་པོར་བཟུང་བ་ཡིན། ཨ་མས་གྲོང་དཔོན་ནི་མི་བཟང་བོ་ཞིག་ཡིན་ཟེར།
ངའི་སེམས་ལ་གྲོང་དཔོན་དང་ཁོའི་ཆུང་མ་ཡང་བྱང་ཆུབ་སེམས་དཔའ་རེད་འདོད་བྱུང་།
དོན་དུ་ང་ཚོའི་གྲོང་ཚོའི་ནང་དུ་བྱང་ཆུབ་སེམས་དཔའ་མང་པོ་ཡོད་དེ། མ་ཎི་ཁང་གི་ལྷ་སྐུ་དེ་དག་བྱང་ཆུབ་སེམས་དཔའ་ཡིན་ལ།རྒན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཡིན། ཡིན་ཡང་ངས་རྒན་པ་དེ་དག་གི་མིང་རེ་རེ་བཞིན་འབོད་མི་ཤེས། སྔགས་རྒན་ནི་བྱང་ཆུབ་སེམས་དཔའ་རེད། ཨ་མ་ནི་བྱང་ཆུབ་སེམས་དཔའ་རེད།
ངས་ང་ནི་བྱང་ཆུབ་སེམས་དཔའ་ཡིན་མིན་མི་ཤེས།ངས་ཨ་མ་པང་སྟེ་རང་གི་འགྲམ་པ་ཨ་མའི་དཔྲལ་བར་གླན་པ་ན། ཨ་མའི་དཔྲལ་བ་ནི་གྲང་མོ་གྲང་མོ་ཞིག་རེད།
“ཨ་མ་ནི་བྱང་ཆུབ་སེམས་དཔའ་རེད།”ངས་དེ་ལྟར་བཤད།
ཨ་མ་གློ་བུར་དུ་ངུས་བྱུང་། ཨ་མའི་ངུ་སྐད་ཤིན་ཏུ་ཆེ།
ངའི་སེམས་ལ་དེ་ནི་བྱང་ཆུབ་སེམས་དཔའ་ངུས་པ་རང་རེད་བསམས་བྱུང་།
“མ་གཞི་བྱང་ཆུབ་སེམས་དཔའ་ཡང་ངུ་ཤེས་ཀྱིན་འདུགབྱང་ཆུབ་སེམས་དཔའི་ངུ་སྐད་ད་དུང་ཤིན་ཏུ་ཆེ།”ངས་དེ་ལྟར་བཤད།
བྱང་ཆུབ་སེམས་དཔའ་དགོད་བཞིན་དུ་ངུས་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注