མཚན་མོའི་མུ་མཐའ།


སྒོ་མེ་ཚེ་རིང་བཀྲ་ཤིས། [ཟི་ལིང]


ཉིན་དེར་མངགས་གཏོང་ཁང་དུ་སའོ་ཀྲང་གཞོན་པ་དང་ཨ་ཁུ་འཇིགས་མེད། ཚེ་དབང་ངེད་བཞི་བོ་ལས་མེད། ས་སྲོས་ཀྱི་མཚམས་སུ། ང་མལ་ཁྲིའི་སྟེང་ལོག་སྟེ་ཁ་པར་ཡར་སྣོག་མར་སྣོག་ངང་སྡོད་དུས། ར་སྐོར་ནང་དུ་རླངས་འཁོར་གྱི་དུང་བརྡ་ལན་འགའ་བརྒྱབ་བྱུང་། ངས་དེར་ཁ་ཡ་མ་བྱས་པར་མུ་མཐུད་དུ་ཁ་པར་བསྣོགས་ནས་བསྡད། དེའི་དུས། རླངས་འཁོར་གྱི་དུང་བརྡ་སྔར་བས་ཀྱང་རིང་ཞིང་རྣ་ལ་གཙེས་པ་ཞིག་གྲག་འོངས་པས། ངའི་ཁོག་ནས“ཁྱི་སྐྱག་ཀན་སུ་ཡིན་ནམ”ཞེས་སྡིགས་མོད་བྱེད་ཀྱིན་སྒོ་ཕྱེ་ནས་བལྟས་པ་ན། ར་སྐོར་ནང་དུ་ཉེན་ཟོན་རླངས་འཁོར་གྱི་གློག་དམར་འོད་འཚུབ་འཚུབ་བྱེད་ཀྱིན་འདུག་ལ། སའོ་ཀྲང་གཞོན་པས་ང་མཐོང་བ་དང་རླངས་འཁོར་གྱི་སྒེའུ་ཁུང་ལས་མགོ་བོ་ཕྱིར་བསྲིངས་ནས“རེམ་རེམ། རེམ་མ་ཤོག དོན་དག་གལ་ཆེན་ཞིག་ཡོད་ཀི་རེམ་རེམ”ཟེར། སའོ་ཀྲང་གཞོན་པའི་གཏམ་དེ་ཐོས་འཕྲལ་ངས་མགྱོགས་མྱུར་ངང་ལྷམ་གོན་ཞིང་། ལས་གོས་ལག་ཏུ་བཟུང་ནས་བརྒྱུགས་པ་ཡིན།

རླངས་འཁོར་ནང་བུད་པ་ན། སའོ་ཀྲང་དང་ཁོ་གསུམ་པོ་སྔར་ནས་རླངས་འཁོར་ནང་བསྡད་འདུག་ལ། སའོ་ཀྲང་གིས་ཐ་མག་རྔམ་འཐེན་བྱེད་བཞིན“རེམ། ལམ་དུ་ཆས་རོགས”ཟེར། ཚེ་དབང་གིས་རླངས་འཁོར་གྱི་དཀྱུ་འཁོར་དཀྱུ་བཞིན“ཁྱོད་ལ་སྐར་མ་བཅུར་བསྒུགས་སོང”ཟེར་ལ། ཁོའི་སྐད་གདངས་ཁྲོད་མ་རངས་པའི་ཉམས་ཤིག་ཐོན་འདུག ང་ཨ་ཁུ་འཇིགས་མེད་ཀྱི་ལོགས་སུ་མགོར་འཕྲུག་བཞིན་ཁ་རོག་གེར་བསྡད། རླངས་འཁོར་ནང་དུད་སྨུག་འཐིབས་ཡོད་པས་མིག་ཚ་ནས་འབྱེད་ཀྱང་དཀའ་བ་ཞིག་རེད། མངགས་གཏོང་ཁང་གི་སྒོར་བུད་པ་དང་གྲོང་རྡལ་གྱི་སྲང་ཤུར་རིང་བོ་དེ་བརྒྱུད་ནས་ཤར་ཕྱོགས་སུ་ཆས་སོང་། ཁོ་ཚོ་ཁ་མི་གྲག་པར་སྡོད་ཅིང་། ཡུད་ཙམ་གྱིས་སའོ་ཀྲང་གཞོན་པས་སྐེད་ནས་དཀྲུམ་མདའ་ཞིག་བཏོན་ནས་མདུན་གྱི་སྟེགས་བུའི་སྟེང་བཞག་རྗེས། ཡང་བསྐྱར་ཐ་མག་རྐང་གཅིག་བཏོན་ཏེ་མེ་བསྒོས་བྱུང་། ངས་སྔར་བཞིན་དོན་དག་གལ་ཆེན་ནི་ཅི་ཞིག་ཡིན་པ་མི་ཤེས་མོད། དཀྲུམ་མདའ་མཐོང་བའི་མོད་ལ་སེམས་ལ་དོན་དག་གལ་ཆེན་ནི་ཅི་ཡིན་ནམ་སྙམ་ནས་འཇིགས་སྣང་ཞིག་སྐྱེས་བྱུང་།

ང་ཚོ་སྡོད་པའི་རླངས་འཁོར་ནི“དེང་རབས”རྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་ཞིག་ཡིན་ལ། སྐད་ཅིག་ཙམ་གྱི་རིང་ལ་གྲོང་རྡལ་ལས་རིང་དུ་བརྒལ་བ་ན། ས་ལམ་སྐྱ་ཤུར་ཤུར་ཞིག་མིག་མདུན་དུ་མངོན་བྱུང་། ས་ལམ་གྱི་གཞོགས་གཉིས་སུ་ལྕགས་དྲ་འཐེན་འདུག་ཅིང་། ལྕགས་དྲའི་ནང་གི་སེར་ལམ་ལམ་གྱི་རྩི་ཏོ་དག་ནི་ས་སྲོས་ཀྱི་རླུང་གིས་བསྒུལ་ཏེ་ཕར་གཡོ་ཚུར་གཡོ་བྱེད། གནམ་མཐའི་མཚམས་ཀྱི་སྤྲིན་པ་དམར་ལ་ནག་ཞེད་འདྲེས་པ་དེས་རྒྱང་རིང་གི་རི་བོ་མཐོན་པོ་དག་གི་དབུ་རྩེ་ལྗིད་ཏིག་གེར་མནན་འདུག ངས་སྒེའུ་ཁུང་ལས་ཕྱི་རོལ་གྱི་ཡུལ་ལྗོངས་ལ་ལྟ་དུས། ལྕགས་དྲའི་ནང་རོལ་ཏུ་ཆུ་ཤོག་ཅིག་རླངས་འཁོར་གྱི་བང་ལ་འགྲན་པ་བཞིན་རླུང་གིས་དེད་ནས་རྒྱུག་པར་བྱེད། ངས་མིག་ཟུང་མ་ལྷོད་པར་མུ་མཐུད་དུ་བལྟས་པ་ན། ཆུ་ཤོག་དེ་ཕལ་ཆེར་སྨིད་ཉིས་བརྒྱ་ཙམ་ལ་བརྒྱུགས་རྗེས་ལྕགས་དྲའི་སྣེ་ཞིག་ལ་ཐོགས་ནས་ལུས་སོང་། དེས་ང་ལ་ཕངས་སེམས་ཤིག་ཐོལ་ཐོལ་དུ་སྐྱེས་སུ་བཅུག་ཅིང་ཡང་ཡང་ཕྱི་མིག་བལྟ་དགོས་བྱུང་།

“ལག་དམར་གྱི་ལག་ཏུ་གྲི་སོགས་ཐོགས་ཡོད་ན་ཐང་།”སའོ་ཀྲང་གཞོན་པས་མགོ་བོ་རྒྱབ་ཕྱོགས་སུ་འཁོར་ནས“ང་ཚོས་སེམས་ཆུང་བྱ་དགོས”ཟེར། སའོ་ཀྲང་གཞོན་པའི་སྐད་ཆ་དེས་ངའི་ཕངས་སེམས་ཁྲོད་ལུས་པའི་ཆུ་ཤོག་དེ་གློ་བུར་གཤགས་སོང་། ཨ་ཁུ་འཇིགས་མེད་ཀྱིས“འོ་ཡ”ཟེར་བས། ངས་ཁ་ནས་ཀྱང་དབང་མེད་དུ“འོ་ཡ”ཞེས་ཤོར།

“གནས་ཚུལ་བདེན་པ་ཡིན་ནམ།”ཚེ་དབང་གིས་དེ་ལྟར་དྲིས་པ་ན། སའོ་ཀྲང་གཞོན་པས“བདེན་པ་ལོས་ཡིན། སྡེ་དཔོན་བསམ་ཁོས་ཁ་པར་བཏང་ཡོང་བ་རེད”ཟེར། དེའི་དུས་ཨ་ཁུ་འཇིགས་མེད་ཀྱིས་ཀྱང“དེར་སྤོབས་པ་ཆེ་བ་ལ”ཟེར། ཁོ་ཚོའི་ཁ་བརྡའི་ཁྲོད་དོན་དག་ཅི་ཡིན་གསལ་པོ་ཞིག་བཤད་མ་བྱུང་བས། ངས་སྔར་བཞིན་དོན་དག་གལ་ཆེན་དེ་ཅི་ཡིན་པ་གསལ་བོ་ཞིག་ཤེས་མ་བྱུང་། ཡིན་ནའང་དོན་དག་དེ་ནི་མི་གསོད་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པ་རྟོགས་སོང་། དེའི་དུས་རྒྱང་རིང་དུ་སྨག་ཆད་མགོ་བརྩམས་པས་མཐོང་ལམ་གྱི་རི་བོ་དག་ནག་ཐིང་ཐིང་དུ་གྱུར་པ་ན། རླངས་འཁོར་གྱི་གློག་སྒྲོན་ནི་ཇེ་གསལ་ནས་ཇེ་གསལ་ཡིན་པའི་སྣང་བ་སྟེར། འབར་འབུར་མི་སྙོམས་པའི་ལམ་གྱི་ཁུགས་སོར་གློག་འོད་ནི་བྱིས་པ་པྲ་ཚག་ཅིག་དང་འདྲ་བར་ཡར་ལྡིང་མར་ལྡིང་བྱེད།

ང་ལ་དོན་དག་ཅི་ཡིན་གསལ་ཁ་ཆོད་པ་ཞིག་ཁོ་ཚོས་མ་བཤད་ལ། ང་མངགས་གཏོང་ཁང་འདིར་ཡོང་ནས་ཉིན་བཅུ་ཕྲག་ཙམ་ལས་འགོར་མེད་པས་ངས་ཀྱང་འདྲི་མ་སྤོབས། ཡིན་ནའང་། འདི་ནི་ང་ཉེན་རྟོག་པར་གྱུར་ནས་ཐེངས་དང་པོར་ཉེས་ཅན་འཛིན་དུ་ཆས་པ་ཡིན་པས་སེམས་ཀྱི་ག་ཤེད་ཅིག་ཏུ་འཇིགས་སྣང་དང་རེ་ལྟོས་ཤིག་མཉམ་པོར་བཙངས་ཡོང་ཞིང་། ངས་རང་གི་སྙིང་ལྟིག་ལྟིག་ཏུ་ལྡིང་བའི་སྒྲ་ཡང་གསལ་བོར་གོ་ཐུབ།

རླངས་འཁོར་དེ་ལྟར་ཆུ་ཚོད་གཅིག་ལྷག་སོང་མཐར། གློག་འོད་ཟ་ཟིར་འཕྲོ་བའི་འབྲོག་སྡེ་ཐར་ཐོར་ཞིག་ཕ་གིའི་རི་འདབས་སུ་ཆགས་པ་མིག་ལམ་དུ་མངོན་ཡོང་། ང་ཚོ་མུ་མཐུད་དུ་སོང་བ་ན། སྡེ་འདབས་ཀྱི་གྲུ་ཁ་ཞིག་ཏུ་མི་ཞིག་ནག་རིལ་རིལ་དུ་འཇུར་ཡོང་ནས་ལག་པ་གཡུག་པར་བྱེད། རླངས་འཁོར་ཏན་སེར་བསྡད་པ་དང་མི་དེ་གམ་དུ་བརྒྱུགས་ཡོང་། སའོ་ཀྲང་གཞོན་པས་སྒེའུ་ཁུང་གི་ཤེལ་སྒོ་མར་ཕབ་ནས“སྡེ་དཔོན་བསམ་ཁོ་ཡིན་ནམ”ཟེར་བ་ན། མི་དེས་གདོང་ཡོངས་བཏུམ་པའི་སྐེ་གཅུད་དེ་བཤུས་ཤིང“ཡིན། ང་ཡིན། སའོ་ཀྲང་། ང་འདིར་སྦས་ཏེ་སོ་ལྟ་བྱས་པ་ཡིན”ཟེར་བ་ན། སའོ་ཀྲང་གཞོན་པས་ཚེ་དབང་ལ“རླངས་འཁོར་གྱི་གློག་གཟིམས་རོགས”ཟེར། སྐད་ཅིག་མ་དེར་མིག་མདུན་གྱི་ཡོད་ཚད་ནག་ཐིང་ངེར་གྱུར། སའོ་ཀྲང་གཞོན་པས་རླངས་འཁོར་གྱི་སྒོ་ཕྱེ་ནས་སྔོན་ལ་ཐང་དུ་བབས། ཚེ་དབང་དང་ཨ་ཁུ་འཇིགས་མེད་གཉིས་ཀྱང་སྔ་གཞུག་བྱས་ནས་སར་བབས་པས། ང་ཡང་འཕྲལ་དུ་བབས་པ་ཡིན། 

“ཁྱོད་ཀྱིས་ལམ་ཁྲིད།”སའོ་ཀྲང་གཞོན་པས་སྡེ་དཔོན་བསམ་ཁོར་བཤད་པ་ན། སྡེ་དཔོན་བསམ་ཁོ་སྔུན་ལ་ཕྱིན། ང་ཚོ་དེ་ལྟར་སྡེ་དཔོན་བསམ་ཁོ་ཟེར་བའི་ལོ་ཡར་གསེག་དེའི་རྗེས་འབྲངས་ནས་ཁ་རོག་གེར་དེའུ་འབུར་ཆུང་ཆུང་ཞིག་གི་སྟེང་དུ་འགོས། སྡེ་དཔོན་བསམ་ཁོས་དེའུ་འབུར་དེའི་གཤམ་གྱི་ར་སྐོར་མེད་པའི་ཁང་མིག་གྲལ་ཤར་ཞིག་བསྟན་ནས“ཀན་རེད”ཟེར། ཁང་མིག་ལས་གློག་བཀར་ནས་ཕྱི་རོལ་ཡང་དཀར་གསལ་ལེར་མཐོང་ཐུབ་ལ། སྒོ་ཁར་གློག་དམར་པོ་དང་ལྗང་ཁུ་འདྲེས་མ་ཞིག་རེས་མོས་སུ་ཁྲ་ལམ་ལམ་བྱེད། སྡེ་དཔོན་བསམ་ཁོས“ཁོ་ནང་དུ་ཡོད་ཁོ་ཐག་ཡིན། ངས་ས་མ་རུབ་གོང་ནས་བསྲུངས་བསྡད་པ་ཡིན། ནག་བྷ་ཐེངས་གསུམ་ལ་སྒོར་བུད་ནས་གཅིན་པ་བཏང་བ་ལས་གཞན་གང་དུ་ཡང་མ་སོང”ཟེར། སའོ་ཀྲང་གཞོན་པས་གཤམ་གྱི་ཁང་ཤར་དེར་ཡུད་ཙམ་ལ་བལྟས་རྗེས“ཁྱོད་ཀྱིས་དཀའ་ལས་མྱངས་སོང་། ད་ཁྱོད་ཕྱིར་བུད་སོང་ན་ཆོག”ཟེར་བ་ན། སྡེ་དཔོན་བསམ་ཁོས“ཡ་ཡ”ཟེར་ཞིང་དེ་མ་ཉིད་དུ་ལོག་སོང་།

སྡེ་དཔོན་བསམ་ཁོ་སོང་རྗེས་སའོ་ཀྲང་གཞོན་པས་རང་གི་སྦོམ་ལ་ལྡིར་བའི་སྐེད་ནས་ལག་སྒྲོག་བླངས་ཏེ་ཚེ་དབང་གི་ལག་ཏུ་བཞག་ཅིང་། ངེད་གཉིས་ལ་བལྟས་ནས“ངས་སྒོར་རྡོག་ཐོས་གཞུས་ནས་དཀྲུམ་མདས་བཙུགས་མ་ཐག ཁྱོད་གསུམ་པོ་ནང་དུ་བརྒྱུགས་ནས་ནག་བྷ་བཟུང་ལ་ལྕགས་སྒྲོག་རྒྱོབས”ཟེར། ང་ཚོས་མཉམ་དུ་སྐད་དམའ་མོས“ཡ”ཞེས་ལན་བཏབ། སའོ་ཀྲང་གཞོན་པ་སྔོན་དུ་འཇབ་ནས་འགྲོ་ཞིང་། ང་ཚོ་ཁོའི་རྗེས་དེད་པ་ཡིན། ངའི་སྙིང་ནི་སྔར་ལས་ཀྱང་ལྟིག་ལྟིག་ཏུ་ལྡིང་ཞིང་དྲག་ཏུ་གཡོས་བྱུང་། ང་ཚོ་ཁང་ཤར་དེའི་མདུན་དུ་སླེབས་པ་ན། ཁང་ཤར་དེའི་སྒོ་ཀླད་དུ“ཚེ་རིང་སྣ་འཛོམས་ཚོང་ཁང”ཞེས་བྲིས་པའི་སྒོ་བྱང་ལེབ་མོ་ཞིག་བཀལ་འདུག སའོ་ཀྲང་གཞོན་པས་དཀྲུམ་མདའ་ལག་ཏུ་བཅིངས་ནས་སྒོ་ཁར་ལངས་ཤིང་ང་ཚོ་ཁོའི་རྒྱབ་ཏུ་འགྲེང་བའི་ཚེ། ཁང་པའི་ནང་དུ་མི་འགའ་ཡིས་ཁ་བརྡ་བྱེད་པ་ཐོས་འོངས།

“……”

“སྤུན་ཟླ། ཁྱོད་ཀྱི་དོན་དག་ངའི་དོན་དག་ཡིན།”

“ཁྱོད་འདི་མི་ངར་བ་ཟེར་བ་རེད། ཧ་ཧ་ཧ།”

“ཡ་ཡ། ཤོག གཙང་བཞེས་ཡིན།”

“……”

ཁོ་ཚོས་དམ་བེ་ཕན་ཚུན་གཏུག་པའི་སིང་སྒྲ་གསལ་ལྷིང་ངེར་མཆེད་ཡོང་།

སྐབས་དེར་སའོ་ཀྲང་གཞོན་པས་ལག་བརྡ་ཞིག་བརྒྱབ་རྗེས། ཁོ་སྒོའི་གཡས་འགྲམ་དུ་ལངས་ཤིང་། ཚེ་དབང་སྒོའི་གཡོན་འགྲམ་དུ་ལངས་བྱུང་། ཨ་ཁུ་འཇིགས་མེད་དང་ངེད་གཉིས་ཀྱང་སྒོའི་གཡོན་འགྲམ་དུ་ལངས་པ་ཡིན། ངས་བློ་རིག་གཅིག་ཏུ་བསྒྲིམས་ནས་སའོ་ཀྲང་གཞོན་པས་ཉམས་འགྱུར་འཚོས་ནས་བསྡད་པ་ན། སའོ་ཀྲང་གཞོན་པས་མཛུབ་བརྡ་ཞིག་བཏང་རྗེས་ཁོའི་སྦོམ་ལ་ཐུང་བའི་རྐང་པ་དེས་ཚོང་ཁང་གི་སྒོར་རྡོག་ཐོས་ཤུགས་ཀྱིས་གཞུས་འཕྲལ། སྒོ་ནི་སྐྱི་གཡའ་བའི་ཁྲོག་སྒྲ་ཞིག་དང་ཆབས་ཅིག་ཕྱེ་སོང་བས། ཁོ་ཚོས་ཅི་ཡིན་འདི་ཡིན་མ་ཤེས་པར་ཁ་མལ་དུ་འཕག་ཙམ་ཡང་མི་བྱེད་པར་ང་ཚོར་ཅེར་འདུག

སའོ་ཀྲང་གཞོན་པས་དཀྲུམ་མདའ་ཁོ་ཚོའི་སྟེང་དུ་བཙུགས་ནས“མ་འཕག ལག་པ་ཡར་ཁྱོགས”ཟེར་ཞིང་། ཚེ་དབང་རྒྱུག་ཐེངས་ཤིག་གིས་སྐྲ་ལོ་འཇིལ་ལིར་འཁྱིལ་བའི་མི་དེའི་གམ་དུ་ཕྱིན་ནས་མགོ་ནས་མར་མནན་བྱུང་། ཨ་ཁུ་འཇིགས་མེད་དང་ངེད་གཉིས་ཀྱང་བརྒྱུགས་སོང་ནས་ཚེ་དབང་ལ་ལག་སྒྲོག་རྒྱག་རོགས་བྱས། ཁོའི་ཆང་འཐུང་རོགས་གསུམ་པོ་བླ་འཁྱམ་པ་ལྟར་རང་རང་ས་རུ་ལག་པ་མགོར་ཁུར་ནས་འོག་མིག་གིས་ལྟ་བཞིན་འདུག

སྐྲ་ལོ་འཇིལ་ལིར་འཁྱིལ་བའི་མི་དེས“ཨ་ཨ་ཨ། ཨ་ཡོ། ང་ང་ང……”ཟེར། 

དེའི་དུས་སའོ་ཀྲང་གཞོན་པ་མདུན་དུ་བཅར་ཏེ་ཁོ་ཚོའི་མདུན་གྱི་འགྱིག་གི་ཅོག་ཙེ་ཆུང་ཆུང་དེར་རྡོག་ཐོས་གཞུས་ཐེངས་ཤིག་གིས་ཁ་ལོ་བསྒོར་བྱུང་བས། དེའི་སྟེང་གི་ལྦི་རག་གི་ཤེལ་དམ་རྣམས་སིང་དི་རེ་ཐང་དུ་ཡེར་སོང་།“ཁྱི་རྐུན་འདི་ཚོ།”སའོ་ཀྲང་གཞོན་པས“ད་རུང་ཁ་ནང་དུ་གཅིན་བརྒྱབ་ནས་བསྡད་འདུག”ཟེར།

ནག་བྷ་ཟེར་བ་དེ་སྣ་འཛོམས་ཚོང་ཁང་གི་སྒོར་དྲུད་ཡོང་བ་ན། ཁོའི་ཆང་འཐུང་རོགས་གསུམ་པོས་ཁ་གདངས་ཤིང་མིག་ཅེ་རེར་སྔར་བཞིན་ཁ་མལ་དུ་ཙོག་འདུག དེའི་དུས་ཚེ་དབང་གིས་ནག་བྷ་ཟེར་བ་དེ་ཨ་ཁུ་འཇིགས་མེད་དང་ངེད་གཉིས་ཀྱི་ལག་ཏུ་སྤྲད་དེ་ཁོ་རླངས་འཁོར་བསྐོར་དུ་བུད་སོང་། ཅང་མ་འགོར་བར་རླངས་འཁོར་འོད་ཆེམ་ཆེམ་ངང་དེའུ་འབུར་དེའི་གཡས་ལོགས་ནས་འཇུར་ཡོང་ཞིང་། ཁང་ཤར་དེའི་མདུན་ཐད་དུ་བསྡད་པ་དང་སའོ་ཀྲང་གཞོན་པས་ངེད་གཉིས་ལ་རླངས་འཁོར་དུ་འཛུལ་བའི་བརྡ་བསྟན་བྱུང་། ཨ་ཁུ་འཇིགས་མེད་དང་ངེད་གཉིས་ཀྱིས་ནག་བྷ་དཀྱིལ་དུ་བླངས་ནས་འདུག་སྟེགས་གཞུག་མའི་སྟེང་དུ་ཙོག སའོ་ཀྲང་གི་ཁ་ནང་ནས་དུ་བ་དམར་འཚུབ་འཚུབ་ཏུ་རྔུབ་ཀྱིན་གཅིན་པ་གཏོང་བཞིན་འདུག ཁོ་རླངས་འཁོར་དུ་འགོས་འཕྲལ་རླངས་འཁོར་ལས་ཉེན་ཟོན་དུང་བརྡ་རྒྱག་བཞིན་ལམ་དུ་ཆས་བྱུང་བས། ཕྱོགས་དང་ཕྱོགས་ནས་ཁྱི་ཟུག་པའི་སྒྲ་རྣ་ལམ་དུ་ཐོར་ཡོང་།

ནག་བྷའི་ཁ་ནང་དུ་ལྦི་རག་གི་དྲི་མ་སྐྱུར་ཏོ་ཞིག་ཐུལ་ལི་ལི་ལྡང་འོངས་ཤིང་། ངས་ཁོའི་གདོང་ལ་ཞིབ་ལྟ་ཞིག་བྱས་པ་ན། སྐྲ་ལོ་རིང་བོས་གདོང་གི་ཕྱེད་ཀ་གཡོགས་ཡོད་པས་གསལ་བོ་ཞིག་མི་མཐོང་ཡང་། གདོང་ཁུག་ཏུ་རྨ་ཁ་ཟབ་མོ་ཞིག་ད་དུང་དྲག་ཡག་མིན་པར་དམར་ཤ་ལེར་འདུག ངས་ཁོའི་གདོང་ལ་ཅེར་སྡོད་དུས་ཁོས་ཀྱང་སྐྲ་ལོ་རྒྱབ་ཏུ་གཡུག་བཞིན་ང་ལ་བལྟས་བྱུང་། ངས་ཀྱང་མིག་ཕུར་ཚུགས་སུ་ཁོའི་གདོང་དུ་ཅེར་བས། ཁོས་ང་ལ་འཛུམ་མདངས་ཤིག་བསྟན་བྱུང་། ངས་མུ་མཐུད་དུ་ཅེར་བསྡད་པ་ན། མཐའ་མར་ཁོས་ངའི་མིག་མདངས་ལ་གཡོལ་ནས་མགོ་བོ་སྨད་བྱུང་།

“ཁྱོད་ནག་བྷ་ཡིན་ནམ།”སའོ་ཀྲང་གཞོན་པས་ཁ་གྲག་བྱུང་།

ནག་བྷས་ཁ་མི་གྲག་པར་སྡོད།

“ཝེ། ངས་ཁྱོད་ལ་འདྲི་བཞིན་ཡོད།”

ནག་བྷས་སྔར་བཞིན་ཁ་མི་གྲག་པར་སྡོད།

སའོ་ཀྲང་གཞོན་པས་ཁ་ནང་དུ་དུ་བ་གང་འབྱོངས་ནས་ནག་བྷའི་གདོང་དུ་ཕུ་ཞིག་བཏབ་པ་ན། ནག་བྷས་མགོ་བོ་ཕྱི་ལ་དགྱེ་དགྱེ་བྱེད་པ་ལས་ཅི་ཡང་མི་ཟེར།

“ཧ་ཧ།”སའོ་ཀྲང་གཞོན་པ་མདུན་གྱི་རྐུབ་སྟེགས་སྟེང་བསྡད་ནས་ཁོང་དགོད་བྱེད་བཞིན“ཁ་མི་གྲག་གམ། ཡ་ཡ། ངས་ཁྱོད་ལ་རྩྭ་ཟ་ཀི་འཇུག”ཟེར།

སྐབས་དེར་ནག་བྷས་ཁ་གྲག་བྱུང་།“ང་ནག་བྷ་མིན་ན་སུ་ཡིན། ངས་ཅི་ཞིག་བྱས་སོང་།”ཁོས་མགོ་བོ་སྔུན་ལ་སྲིང་ཙམ་བྱས་ནས“ཁྱོད་ཚོས་ང་བཟུང་ནས་ཅི་བྱེད”ཟེར།

“སྐྱག་གཟན།”ཚེ་དབང་གིས་སྡིགས་མོ་འབོར་གྱིན“འདིས་ད་དུང‘ང་བཟུང་ནས་ཅི་བྱེད’ཟེར། ཁྱོད་བཟུང་ནས་ཁྱོད་ལ་དགའ་རྟགས་སྟེར་རྒྱུ་ཡ”ཟེར་བཞིན་མགོ་བོ་ཕྱིར་འཁོར་ནས་ལྟ་ཙམ་བྱས་བྱུང་།

ཨ་ཁུ་འཇིགས་མེད་ཀྱིས་སའོ་ཀྲང་གཞོན་པས་ཅི་ཟེར་ལ་མཉན་ནས་སྡོད་པ་ལས་ཅི་ཡང་མི་ཟེར།

རླངས་འཁོར་ལམ་གྱི་ཁུག་ཀྱོག་རེ་བརྒྱུད་དུས། མདུན་གློག་འཕྲོ་ཕྱོགས་ཤིག་གིས་ལམ་རྒྱུད་དུ་གློག་སྡོང་རེ་རེ་ཀེ་རེར་འགྲེངས་པ་མཐོང་ཐུབ་ལ། རླུང་གིས་གློག་སྡོང་བར་འཐེན་པའི་གློག་སྐུད་ལ་བརྡབས་ནས་ཤུ་སྒྲ་མཚམས་མེད་དུ་སྒྲོག་པའང་རྣ་ལམ་དུ་འཚང་ཡོང་། རླངས་འཁོར་ནང་དུ་སྔར་བཞིན་དུད་སྨུག་འཐིབས་ཏེ་མིག་ཚ་ལམ་ལམ་བྱེད། ངས་སྒེའུ་ཁུང་གི་ཤེལ་ཅུང་ཟད་མར་ཕབ་པ་ན་ཕྱི་རོལ་གྱི་རླུང་སྒྲ་སྔར་བས་ཇེ་ཆེར་གྱུར།

“ཡ། ཤོད།”སའོ་ཀྲང་གཞོན་པ་ཁ་ཕྱིར་འཁོར་ནས“རོ་གང་དུ་སྦས་ཡོད”ཟེར། 

“ཅི་ཞིག་གི་རོ།”ནག་བྷས“ངས་རོ་ཞིག་མ་རིག”ཟེར།

“ཁྱོད་ཀྱི་ཨ་ཕའི་རོ། ཁྱི་སྐྱག ཁྱོད་ཀྱིས་དྲང་མོར་བཤད་རྒྱ་ཨེ་ཡིན།”སའོ་ཀྲང་གཞོན་པ་ཁྲོས་བྱུང་།

ནག་བྷའི་སྐད་གདངས་ཁྲོད་ཅི་མི་སྙམ་པའི་ཉམས་ཤིག་འདྲེས་འདུག་པས། སའོ་ཀྲང་གཞོན་པས་གློ་བུར་དུ་ཚེ་དབང་ལ“སྡོད། རླངས་འཁོར་སྡོད”ཟེར་བ་ན། ཚེ་དབང་གིས་རླངས་འཁོར་ཏན་སེ་བསྒགས་བྱུང་བས། རླངས་འཁོར་ནང་གི་ང་ཚོ་ཤུགས་ཀྱིས་གཡོས་ཏེ་སྔུན་གྱི་འདུག་སྟེགས་ལ་བརྒྱག་ལ་ཁད་ཅིག་བྱས་སོང་། སའོ་ཀྲང་གཞོན་པས་ཚེ་དབང་ལ“རླངས་འཁོར་བསྐོར་མི་ཤེས་སམ”ཟེར། 

ཕྱི་རོལ་ཏུ་སྨག་ནག་པས་རླངས་འཁོར་གྱི་མདུན་གློག་འཕྲོས་ཡོད་སའི་ལམ་ངོས་ལས་ཅི་ཡང་མི་མཐོང་། ལམ་ངོས་ནི་འབར་འབུར་མི་སྙོམས་པས་འོད་དང་གྲིབ་མ་མང་ཉུང་མེད་པར་མཐོང་ཐུབ། སྐབས་དེར་སའོ་ཀྲང་གཞོན་པ་རླངས་འཁོར་ལས་ཐང་ལ་བབས་རྗེས། རླངས་འཁོར་གྱི་སྒོ་གཞུག་མོ་ཕྱེ་ཏེ“ཁྱི་སྐྱག་དེ་ཐང་ལ་འཁྲིད་ཤོག”ཟེར། ཨ་ཁུ་འཇིགས་མེད་དང་ངེད་གཉིས་ཀྱིས་གཅིག་གིས་མདུན་ནས་འཐེན་ཞིང་གཅིག་གིས་རྒྱབ་ནས་དེད་ཀྱང་། ནག་བྷ་ཟེར་བའི་ནག་ལྡང་དེ་རླངས་འཁོར་གྱི་འདུག་སྟེགས་ལས་མར་འབབ་ཏུ་འཇུག་མ་ཐུབ། ཁོ་ཕྱི་ལ་དགྱེ་དགྱེ་བྱས་ཏེ་འདུག་སྟེགས་དང་ཁ་འབྲལ་བར་མི་བྱེད། ཁོའི་འཕོངས་ནི་འདུག་སྟེགས་སྟེང་འབྱར་འདུག་པ་དང་འདྲ་བར་བསྒུལ་ཀྱང་བསྒུལ་མི་ཐུབ། ཚེ་དབང་ཁོང་ཁྲོ་གཏིང་ནས་ལངས་པ་འདྲ། རླངས་འཁོར་གྱི་སྒོ་ཁྲོག་སེ་ཕྱེ་སྟེ་ཐང་ལ་ལྡིང་བྱུང་།

“ངས་བཤད། ངས་བཤད།”ནག་བྷས་ཚེ་དབང་ཤོར་ནས་ཡོང་བ་མཐོང་འཕྲལ་ཁ་ནས་དེ་ལྟར་ཤོར་སོང་།

ཡིན་ནའང་ཚེ་དབང་ནི་རླངས་འཁོར་གྱི་སྒོ་གཞུག་མོ་གཟས་ནས་ཤོར་ཡོང་བས། ཨ་ཁུ་འཇིགས་མེད་ཀྱིས་ཚེ་དབང་བཀག་སྟེ“ཡ་ཡ། ད་ཐེངས་ཆོག་གི ད་ཁོས་བཤད་རྒྱུ་རེད”ཟེར་བ་ན། ཚེ་དབང་གིས“མི་འདི་དགྱེ་བ་རེད་ལ། ཨ་བ་ཨ་མ”ཞེས་དབུགས་ཧལ་ཧལ་དུ་ལེན་པར་བྱེད། སའོ་ཀྲང་གཞོན་པས་ལོགས་སུ་ཅི་ཡང་མི་ཟེར་བར་ལག་གི་དུ་སྣེ་དེ་ཐང་ལ་བོར་བ་ན། མེ་སྟག་དམར་འཚུབ་བེར་རླུང་གིས་ཁུར་སོང་།

“ཁྱོད་ཀྱིས་ཚ་ཁོལ་ན་ཁོལ་མ་མྱངས་གོང་དྲང་མོར་ཤོད་དང་བཟང་།” ཨ་ཁུ་འཇིགས་མེད་ཀྱིས་དེ་ལྟར་བཤད་ཀྱིན་ནག་བྷའི་གདོང་དུ་བལྟས་འདུག

“བྲག་ཐོ་ཞིག་གི་འགབ་ཏུ་སྦས་ཡོད།”ནག་བྷས་ཅི་མི་སྙམ་པར་དེ་ལྟར་ཟེར།

“བྲག་ཐོ་ཞིག་གི་འགབ་ཏུ……”སའོ་ཀྲང་གཞོན་པ་ཁ་ཕྱིར་འཁོར་ནས་དྲིས་བྱུང་།

“འོ་ལེ། ཧུ་ཧུ།”ནག་བྷ་དགོད་ཙམ་བྱེད།

“ལམ་འདི་བརྒྱུད་ནས་མུ་མཐུད་དུ་འགྲོ་དགོས་སམ།”

“འོ་ལེ།”

“……”

རེ་ཞིག་ཚང་མ་ཁ་རོག་གེར་བསྡད།

ཕྱི་རོལ་གྱི་མུན་པ་སྟུག་པོས་གནམ་སའི་མཚམས་བསྒྲིབས་ཏེ་ཞིབ་མོར་མ་བལྟས་ན་གནམ་དང་སའི་དབྱེ་བ་འབྱེད་དཀའ། རྒྱང་དུ་བལྟས་ཚེ་མཚམས་རེར་ནག་རོག་རོག་གི་ཅི་ཞིག་མིག་མདུན་ནས་འགུལ་བཞིན་པ་འདྲ་ལ། ཡང་ལན་རེར་དངོས་པོ་ཡོད་ཚད་དེ་ལྟར་མཐོང་ལམ་ནས་དཀག་སྟེ་གཡོ་ཙམ་ཡང་མི་བྱེད། བྱེས་བགྲོད་རླངས་འཁོར་ནི་ཡར་ལྡིང་མར་ལྡིང་བྱེད་ཀྱིན་དམར་འཚུབ་འཚུབ་མུན་པའི་ཁྲོད་ནས་མུན་པ་བརྟོལ་ཏེ་མུན་པའི་ཁྲོད་དུ་འཛུལ། 

“བྲག་ཐོ་དེ་གང་དུ་ཡོད་དམ།”སའོ་ཀྲང་གཞོན་པས་དེ་ལྟར་དྲིས་བྱུང་།

“ད་རུང་ཐག་རིང་གི”ནག་བྷས་མགོ་བོ་ཡར་དགྱེ་ཙམ་ཡང་མི་བྱེད་པར་དེ་ལྟར་ལན་བཏབ་བྱུང་། 

རླུང་ནི་འོད་བསྙེགས་ནས་ཡོང་བ་བཞིན་གློག་འོད་ཀྱི་མདུན་དུ་རྡུལ་མཚམས་ཚིགས་མེད་པར་སྤྲུགས་འོངས་པས། ཚེ་དབང་གིས་རླངས་འཁོར་ཇེ་དལ་དུ་བཏང་ཞིང་། རླངས་འཁོར་གྱི་རླུང་འགོག་ཤེལ་སྒོ་ལས་གདོང་ཕྱི་ལ་འཇུར་ལ་ཁད་དུ་ལྟ་ཞིང་། ཁ་ནས“ཕུ་ཕུ”ཟེར་བར་བལྟས་ན་རྡུལ་ནི་ཕྱི་རོལ་མིན་པར་རླངས་འཁོར་གྱི་ནང་རོལ་ཏུ་ལྡང་བ་དང་འདྲ། ཁོས་ལག་པ་དཀྱུ་འཁོར་སྟེང་འཐམས་ཤིང་མགོ་བོ་མདུན་དུ་བསྲིངས་ཏེ་ཁ་ནས་མུ་མཐུད་དུ“ཕུ་ཕུ”ཟེར་བ་ན། སའོ་ཀྲང་གཞོན་པས་ཁོའི་བཟོ་ལྟར་བལྟས་ནས་དགོད་ཙམ་བྱེད་ཅིང་།“ཝེ། རྡུལ་ཕྱི་ནས་འཁྲིགས་བཞིན་འདུག ཁྱོད་ཀྱིས་ཕུ་བཏབ་ནས་གོ་ཆོད་དམ”ཟེར་བ་ན། སྔོན་ལ་ནག་བྷ་བགད་བྱུང་ལ། དེ་ནས་ཨ་ཁུ་འཇིགས་མེད་ཀྱང་བགད་བྱུང་བས། ང་ལའང་དགོད་རྒྱུ་ཞིག་རང་དབང་མེད་པར་ལངས་བྱུང་།

ཚེ་དབང་ཡང་དགོད་བཞིན་དུ“ངས་ཕུ་འདེབས་ཀྱིན་འདུག་གམ། ངས་མཉམ་མ་བཞག་པ་རེད”ཟེར་བཞིན་ཁོ་ཡང་བགད་བྱུང་། 

“སའོ་ཀྲང་།”ཚེ་དབང་དགོད་མཚམས་བཞག་ནས“ཁེ་ཉིན་འདན་རྫོང་དུ་མི་ཞིག་དཀར་མོ་ཟམ་ཁ་ནས་མར་འཕངས་སོང་ཟེར་བ་དེ་ཅི་བྱས་སོང་བ་ཨེ་ཤེས”ཟེར། 

“དེ་བཟུང་ཟིན་ཟེར། རྫོང་ཐོག་གི་མགྲོན་ཁང་ཞིག་ཏུ། སྐྱག་གཟན་དེས་ད་རུང་རྒྱ་མོ་ཞིག་རུམ་ནས་ཉལ་འདུག་ཟེར།”

“མི་དེ་ངམ་གནག་ཡིན་ན།”

“ཁོ་གཉིས་གྲོགས་པོ་ཡིན་པར་མ་ཟད། ངས་མི་ཟ་ན་ཁྱོད་ཀྱིས་མི་འཐུང་བའི་གྲོགས་པོ་རེད་ཟེར།”

“དེས་ན་ཁོས་དེ་གསོད་དོན་ཅི་ཡིན་ནམ།”

“གཉིས་ཀར་རྩོད་རྒྱུ་ཅང་མེད་ཀི་ཟེར།”

“དེས་ན……”

“ཤི་བོ་དེའི་སྐེ་ན་གསེར་གྱི་སྐེ་རྒྱན་རྡོ་རིལ་མ་ཞིག་ཡོད་ཟེར། མི་ཚང་མས་དང་ཐོག་རྒྱུ་ནོར་གྱི་ཆེད་དུ་ཡིན་རྒྱུ་རེད་འདོད་མོད། བེམ་པོ་དཀར་མོ་ཆུའི་འགྲམ་རྒྱུད་དུ་རྙེད་དུས་གསེར་གྱི་སྐེ་རྒྱན་སྔར་བཞིན་སྐེ་ལ་བཏགས་འདུག་པས། དེ་ནི་རྒྱུ་ནོར་གྱི་ཆེད་དུ་མིན་པ་ཤེས།”

“དེས་ན་ཅིའི་ཕྱིར་བསད་པ་ཡིན་ནམ།”

“རྗེས་སུ་ལག་དམར་ལ་འདྲི་དུས། ཁོས‘ངས་ཁོ་འཕྲུལ་རྟའི་འཕོངས་ལ་བླངས་ནས་ངེད་གཉིས་རྫོང་ཐོག་ལ་འགྲོ་དུས། དཀར་མོ་ཟམ་ཁར་སླེབས་པ་དང་ཁོས་གློ་བུར་ཁོ་མི་འགྲོ། ཁྱོད་ཀྱིས་ང་ཕྱིར་སྐྱོལ་ཟེར། ངས་ངེད་གཉིས་ཡིན་གཅིག་མིན་གཉིས་རྫོང་མཁར་ལ་འགྲོ། ཁྱོད་མི་འགྲོ་ཚེ་ངས་ཟམ་ཁ་ནས་མར་འཕེན་རྒྱུ་ཞེས་བཤད་པ་ན། ཁོས་ཁྱོད་ཀྱིས་འཕེན་རྒྱུ་ན་འཕོངས། ང་མི་འགྲོ་ཟེར། དེ་ནས་ངས་ཁོ་ཟམ་ཁ་ནས་མར་འཕངས་རྗེས་ང་རྫོང་ཐོག་ཏུ་བུད་སོང’ཞེས་བཤད་ཟེར།”

“འཇིག་རྟེན་ཁམས་སུ་མི་དེ་འདྲ་ཡང་ཡོད་དམ།”ཨ་ཁུ་འཇིགས་མེད་ཀྱིས“རྣར་མི་འགྲོ་བ་ཞིག་རེད”ཟེར།

གོང་གི་སྐད་ཆ་དེ་གོ་མ་ཐག་ང་ལ་དབང་མེད་དུ་འདར་རྒྱུ་ཞིག་བྱུང་།

“ངོ་མ་ངམ་གནག་རེད། ངོ་མ་ངམ་གནག་ཟེར་བ་རེད།”ཚེ་དབང་གིས་དེ་ལྟར་བསྐྱར་ཟློས་ཤིག་བྱས། 

“ན་ནིང་དོ་ཚིགས་སེམས་ལའང་མ་དྲན་པའི་དོན་དག་དེ་འདྲ་གཅིག་མང་གི”ཨ་ཁུ་འཇིགས་མེད་ཀྱིས་སྐེ་མདུན་ལ་སྲིང་སྲིང་ཞིག་བྱས་ཏེ་དེ་ལྟར་བཤད་བྱུང་། 

ངས་ཁ་རོག་གེར་ཁོ་ཚོའི་ཁ་བརྡར་མཉན་པ་ཡིན། 

ཁོ་ཚོས་དེ་ལྟར་རེ་ཞིག་རླངས་འཁོར་ནང་དུ་ཉེས་ཅན་ཞིག་ཡོད་པ་བརྗེད་པ་ལྟར། ཉེས་ཅན་གཞན་ཞིག་གི་གནས་ཚུལ་ཁ་བརྡ་བྱེད་དུས། མ་བསམས་ས་ནས་ནག་བྷས་གློ་བུར་དུ་སྔུར་བ་ཧུར་ཧུར་དུ་འཐེན་བྱུང་བས། རླངས་འཁོར་ནང་གི་མི་ཚང་མ་ཧ་ལས་སོང་། ཨ་ཁུ་འཇིགས་མེད་དང་ངེད་གཉིས་ཀྱིས་མྱུར་དུ་ནག་བྷ་བསྒུལ་བ་ན། ནག་བྷས་ཁ་ནས་ལྡབ་ལྡིབ་ཅིག་ལབ་བཞིན་ད་དུང་གཉིད་ལས་སད་མ་བྱུང་། ཁོའི་རྣམ་པ་དེ་མཐོང་བས། སའོ་ཀྲང་གཞོན་པས“ཁྱི་སྐྱག་འདིར་ལྟོས་དང”ཟེར་བཞིན་སྐྲ་ལོར་འཇུས་ཏེ་ཟུག་འཐེན་ཞིག་བྱས་པ་ན། ནག་བྷས“ཨ་ཚ་ཚ”ཟེར་བཞིན་མགོ་བོ་མདུན་དུ་སྲིང་ཐུབ་ཐུབ་བྱས་སོང་། 

“ཨ་བ་ཨ་མ། ཁྱོད་ཀྱི་བྲག་ཐོ་གང་དུ་ཡོད།”སའོ་ཀྲང་གཞོན་པས་ད་དུང་སྐྲ་ནས་ལྷོད་མི་འདུག

“ཨ་ཚ། ཨ་ཚ། སླེབས་འདུག་སླེབས་འདུག ད་སླེབས་འདུག”ནག་བྷས་ངག་དིག་བཞིན་དེ་ལྟར་བཤད། 

“སྡོད།”སའོ་ཀྲང་གི་སྐད་གདངས་ཁྲོད་བརྗིད་ཅིག་གིས་ཁེངས་འདུག

ཚེ་དབང་གིས་རླངས་འཁོར་གྱི་བསྒགས་ཟྭ་དལ་གྱིས་མནན་བྱུང་།

ང་ཚོས་ནག་བྷ་དྲུད་ནས་རླངས་འཁོར་གྱི་མདུན་དུ་ཕྱིན་པ་ན། སའོ་ཀྲང་གཞོན་པས་ཁ་ལ་ཐ་མག་ཅིག་བཙུགས་ནས་རྔུབ་འཐེན་བྱེད། ང་ཚོ་སྨག་ལ་ཡུན་གྱིས་གོམས་པ་ཡིན་ནམ། ཡང་ན་སྨག་ཅུང་ཟད་དྭངས་པ་གང་ཡིན་ཆ་མ་འཚལ་མོད། རྒྱང་རིང་གི་རི་བོ་དག་སྨག་རུམ་གྱི་ཁོར་ཡུག་ནས་ཇེ་གསལ་དུ་རབ་ཅིག་ཕྱིན་འདུག རླུང་ད་དུང་མུ་མཐུད་དུ་ལྡང་བཞིན་འདུག་པས། གློག་འོད་ཀྱི་འོག་ཏུ་ནག་བྷའི་སྐྲ་ལོ་ཤིག་ཤིག་ཏུ་སྐྱོད། 

“བྲག་ཐོ་གང་དུ་ཡོད། རེམ་མར་ཤོད།”སའོ་ཀྲང་གཞོན་པས་སྐད་འགྲགས་བཀོལ་བྱུང་།

“ཀན་ཀན།”ནག་བྷའི་གཏམ་ལ་བཟི་སྣང་ཞིག་འདྲེས་འདུག

“གང་།”

“ཀན་ཀན……འདི་འདི……”

“ཁྱོད་ཀྱིས་ད་རུང་བཤད་རྒྱུ་མ་རེད་ལ།”

“ཀན།”ནག་བྷས་མུན་ནག་ནང་བསྟན་བྱུང་། 

སའོ་ཀྲང་གིས་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས“གནའ་ཤི་བོ་ད། འདི་ད་རུང་བཟི་འདུག ཀན་ཀན་འདི་འདི། དོན་དམ་དུ་ཀན་ན་ཡོད་དམ་འདི་ན་ཡོད། གསལ་བོར་ཤོད”ཟེར་བཞིན་འགྲམ་ལྕག་ཅིག་གཞུས་བྱུང་།

“ཀན་ཀན……”ནག་བྷ་ཐང་དུ་འགྱེལ་ལ་ཁད་ཅིག་བྱས། 

“རླངས་འཁོར་ཀན་ཕྱོགས་སུ་བསྐོར།”སའོ་ཀྲང་གཞོན་པས་ཚེ་དབང་ལ་དེ་ལྟར་བཤད་པ་དང་། ཚེ་དབང་གིས་རླངས་འཁོར་གཞུག་ལ་བསྣུར་ཅིང་། དེ་ནས་མདུན་ལ་བསྐོར་ཏེ་ནག་བྷས“ཀན་ཀན”ཟེར་བའི་ཕྱོགས་དེར་གློག་འོད་བཀར་བ་ན། གློག་འོད་ཀྱི་མཐོང་ཡུལ་དུ་བྲག་ཐོ་ཞིག་རིག་རྒྱུ་མ་བྱུང་། 

“ད་རུང་མདུན་དུ་བསྐོར།”སའོ་ཀྲང་གཞོན་པས་བཀའ་བབས་བྱུང་། 

རླངས་འཁོར“ཝུའུ”སྒྲ་ཞིག་དང་བཅས་མདུན་དུ་ཅུང་ཟད་བསྐོར་བ་ན་ལྕགས་དྲས་བཀག་འདུག་པས། ཚེ་དབང་རླངས་འཁོར་ལས་བབས་ཤིང་གཞུག་སྒམ་ལས་ལག་སྒྲོན་ཞིག་བླངས་ཏེ་ཁྱེར་ཡོང་། 

“ནང་དུ་ལྡིང་།”སའོ་ཀྲང་གཞོན་པས་ནག་བྷའི་གཉའ་ནས་མནན་ཏེ“ལྕགས་དྲའི་ཕར་ནང་དུ་ལྡིང”ཟེར། 

ང་ཚོས་ལག་སྒྲོན་བཀར་ནས་མདུན་དུ་ཕྱིན། ང་ཚོའི་རྒྱབ་ཕྱོགས་སུ་རླངས་འཁོར་སིར་སྒྲ་དང་བཅས་གྲག་བཞིན་གློག་བཀར་འདུག ང་ཚོ་མུ་མཐུད་དུ་རླངས་འཁོར་གྱི་རྒྱང་གློག་གི་མཐོང་ཡུལ་ལས་ཅུང་ཟད་ཕྱིན་པ་ན། མདུན་ཕྱོགས་སུ་དངོས་གནས་བྲག་ཐོ་ཞིག་མངོན་བྱུང་། 

ཚེ་དབང་གིས“བྲག་ཐོ་ཀན་ན་འདུག”ཅེས་ལག་སྒྲོན་སྟེང་དུ་བཀར་བ་ན། སའོ་ཀྲང་གཞོན་པ་ནི་དངོས་པོ་རྩ་ཆེན་ཞིག་མཐོང་བ་བཞིན་མདུན་དུ་བརྒྱུགས་སོང་།

ང་ཚོ་ཚང་མ་མདུན་དུ་སླེབས་པ་ན། དེ་ནི་བྲག་ཐོ་ངོ་མ་ཞིག་ཡིན་མིན་ཡང་བཤད་དཀའ་སྟེ། ངས་བལྟས་ན་དེ་ནི་དེའུ་འབུར་ཞིག་རེད། ཡིན་ནའང་ཁོ་ཚོས་དེར་ཁ་ཡ་མི་བྱེད་པར“གང་དུ་ཡོད། གང་དུ་ཡོད།”ཅེས་ལག་སྒྲོན་དེའུ་འབུར་དེའི་སྟེང་དུ་བསྐོར་ནས་ནག་བྷར་དྲིས་བྱུང་། 

“ཀན་ན།”

“གང་ན།”

“ཀན་ན།”

ཚེ་དབང་གིས་ལག་སྒྲོན་ནག་བྷའི་གདོང་ལ་བཀར་བ་ན་ཁོའི་མིག་གཙེས་ཏེ་རུབ་འདུག་ལ་མཆུ་ཏོས་མུན་ནག་གི་ཕྱོགས་མཚམས་གང་ཞིག་བསྟན་བྱུང་། 

དེ་ནས་སའོ་ཀྲང་གཞོན་པས་ནག་བྷ་ཁྲིད་དེ་མདུན་དུ་ཕྱིན།

ཁོ་གཉིས་མདུན་དུ་འགྲོ་བཞིན་པའི་སྐབས་སུ་ནག་བྷས་གློ་བུར་དུ་གོམ་པ་སྤོ་མཚམས་བཞག་བྱུང་།

“ངས་རོ་ཞིག་མ་སྦས་པས། ངས་ཁྱོད་ལ་རོ་ཞིག་གང་ནས་ཁྱེར་ཡོང་རྒྱུ།”ནག་བྷས“ངས་མི་ཞིག་མ་བསད……”ཟེར།

“གནའ་ཤི་བོ་ད། ཁྱོད་ཀྱིས་མི་མ་བསད། དེས་ན་ཞི་མོ་དེ་སུས་བསད་པ་རེད། གྲོང་རྡལ་སྲིད་གཞུང་གི་ཁ་གཏད་ཀྱི་ཨེ་པི་ར་ཚང་གི་ཟ་ཁང་ནང་དུ་ཁྱོད་ཀྱིས་ལྦི་རག་འཐུང་ཞོར་ངས་གཡང་མོ་བསད་ནས་རོ་གྲོག་ཤུར་ཞིག་ཏུ་སྦས་ཡོད་ཅེས་བསྒྲགས་པ་མིན་ནམ།”

“དེ་ངས་རང་དགར་བསྒྲགས་པ་ཡིན།”

“རང་དགར་བསྒྲགས་པ་ཡིན། གནའ་ཤི་བོ་ད། ཁྱོད་ཀྱིས་ང་བྱིས་པ་ཞིག་རེད་འདོད་དམ། དྲང་མོར་ཤོད། དྲང་མོར་བཤད་པའི་དགའ་ཞིག་མེད། རོ་གང་དུ་ཡོད།”

“ངས་ངོ་མ་བཤད་པ་ཡིན། ངས་རང་དགར་བཤད་པ་ཡིན། ངས་མི་མ་བསད།”

ཨ་ཁུ་འཇིགས་མེད་དང་ཚེ་དབང་གཉིས་ཀྱིས་ནག་བྷའི་གཡས་གཡོན་ནས་བཟུང་འདུག རླུང་ཤུགས་ཀྱིས་ལྡང་སྟེ་ང་ཚོ་ཁུར་ལ་ཁད་བྱེད།

“དེས་ན་སུས་བསད་པ་རེད།”

“ངས་ག་ལ་ཤེས།”

“ཁྱོད་ཀྱིས་མ་བསད་དམ། ཁྱོད་ཀྱིས་མ་བསད་ན་ཁྱོད་ཀྱིས་དེ་ལྟར་བཤད་དོན་ཅི་ཡིན།”

“མོས་ང་ལ་མགོ་གཡོགས་པ་རེད། མོ་ངའི་ཆུང་མ་བྱ་རྒྱུ་ཁྲིགས་ཁྲིགས་བྱས་ཡོད། ཡིན་ནའང་མོས་ངའི་ལག་གི་སྒོར་མོ་རྣམས……ངས་སྒོར་མོ་མ་བརྐུས་ཨ། ངའི་སྒོར་མོ་རྣམས་རྩྭ་སའི་ཁ་གསབ་ལ་བྱིན་པ་ཡིན། མོས་ངའི་སྒོར་མོ་སྤྲུགས་ཡག་བྱས་རྗེས་ང་གཡུགས་པ་རེད།”

“དེ་ནས་ཁྱོད་ཀྱིས་མོ་བསད་པ་ཡིན་ནམ།”

“ཨུན། འོ། མིན་མིན་མིན། ངས་མོ་མ་བསད།”

“དྲང་མོར་ཤོད། ཁྱོད་ཀྱིས་མོར་བཙན་གཡེམ་བྱས་རྗེས་བསད་པ་ཨེ་ཡིན།”

“ང་ལ་གླེང་མ་འགེལ། སྐད་ཆ་དེ་ཁྱོད་ཀྱིས་བཤད་པ་རེད། ངས་མ་བཤད།”

“དེས་ན་མོ……”

“དེ་ངས་མི་ཤེས།”

“ཁྱོད་ཀྱིས་མི་ཤེས་སམ་ཁྱོད་ཀྱིས་བཤད་མ་འདོད་པ་ཡིན། ཁྱོད་ཀྱིས་མོ་བསད་དམ་མ་བསད།”སའོ་ཀྲང་གཞོན་པས་ནག་བྷར་འགྲམ་ལྕག་ཅིག་གཞུས་ཤིང་། དེ་ནས་ཁོའི་སྐྲ་ལོར་འཐམས་ཏེ“ཤོད། ཤོད། ངས་ཁྱོད་ལ་ཤོད་ཟེར་བ་ཨེ་གོ་ཐལ”ཟེར་བཞིན་ཤུགས་ཀྱིས་ལན་འགར་འཐེན། 

ནག་བྷས“ཨ་ཚ་ཚ། ངས་བསད་པ་ཡིན། ངས་བསད་པ་ཡིན”ཟེར། 

“དེས་ན་མོའི་རོ་གང་དུ་སྦས་ཡོད།”སའོ་ཀྲང་གཞོན་པས་ཁོའི་སྐྲ་ལོ་ཟུག་འཐེན་བྱེད་བཞིན་དེ་ལྟར་དྲིས་བྱུང་། 

“འབྲོང་ལུང་གྲམ་པའི་ནང་དུ་ཡོད། འབྲོང་ལུང་གྲམ་པ……ཨ་ཚ་ཚ……”

“ད་ཐེངས་རྫུན་ཞིག་བཤད་རྒྱུ་ཡོད་དུས་ད་ངས་ཁྱོད་ལ་ཅི་བྱེད་ཀི་ལྟོས།”སའོ་ཀྲང་གཞོན་པས་ནག་བྷའི་སྐྲ་ལོ་ནས་གློད་སོང་། 

ང་ཚོ་ཡང་བསྐྱར་རླངས་འཁོར་དུ་བསྡད་དེ་མདུན་དུ་སོང་། མུ་མཐའ་བྲལ་བའི་རྩྭ་ཐང་སྔར་བཞིན་སྨག་གིས་བཅིངས་འདུག་ཅིང་། གློ་བུར་དུ་རྒྱང་རིང་གི་གནམ་སའི་ཧྲག་བར་དུ་གློག་ཞགས་དམར་འཚུབ་བེར་སོང་བ་དང་། ཏབ་ཙམ་ལ་གནམ་སའི་དབྱེ་མཚམས་སུ་སྒོ་མོ་ཞིག་བཏོད་པ་བཞིན་གསལ་གྱི་ལེར་གྱུར་ཅིང་། འབྲུག་སྒྲ་སྒྱོགས་ཆེན་འཕངས་འདྲ་ཞིག“སྐག་སྐག་སྐག”གྲག་བྱུང་། དེར་མཐུད་ནས་ཆར་བའང་ཤག་ཤག་ཏུ་འབབ་མགོ་བརྩམས། སྨག་རུམ་ཁྲོད་དུ་ཆར་སྒྲ་དང་ཆར་ཕྱིས་ཀྱི་སྒྲ་གཉིས་འགྲན་པ་ལྟར་རྒྱུ་འོངས་ལ། འབྲུག་སྒྲ་དང་གློག་དམར་ཡང་མཚམས་ཚིགས་མེད་པར་རྒྱང་རིང་གི་ཕྱོགས་ནས་འོད་འཚུབ་འཚུབ་དང“སྐག་སྐག་སྐག” བྱེད། 

ནམ་གུང་བཟུར་ཟིན་པ་འདྲ། ང་ལ་ངལ་དུབ་ཀྱི་སྣང་བ་ཞིག་ཐོལ་ཐོལ་དུ་སྐྱེས་འོངས། ངས་རང་དབང་མེད་པར་གླལ་མོ་གཅིག་མཐུད་གཉིས་མཐུད་དུ་བྱེད་དགོས་བྱུང་། དེའིདུས་ངས་ལག་ཁྱེར་ཁ་པར་བླངས་ནས་བལྟས་པ་ན། ནམ་གུང་སྔར་ནས་བཟུར་ཏེ་ཞོགས་པའི་ཆུ་ཚོད་གཉིས་ཡོལ་འདུག ང་ལ་གཉིད་དམ་དུམ་ཞིག་ཁུགས་སོང་ལ། ངས་རྨི་ལམ་ཞིག་ཀྱང་རྨིས་བྱུང་། 

……གྲོང་ཁྱེར་ཆེན་པོ་ཞིག་ཏུ་ང་གཅིག་པུ་འགྲོ་བཞིན་འདུག གནམ་ལ་ཟུག་པའི་ཁང་རྩེག་མཐོན་པོ་དག་ལམ་གྱི་ངོགས་གཉིས་སུ་བྲག་རི་བཞིན་འགྱིང་འདུག་ཅིང་། ང་ལམ་དེ་བརྒྱུད་ནས་སོང་གིན་སོང་གིན་གློ་བུར་དུ་ལམ་དེ་ཤིན་ཏུ་དོག་པའི་སྲང་ཤུར་ཞིག་ཏུ་གྱུར་སོང་། སྲང་ཤུར་དེ་ནི་ཕུགས་རིང་ཞིང་གཏིང་ཟབ་པ་ཞིག་རེད། ང་མུ་མཐུད་དུ་མདུན་དུ་འགྲོ་དུས་སྲང་ཤུར་དེར་མཐའ་གཏན་ནས་མི་འདུག དེའི་དུས་ངའི་རྒྱབ་རོལ་ཏུ་གོམ་སྒྲ་ཐྲིག་ཐྲིག་ཏུ་ལེན་བཞིན་མི་ཞིག་བརྒྱུགས་ནས་འོང་བཞིན་འདུག ངས་ཁ་ཕྱིར་འཁོར་ནས་བལྟས་པ་ན་མི་གཅིག་དེ་མི་དུ་མར་གྱུར་ཅིང་དེ་ནས་བརྒྱ་ཕྲག་དང་སྟོང་ཕྲག་མང་པོར་འཕེལ་སོང་། མི་དེ་ཚོའི་ཁ་ནས“རྒྱོབས་རྒྱོབས”དང“སོད་སོད”ཅེས་བསྒྲགས་འོངས་པས་ང་ནི་སྐྲག་སྟེ་མདུན་དུ་འབྲོ་ཐུབ་ཐུབ་བྱས། མདུན་དུ་རྒྱུག་གིན་རྒྱུན་གིན་མདུན་ཕྱོགས་ནས་ཀྱང་མི་མང་པོས“རྒྱོབས་རྒྱོབས”དང“སོད་སོད”ཅེས་སྒྲོག་བཞིན་ངའི་མདུན་བསུས་ནས་འོངས་པས། རྡོག་འོག་གི་ས་གཞི་མེར་མེར་ཤིག་ཤིག་ཏུ་འགུལ་བྱུང་། ང་སྐྲག་སྟེ་ཅི་བྱེད་འདི་བྱེད་མ་ཤེས་པར་ལུས་དུས་མི་སྐྲ་ལོ་རིང་བོ་ཅན་ཞིག་གང་ནས་ཡོང་བ་མ་ཤེས་པར་ངའི་མདུན་དུ་ལངས་པ་ན། ཕྱོགས་གཉིས་ནས་ང་གཟས་ཏེ་རྒྱུག་ཡོང་མཁན་དེ་དག་ཏན་སེར་བསྡད་བྱུང་། སྐྲ་ལོ་རིང་བོ་ཅན་དེ་ནི་གཞན་མ་ཡིན་པར་ནག་བྷ་རེད། ངས་ནག་བྷ་ནི་ང་སྐྱོབ་ཏུ་ཡོང་བ་རེད་སྙམ་ཏེ་ཁོའི་ཕག་ཏུ་ཡིབས་པ་ན། ནག་བྷ“ཧ་ཧ”ཞེས་བགད་དེ“མི་འདི་ཁྱོད་ཚོར་མི་དབང”ཟེར་བཞིན་ངའི་མགྲིན་པ་ནས་བསྒགས་བྱུང……

ང་སྐྲག་མ་དངངས་ཀྱིས་རྨི་ལམ་འཇིགས་པོ་དེ་ལས་སད་དུས་ཆར་བ་དྲག་པོ་དེ་སྔར་ནས་འགྲམས་ཟིན་མོད། ང་ཚོའི་རླངས་འཁོར་ཤུད་དེ་ལམ་འགྲམ་གྱི་འོབས་ཁུག་ཅིག་ཏུ་ལྷུང་འདུག མ་གཞིར་རླངས་འཁོར་ཤུད་དེ་འོབས་ཁུག་ཏུ་ལྷུང་བ་དེས་ང་རང་བསླངས་པ་འདྲ། ངས་གམ་གྱི་ནག་བྷར་ལྟ་དུས་ཁོས་ང་ལ་མིག་ཅེ་རེར་བལྟས་འདུག ངས་ཀྱང་མིག་ཅེ་རེར་བལྟས་པ་ན་ད་ཐེངས་ཁོའི་མིག་ཟུང་ང་ལ་གཡོལ་རྒྱུ་མ་བྱུང་། ལྡོག་སྟེ་ངའི་མིག་ཟུང་ཁོའི་མིག་ཟུང་ལ་གཡོལ་དགོས་བྱུང་། ངའི་ཀླད་པའི་ནང་དུ་ཁོས་རྨི་ལམ་དུ་ངའི་མགྲིན་པ་ནས་བསྒགས་པའི་རྣམ་པ་དེ་ཝ་ལེར་འཁོར་ཡོང་། 

“ཝེ། ཐང་ལ་བོབས།”ངས་མཉམ་བཞག་དུས་སའོ་ཀྲང་གཞོན་པ་དང་ཚེ་དབང་། ཨ་ཁུ་འཇིགས་མེད་གསུམ་པོ་སྔར་ནས་ཐང་ལ་བབས་འདུག ང་མྱུར་མོར་ཐང་ལ་བབས་པ་ན། སའོ་ཀྲང་གཞོན་པས་ནག་བྷའི་གདོང་ལ་ལག་སྒྲོན་བཀར་ནས“ཁྱོད་ཀྱང་ཐང་ལ་བོབས”ཟེར།

རླངས་འཁོར་ཤུད་སའི་འོབས་ཁུག་དེ་ནི་གཏིང་ཟབ་མོ་ཞིག་མིན། ང་ཚོ་ཐང་ལ་བབས་རྗེས་ཚེ་དབང་རླངས་འཁོར་དུ་འཛུལ་ནས་སྣུམ་སྒོ་ཤུགས་ཀྱིས་ལན་འགའ་མནན་བྱུང་མོད། རླངས་འཁོར་གྱི་འཁོར་ལོ་གཞུག་མོ་སྟོང་འཁོར་བརྒྱབ་སྟེ་ང་ཚོའི་ལུས་ལ་འདམ་བག་གཅོལ་བ་ལས། འོབས་ཁུག་ཆུང་ཆུང་དེའི་ཁར་འབུད་མ་ཐུབ། ཁོས་ཡང་བསྐྱར་སྣུམ་སྒོ་མནན་བྱུང་བས་ང་ཚོ་ཕྱི་སྣུར་སྟེག་པ་ཡིན། སའོ་ཀྲང་གཞོན་པས“གནའ་ཤི་བོ་ད”ཟེར་བཞིན་ཚེ་དབང་ངམ་ཡང་ན་རླངས་འཁོར་ལ་སྡིགས་མོ་བྱེད་ཀྱིན་འདུག

ཨ་ཁུ་འཇིགས་མེད་ཀྱིས“ཡ། ང་ཚོས་ཕུད་རྒྱག་བྱེད”ཟེར། སའོ་ཀྲང་གཞོན་པ་དང་ངེད་གསུམ་པོས་ཕུད་རྒྱག་བྱས་མོད་རླངས་འཁོར་སྔར་བཞིན་ཐར་མ་ཐུབ། སའོ་ཀྲང་གཞོན་པས་ནག་བྷ་ཡང་ཕུད་རྒྱག་བྱེད་དུ་བོས་པ་དང་། དེ་ནས་ཨ་ཁུ་འཇིགས་མེད་ལ“ལག་སྒྲོག་དགྲོལ་རོགས”ཟེར། 

ང་ཚོ་གསུམ་པོས་ཐེངས་འགར་ཕུད་རྒྱག་བྱས་པ་ན། རླངས་འཁོར་ལས“ཝུའུ”སྒྲ་ལྕི་མོ་ཞིག་བསྒྲགས་པ་དང་མཚུངས་སུ་འོབས་ཁུག་ལས་ལྡིང་ནས་བུད་སོང་། རླངས་འཁོར་ཕུད་རྒྱག་ཡུད་ཙམ་བྱས་པ་དེས་སྔོན་ལ་གྲང་ནས་འདར་སིག་སིག་བྱེད་པའི་ངའི་ལུས་ཡོངས་དྲོད་ལམ་ལམ་དུ་བཏང་སོང་། 

ཨ་ཁུ་འཇིགས་བྷས་ཡང་བསྐྱར་ནག་བྷར་ལག་སྒྲོག་བརྒྱབ་རྗེས་ང་ཚོ་མུ་མཐུད་དུ་ལམ་ལ་ཆས། ད་ནི་རླངས་འཁོར་སྔར་ལས་ཀྱང་ཇེ་དལ་དུ་རབ་ཅིག་ཕྱིན་འདུག ལམ་ངོས་ཧྲིལ་བོ་འདམ་གྱིས་གཡོགས་པས་རླངས་འཁོར་ནི་ནུར་ནས་འགྲོ་བའི་སྦྲུལ་ཞིག་དང་འདྲ་བར་ཕར་ཅམ་ཚུར་ཅམ་བྱེད། ང་ཚོ་ཧ་ལམ་ཆུ་ཚོད་གཅིག་ཙམ་ཕྱིན་ཡང་། མི་རྣམས་ཐང་ཆད་འདུག་པ་འདྲ། སའོ་ཀྲང་གཞོན་པས་ཐ་མག་ཤུགས་ཀྱིས་འཐེན་པ་ལས་ཁ་ཅི་ཡང་མི་གྲག ཨ་ཁུ་འཇིགས་མེད་འཕག་ཙམ་ཡང་མི་བྱེད་པར་མགོ་བོ་ཕྱི་ལ་དགྱེ་འདུག་པས། ཁོ་ཕལ་ཆེར་གཉིད་ལ་ཤོར་འདུག ནག་བྷས་དངན་པ་རིང་བོ་ཞིག་འཐེན་རྗེས་མགོ་བོ་སྨད་ནས་བསྡད་བྱུང་། 

ད་ནི་ནམ་ལང་བར་དུས་ཡུན་རིང་བོ་མེད་པ་འདྲ། གནམ་སའི་བར་མཚམས་སྐྱ་ཤ་ལེར་གསལ་བྱུང་ལ་རླངས་འཁོར་གྱི་གློག་འོད་ཀྱང་གཉོམ་ནས་གཉོམ་དུ་ཕྱིན། ངས་སྐེ་བསྲིངས་ནས་མདུན་དུ་བལྟས་པ་ན། མདུན་ཕྱོགས་སུ་གྲམ་པ་ཡངས་པོ་ཞིག་མིག་ལ་རབ་རིབ་ཏུ་ཤར་བྱུང་། 

རླངས་འཁོར་ཕར་ཤུད་ཚུར་ཤུད་ངང་གྲམ་ཁར་སླེབས་དུས་ནམ་ཡོངས་སུ་གསལ་ཐག་ཆོད་སོང་། མིག་མདུན་གྱི་གྲམ་པ་དེ་ནི་ཁོད་ཡངས་ཤིང་གྲམ་གཞུང་དུ་ཆུ་རྙོག་པ་དམར་ཉོག་ཉོག་ཅིག་བཞུར་གྱིན་འདུག རླངས་འཁོར་གྲམ་ཁ་རུ་བསྡད་རྗེས། སའོ་ཀྲང་གཞོན་པ་དང་ཚེ་དབང་གཉིས་སྔ་གཞུག་བྱས་ནས་ཐང་དུ་བབས་བྱུང་། དེ་ནས་ཨ་ཁུ་འཇིགས་མེད་དང་ངེད་གཉིས་ཀྱིས་ཀྱང་ནག་བྷ་དྲུད་དེ་རླངས་འཁོར་ལས་བབས་པ་ཡིན། སའོ་ཀྲང་གིས་མདུན་ཐད་ཀྱི་རྩི་ཏོའི་གསེང་དུ་གཅིན་པ་ཤག་ཤག་ཏུ་བཏང་བ་ན། ཞོགས་པའི་བརླན་ཤིག་ཤིག་གི་མཁའ་དབུགས་ཁྲོད་དུ་རླངས་པ་ཐོལ་ལོ་ལོ་ལྡང་བར་བྱེད། ང་ཚོས་རང་རང་ས་ནས་གཅིན་པ་བཏང་རྗེས་ཚང་མས་བྱ་རྨྱང་བྱེད་ཀྱིན་འདུག

“ཡ། ད་ཡག་པ་བྱོས་ལ་ཤོད།”སའོ་ཀྲང་གཞོན་པས་ཐ་མག་ལ་མེ་སྒྲོན་བཞིན“གང་དུ་སྦས་ཡོད”ཟེར། 

ནག་བྷས་གྲམ་གཞུང་དུ་བལྟས་ནས་ཁ་རོག་གེར་སྡོད། 

“ཝེ། ཁྱོད་ལ་ཟེར་བ་ཡིན། གནའ་ཤི་བོ་ད།”

“ད་ནི་བཤད་རན་རེད།”ཨ་ཁུ་འཇིགས་མེད་ཀྱིས་ཀྱང“མདང་དགོང་ཁྱོད་ཀྱིས་དཀའ་ལས་མ་གཏད་པའི་བསམ་པ་ཞིག་མེད”ཟེར། 

“དྲང་མོར་བཤད་ན་རོ་གང་དུ་ཡོད་པ་ངས་ངེས་ངེས་མི་ཤེས་ཡ།”ནག་བྷའི་གདོང་ལ་ངུ་མདོག་ཅིག་ཤར་འདུག

“སྐྱག་གཟན་འདིས། ད་རུང་བཤད་རྒྱུ་མ་རེད།”ཚེ་དབང་གིས་ནག་བྷའི་གདོང་ལ་མཛུབ་མོ་ཀེར་ནས“ཤོད་ཤོད”ཟེར། 

སའོ་ཀྲང་གཞོན་པའང་མདུན་དུ་བཅར་ནས“སྤྲེའུ་རྩེ་རྩེ་མ་བྱེད། ད་ནི་མི་བཤད་ཀྱང་བཤད་དགོས། གང་དུ་སྦས་ཡོད”ཟེར། 

“ངས་ངོ་མ་མ་བསད།”

“མ་བསད་དམ། ཁྱོད་ཀྱིས་ངའི་བཟོད་བསྲན་ལ་ཅོ་འདྲི་བ་ཡིན་ནམ།”

“ཡུམ་དུམ་པ་བཅུ་གཉིས་མ་བསད། ངས་བསད་ཡོད་ཚེ་ང་དམྱལ་བར་ཐེངས་བརྒྱ་ལ་ལྷུང་སྲིད།”

“ཡུམ་དུམ་པ་མནའ་ལ་མི་ཐེ། པ་ར་པུ་རུག་གཡག①ལ་མི་ཐེ། ད་ནངས་ད་ཁྱོད་ཀྱིས་མ་བཤད་དང་། ངས་ཁྱོད་ལ་རྩྭ་ཟ་རུ་མ་བཅུག་ན་ང་མི་མིན།”

“དཀོན་མཆོག་གསུམ། རྒྱལ་བ་པཎ་ཆེན། སྐུ་འབུམ་གསེར་སྡོང་། ས་ཁ་ས་ཐོག་གི་ཆོས……”

“ཆོག་གི་ཆོག་གི འདིར་ཁྲག་ཁོལ②ལ། མནའ་ཟེར་བ་རྟ་ལུད③གཏོང་གཏོང་བྱེད་ཀི”སའོ་ཀྲང་གཞོན་པས་དེ་ལྟར་ཟེར་བཞིན་བརྒྱུགས་ཡོང་ནས་ནག་བྷའི་གསུས་སྟེང་དུ་རྡོག་ཐོས་ཤིག་གཞུས་པ་ན། སའོ་ཀྲང་གཞོན་པ་དང་ནག་བྷ་གཉིས་ཀ་ཕྱོགས་གཉིས་སུ་འགྱེལ་སོང་། སའོ་ཀྲང་ནི་གོག་མ་ནུར་གྱིས་ཡར་ལངས་ཤིང་། ཡང་བསྐྱར་ནག་བྷའི་སྟེང་དུ་རྒྱུག་རྩིས་བྱེད་དུས། ནག་བྷ་ཡར་ལངས་ནས་གྲམ་གཞུང་དུ་བྲོས་སོང་བས། ཚེ་དབང་གློ་བུར་སད་པ་བཞིན་ནག་བྷའི་རྗེས་སུ་བརྒྱུགས། དེའི་དུས་སའོ་ཀྲང་གཞོན་པས་སྐེད་ནས་དཀྲུམ་མདའ་ཕྱུང་ཞིང་ཁ་གནམ་ལ་བསྐོར་ཏེ“སྐག་སྐག”ཅེས་མདའ་གཉིས་བརྒྱབ་པས། གྲམ་གཞུང་རིང་མོའི་ལྷིང་འཇགས་སྐད་ཅིག་ཉིད་ལ་སིལ་བུར་གཤགས་སོང་། སའོ་ཀྲང་གི་དཀྲུམ་མདའ་སྐག་སེར་བརྒྱབ་པ་དེས་ང་ལའང་དྲན་གསོས་བྱུང་བས། ཚེ་དབང་དང་ཨ་ཁུ་འཇིགས་མེད་གཉིས་ཀྱི་རྗེས་སུ་རྒྱུག་ཐུབ་ཐུབ་བྱས་པ་ཡིན། ང་གྲམ་ཆུའི་ཁར་སླེབས་དུས་ནག་བྷ་གྲམ་ཆུ་བརྒལ་ནས་ཕྱི་མིག་མི་ལྟ་བར་འབྲོ་ཞིང་། ཨ་ཁུ་འཇིགས་མེད་དང་ཚེ་དབང་གཉིས་ཀྱིས་ཁོར“ཕྱིར་ཤོག ཕྱིར་ཤོག”ཅེས་སྐད་ལ་བརྒྱབ་ནས་འབོད་ཀྱིན་འདུག ཡིན་ནའང་ནག་བྷས་ཕྱི་མིག་ཙམ་ཡང་མི་ལྟ་བར་མདུན་དུ་བརྒལ་ནས་འགྲོ། དེའི་དུས་སའོ་ཀྲང་གཞོན་པའང་གྲམ་ཆུའི་ཁར་སླེབས་ཤིང་། ཁོའི་ལུས་དང་གདོང་ཡོངས་འདམ་བག་གིས་སྦགས་འདུག གྲམ་ཆུ་ནི་དྲག་ཆར་གྱིས་དབང་གི་རབ་ཏུ་བྲུགས་ཏེ་གཙང་བོ་རབ་མེད་ཅིག་དང་མཚུངས། 

“གནའ་ཤི་བོ་ད།”སའོ་ཀྲང་གཞོན་པས“ཁྱོད་ཕྱིར་ཡོང་རྒྱུ་ན་མི་ཡོང”ཟེར། 

“ཝེ། ཕྱིར་ཤོག ཝེ། ཝེ།”ཨ་ཁུ་འཇིགས་མེད་ཀྱིས་ནག་བྷའི་རྗེས་སུ་འབོད་ཀྱིན་འདུག

“སྐྱག་གཟན་ཁྱོད་ཆུ་ལོག་གིས་འཁུར་རྒྱུ་རེད།”ཚེ་དབང་ཡང་འཚབ་སྟེ་དེ་ལྟར་འབོད་ཀྱིན་འདུག

ཁོ་ཚོས་དེ་ལྟར་ཀི་རིང་ཀི་ཐུང་འདེབས་དུས་ནག་བྷ་གྲམ་ཆུའི་དཀྱིལ་དུ་སླེབས་ཤིང་། ཁོའི་པུས་མོའི་མཚམས་ཆུ་ནང་དུ་ནུབ་འདུག དེའི་དུས་ཁོས་ང་ཚོར་ཕྱི་མིག་ལན་གཅིག་བལྟས་བྱུང་། ཁོས“ཤོག་ཡ། ཤོག་ཡ། ང་བདའ་རུ་ཤོག ང་བདའ་རུ་ཤོག་ཡ”ཟེར། 

“ཝེ་ཝེ། ཝེ། ཝེ།”ཨ་ཁུ་འཇིགས་མེད་ཀྱིས་དེ་ལྟར་འབོད་ཀྱིན་པའི་སྐབས་སུ་ནག་བྷ་གློ་བུར་དུ་ཆུ་ནང་དུ་འགྱེལ་སོང་། ང་ཚོས་བལྟས་བལྟས་ལ་ནག་བྷ་ཆུ་ལོག་གིས་ཁུར་སོང་། ཚེ་དབང་ཆུ་ནང་དུ་ལྡིང་ཙམ་བྱས་མོད་ཆུའི་གཞུང་དུ་བརྒལ་མ་སྤོབས། དེའི་དུས་ནག་བྷས་ཁ་ནས་ཨག་སྐད་ཅིག་སྒྲོག་བཞིན་ཆུ་ཁར་འཕག་འཚག་ལན་འགའ་བྱེད། ང་ཚོ་གྲམ་ཁ་བརྒྱུད་ནས་ཁོའི་རྗེས་སུ་ཡུད་ཙམ་བརྒྱུགས་མོད། ནག་བྷ་བལྟས་བལྟས་ལ་ཆུ་ལོག་གིས་ཁུར་ནས་མི་སྣང་བར་གྱུར་སོང་། 

ང་ཚོ་དེ་ལྟར་གྲམ་གཞུང་དུ་ཧད་ནས་ཅི་བྱ་གཏོལ་བྲལ་དུ་ལུས་དུས། སའོ་ཀྲང་གཞོན་པའི་ཁ་པར་གྲག་བྱུང་། སའོ་ཀྲང་གཞོན་པས་ཁ་པར་རྣ་རྩར་བཞག་ནས་མཉན་མཉན་རྗེས“ཨ”ཞེས་ཤོར་སོང་། དེ་ནས་སའོ་ཀྲང་ཐང་ལ་ཙོག་ཅིང་ཐ་མག་རྐང་གཅིག་བཏོན་ནས་ཤུགས་ཀྱིས་རྔུབ་མགོ་བརྩམས། ང་ཚོ་ཡང་སའོ་ཀྲང་གཞོན་པའི་གམ་དུ་ཙོག་ནས་བསྡད་པ་ན། སའོ་ཀྲང་གིས“ཁ་པར་བཏང་ཡོང་མཁན་ནི་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་དབང་ལྡན་རེད། ཁོ་ཚོས་ལག་དམར་རྙེད་སོང་། ལག་དམར་ནག་བྷ་མ་རེད་ཟེར”ཞེས་བཤད་བྱུང་། ང་ཚོ་རང་གི་རྣར་ཡང་ཡིད་མི་ཆེས་པ་ལྟ་བུར་གྱུར། སའོ་ཀྲང་གཞོན་པས་ཐ་མག་ཤུགས་ཀྱིས་རྔུབ་པ་ལས་ཅི་ཡང་མི་ཟེར། ཨ་ཁུ་འཇིགས་མེད་དང་ཚེ་དབང་གཉིས་རང་རང་སར་བསྡད་དེ་གདོང་ལ་སྨྲ་མི་ཤེས་པའི་རྣམ་འགྱུར་ཞིག་ཤར་འདུག དེའི་དུས་སའོ་ཀྲང་གཞོན་པའི་ཁ་པར་ཡང་བསྐྱར་གྲག་བྱུང་། ཁོས་ཁ་པར་མདུན་དུ་བླངས་ནས་ང་ཚོར་བསྟན་བྱུང་། ང་ཚོ་མྱུར་དུ་མདུན་ལ་རུབ་སྟེ་ཁོའི་ཁ་པར་ལ་ལྟ་དུས། ཁ་པར་སྟེང་དུ“ཅུས་ཀྲང་དབང་ལྡན”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་བཞི་ཤར་འདུག ཁོས་ཡུད་ཙམ་ལ་ཁ་པར་མི་ལེན་ཞིང་། དེ་ནས་ཁ་པར་གྱི་རྒྱང་ཉན་མནན་པ་ན། ཅུས་ཀྲང་དབང་ལྡན་གྱིས“ལག་དམར་གྱིས‘གལ་ཏེ་ནག་བྷས་ཇ་ཁ་ཆང་ཁ་ནས་ངས་གཡང་མོ་བསད་དེ་རོ་ས་འོག་ཏུ་སྦས་ཡོད་ཅེས་བཤད་མེད་ཚེ། ངས་མོ་བསད་མེད་པ་ཁོ་ཐག་ཡིན། ནག་བྷས་དེ་ལྟར་བཤད་པ་གོ་རྗེས། ངའི་བསམ་པར་སྤྱི་བདེ་ཅུས་ཀྱིས་ནག་བྷ་ལས་ང་ལ་དོགས་པ་སྐྱེས་མི་སྲིད་སྙམ་པ་ཡིན་ཟེར། མི་དེ་ད་རུང་གཏང་མི་ཉན”ཞེས་བཤད་རྗེས་ཁ་པར་གྱི་སྒོ་གཏན་སོང་། 

མདུན་ཐད་ཀྱི་གྲམ་ཆུ་རྙོག་ལྡིར་དེ་ནི་གང་ཞིག་ལ་བྲེལ་བ་བཞིན་མཆོང་ཞིང་ལྡིང་ནས་རྒྱང་དུ་བཞུར་ལ། སའོ་ཀྲང་གཞོན་པས་ཁ་པར་ནག་པོ་དེ་ཤུགས་ཀྱིས་གྲམ་ཆུའི་ནང་གཡུགས་རྗེས། ཁ་ནས་མཚམས་མེད་པར“གནའ་ཤི་བོ་ད། གནའ་ཤི་བོ་ད……”ཟེར། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号