གཅིག

རྩོམ་རིག་གི་ཕྱོགས་ལ་དགའ་དད་གུས་གསུམ་གྱི་ངང་ནས་མི་ཚེ་སྐྱེལ་བའི་མི་ཞིག་ལ་མཚོན་ན། རྩོམ་རིག་ནི་མིའི་ལས་དབང་དང་སྐྱིད་སྡུག་གཉིས་ཀྱི་ས་མཚམས་སུ་ཡོད་པའི་འཚོ་བ་དང་དགའ་སྐྱོའི་ཉམས་ལེན་ཞིག་ཡིན། རྩོམ་རིག་ནི་ཡུལ་གྱི་མཛེས་སྡུག་དང་ནང་སེམས་ཀྱི་ཚོར་བའི་འཕར་རྩ་ཞིག་ཡིན་པས། འཆར་སྣང་དང་རྣམ་རྟོག་གི་ཚ་རླབས་འཕྱུར་བའི་མི་ཞིག་ལ་མཚོན་ན་མི་ཚེ་དང་འཚོ་བ་སྔོག་འདོན་བྱེད་ཆོག་ས་ཞིག་ཡིན། རྩོམ་རིག་གི་འཆར་སྒོ་ནི་སླ་མོ་ཞིག་མིན་པར། སྒྱུ་རྩལ་གྱི་གོ་རིམ་ཞིག་དང་། ནང་སེམས་ཀྱི་སྙིང་བཅུད་དངོས་མ་དེ་ཡོད་དགོས། དེ་ཡོད་པ་ཅན་ལ་རྩོམ་རིག་གི་ཤེས་རབ་དབང་། རྩོམ་རིག་གི་བླང་དོར་དབང་། རྩོམ་རིག་གི་བློ་སྒོ་མེད་པའི་མི་ལ་ནང་སེམས་ཀྱི་ཤེས་རབ་ལ་མྱོང་རྟོག་གི་འདུ་ཤེས་མེད། དེའི་ཕྱིར། རྩོམ་རིག་གི་ལམ་ཁར་འཁྱུད་པའི་ལས་དབང་དང་སྐྱིད་སྡུག་ནི། ཡོད་ཚད་རྩོམ་རིག་གི་ཡིག་འབྲུའི་གསེང་དུ་ཐིམ་ཡོད། དེ་དག་མྱོང་བར་ཤེས་པའི་མི་ཞིག་ལ་མཚོན་ན། མྱོང་སྣང་གི་འཆར་སྒོ་རྩེན་པ་དང་། རྩོམ་རིག་གི་ཤེས་རབ་ཡངས་པོ་ཡིན་པ་བཤད་མི་དགོས། ང་ནི་རྩོམ་རིག་ལ་དགའ་ཕྱོགས་ཙམ་དུ་མ་ཟད་མི་ཚེའི་ཆ་ཤས་ཤིག་རྩོམ་རིག་དང་འགྲོགས་ནས་ཡོང་བའི་མི་ཕལ་བ་ཞིག་ཡིན། ཡིན་ནའང་། ང་ནི་རྩོམ་རིག་ལ་དགའ་བ་ཙམ་ལས་རྩོམ་རིག་ཡག་པོ་འཁྱོངས་ཀྱིན་མེད། གཅིག་ནས་རྩོམ་རིག་ཡག་པོ་འཁྱོང་མཁན་ཞིག་ཡིན་ན་རྩོམ་རིག་གི་མཛེས་རྟོག་དང་འཆར་སྣང་བློ་སྦྱོང་ངེས་ཅན་ཞིག་དང་། ཞིབ་ཚགས་རང་བཞིན་ཅན་དང་། ཞིབ་འཇུག་རང་བཞིན་ཅན་ཞིག་ཡིན་དགོས་པར་འདུག་ཀྱང་། ང་ལ་དེ་འདྲ་མེད། 

གཉིས།

ཁོ་བོ་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གནམ་སྲས་སྡེ་བའི་མངའ་ཁུངས་སུ་ནར་སོན་ཏེ་ལོ་ངོ་བཅུ་ཙམ་ལོན་པའི་དུས་སུ་ཨ་མྱེས་ཀྱི་མདུན་ནས་ཡི་གེ་བསླབས་ནས་རྗེས་སུ་དགོན་པའི་སློབ་གྲྭར་ཞུགས་པ་ཡིན། དེ་རྗེས་ཡིག་ངོ་ཆོད་པ་ནས་དགོན་པའི་བཤད་གྲྭའི་ནང་ལ་ཞུགས་པ་ཡིན། 2011ལོར་ཕ་ཡུལ་གྱི་དགོན་པའི་བཤད་གྲྭ་རུ་སུམ་རྟགས་དང་སྙན་ངག་གི་སྦྱོང་ཚན་རེ་ཡོད། དུས་སྐབས་ཤིག་ལ་མཁན་པོ་མགོན་པོ་ཞུ་བ་ཁོང་གིས་བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད་པའི《ཚངས་སྲས་བཞད་པའི་སྒྲ་དབྱངས》ལས་རང་བཞིན་བརྗོད་པའི་རྒྱན་བཞི་དཔེ་ཁྲིད་གནང་སོང་། དཔེ་ཁྲིད་རྫོགས་ནས་རང་ཁྱིམ་དུ་ལོག་རྗེས་བསམ་བློ་གཏོང་ཅི་ཤེས་ཀྱིས་རང་བཞིན་བརྗོད་པའི་རྒྱན་བཞི་པོར་དཔེར་བརྗོད་རེ་ཨེ་ཡོང་བལྟས་པ་ཡིན། དཔེར་བརྗོད་ཙམ་ཡང་མི་ཡོང་བར་འདུག  དེ་དུས་ངས་རྩོམ་ཡིག་ཚིག་བཞི་གཅིག་འབྲི་བ་ལའང་ཉིན་གང་འགོར། ཉིན་གང་བོར་སྙན་གཞུང་ནང་གི་དཔེར་བརྗོད་ཅིག་ལ་བསམ་བློ་གཏོང་དགོས་པ་ཡོད་ཀྱང་དཔེར་བརྗོད་ཅི་ཡང་འབྲི་ཤེས་མ་སོང་། རང་དགར་རི་ཆུ་དང་ལྗོངས་རྒྱུ།  བླ་མ་སོགས་ལ་བསྟོད་པ་རེ་འབྲི་ཨེ་ཤེས་བལྟས་པ་ཡིན། དེ་དུས་ནས་ང་ལ་རྩོམ་རིག་ལ་དགའ་བ་དང་མོས་པ་ཆེན་པོ་བྱུང་། ཡིན་ནའང་ཁོར་ཡུག་དང་དུས་མཚམས་ཀྱི་དབང་གིས་བརྩམས་ཆོས་མང་པོ་བཀླགས་པ་དེ་འདྲ་གཞི་ནས་མ་བྱུང་། དེ་རྗེས་བོད་ཀྱི་སྙན་ངག་པ་གཅན་རང་སད་ཀྱིས་བརྩམས་པའི་སྙན་དེབ《མི་ཡུལ་འགྲིམ་པའི་གད་རྒྱངས》ཉོ་རྒྱུ་རག་བྱུང་། བརྩམས་ཆོས་དེ་ཉིད་ངས་ཕལ་ཆེར་ལོ་ཕྱེད་ཙམ་ལ་བཏོན་པ་ཡིན། དེ་དག་ལས་ཐ་སྙད་དང་ཚིག་གྲུབ་དབྱངས་འགྲོས་སོགས་ལ་དཔེ་མེད་ཞིབ་ལྟ་དང་དཔེ་བལྟས་མང་དུ་བགྱིས་པ་ལ་བརྟེན་ནས་བརྩམས་ཆོས་མང་པོ་འབྲི་བའི་གོམ་ཁ་དེའང2012ལོ་ནས་མགོ་བརྩམས་པ་དང་། ངས་རྩོམ་རིག་གི་ཕྱོགས་ལ་ཆེད་དུ་འབད་འབུངས་བྱས་ནས་ལོ་གསུམ་གྱིས་རིང་ལ་བརྗོད་བྱ་མི་འདྲ་བ་དང་རིགས་མི་འདྲ་བའི་བརྩམས་ཆོས་ཕལ་ཆེར་སྟོང་གཉིས་ལྷག་ཙམ་བྲིས། དེ་དག་ལས་གདམ་གསེས་བྱས་ནས་བརྩམས་ཆོས་སྟོང་གཅིག་བསལ་བ་ཡིན། དེ་དག་ལ་ཞིབ་མོར་གཏགས་ནོར་དང་ཡིག་ནོར་སོགས་བཅོས་ནས་དེ་ལས་བརྩམས་ཆོས་བརྒྱ་ལྷག་ཅིག་བདམས་ཏེ《དབྱངས་ལྷས་མ》ཞེས་པའི་སྙན་དེབ་སྟོང་གཅིག་པར་སྐྲུན་བྱས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཁག་དང་དཔེ་ཁང་ཁག་སོ་སོར་རྩོམ་པ་པོ་རྒན་དར་གཞོན་གསུམ་མང་པོའི་སྤྱན་ལམ་དུ་ཕུལ་བ་ཡིན། བོད་ཁམས་ཀྱི་ཀློག་པ་པོ་མང་པོ་ཞིག་གིས་ལྟ་ཚུལ་དང་དབྱེ་ཞིབ། བསམ་ཚུལ་སོགས་མང་པོ་བརྗོད་ཡོད་ལ། བརྩམས་ཆོས་མང་ཆེ་བ་ཡང་བོད་ཁམས་ཀྱི་དུས་དེབ་དང་ཚགས་པར་སོགས་སུ་འཁོད་ཡོད། སྤྱིའི་ཆ་ནས་རྩོམ་འབྲི་པ་ཞིག་ལ་མཚོན་ན་ཀློག་པ་པོ་ནི་ཆེས་མེད་ཐབས་མེད་པ་ཞིག་རེད། བརྩམས་ཆོས་རི་རབ་ལྟ་བུ་བརྩིགས་ཀྱང་རུང་། ཀློག་པ་པོ་མེད་ན། བརྩམས་ཆོས་གང་ཉིད་ཀྱི་བྱེད་ལས་སམ་ནུས་པ། རིན་ཐང་སོགས་མེད་པར་གྱུར་བ་རེད། དེ་རྗེས2019ལོའི་ལོ་སྨད་ཙམ་ནས་ཀློག་པ་པོ་མང་པོ་ཞིག་གིས་སྙན་དེབ་དེ་ཡོད་མེད་སོགས་ནས་སྐད་ཆ་འདྲི་བ་མང་པོ་བྱུང་། དེ་དག་གི་ཆེད་དུ་བདག་གི་སྙན་དེབ་དེ་འགྲེམ་ཐེངས་གཉིས་པ་དྲ་ལམ་སྒང་ནས་ཆེད་དུ་འཕྲུལ་དེབ་དུ་བཟོས་ནས་འགྲེམ་སྤེལ་གྱི་མཛད་སྒོ་ཞིག་སྤེལ་བ་ཡིན། དེ་དུས་བོད་ཀྱི་རྩོམ་རིག་བློ་འབྱེད་པ་དང་དེང་རབས་བོད་ཀྱི་སྙན་ངག་པ། རྩོམ་རིག་དཔྱད་བརྗོད་པ། སློབ་གསོ་པ་ཆེན་མོ་རྒན་བདུད་ལྷ་རྒྱལ་དང་། འབའ་སྲས། ལྗང་བུ། ཁྲི་སེམས་དཔའ། དུང་བུ་ཆོས་འབུམ་རྒྱལ། མར་ཁུ་རྒྱལ་མཚན། འདམ་འཇིལ་ལི། འབྲོང་ཕྲུག ཡུལ་ཤུལ་ཚེ་དབང་བཀྲ་ཤིས། མཁན་པོ་ནོར་བཟང་། བེ་རི་ཚུལ་ཁྲིམས། དེ་མིན《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་སོགས་བོད་ཀྱི་རྩོམ་རིག་གི་སྡེ་ནས་ཕྲན་གྱིས་བརྩམས་ཆོས་བཀླགས་པའི་བསམ་ཚུལ་ལམ་དགེ་སྐྱོན་གང་གིས་ཐད་ནས་བསམ་ཚུལ་མང་པོ་གླེང་། འགྲེམ་ཐེངས་གཉིས་པ་དེ་ལྟར་ལམ་ནས་སྤེལ་བ་ཡིན། བརྩམས་ཆོས་དེ་དག་པར་དུ་སྐྲུན་པ་ནས་བཟུང་། ང་ལ་རྩོམ་རིག་གི་མི་ཚེའི་རིན་ཐང་ལྟ་བ་དང་། མཛེས་སྤྱོད་ཀྱི་ལྟ་བ། སྒེར་གཤིས་ཀྱི་ལྟ་བ། འགྲོ་འདུག་སྤྱོད་གསུམ་གྱི་ལྟ་བ་སོགས་གང་ཡིན་ཡང་བསམ་བློའི་འགྱུར་བ་ཆེན་པོ་གནང་བྱུང་། དེའི་ཕྱིར་རྩོམ་རིག་ནི་ངའི་མི་ཚེའི་ལམ་ཕྲན་རིང་མ་ཐུང་གང་གི་སྐབས་སུ་བློ་འགྱོད་མེད་པའི་བྱ་དངོས་ཤིག་ལ་ངོས་འཛིན་གྱིན་ཡོད། དེ་ནས་ལོ་རེ་བཞིན་དུ་དྲ་རྩོམ་དང་དེབ་གཟུགས་སུ་ཡོད་པའི་སྙན་ངག་དང་ལྷུག་རྩོམ། སྒྲུང་རྩོམ་སོགས་མང་པོ་བཀླགས་པ་དང་། ལོ་རེ་བཞིན་དུ་བརྩམས་ཆོས་བྲིས་པ་དག་ཁྱོན་བསྡོམད་བརྩམས་ཆོས800ནས1000ཙམ་མ་བྲིས་པ་མེད། དེ་ལྟར་བྲིས་ནས་ཡོང་བ་ཞིག་ཡིན། སྤྱིར་བཏང་བརྩམས་ཆོས་བྲིས་པ་ནི་གྲངས་ཀ་མ་ཡིན་པར་སྤུས་ཚད་གལ་ཆེ་བ་ཞིག་ཡིན་ཡང་། ང་ལྟ་བུ་རྩོམ་རིག་གི་ལམ་ལ་གསར་དུ་འཇུག་པའི་མི་ཞིག་ལ་བསམས་ན། མང་པོ་འབྲི་བ་དང་མང་པོ་བཀླགས་པ་གཉིས་ནི་གཅིག་ལ་གཅིག་རྟེན་ལྟ་བུ་ཞིག་ཡིན་པས། མང་པོ་བྲིས་པ་ཙམ་གྱིས་མི་ཕན་པར། །བྲིས་བཀླགས་གཉིས་ནས་འཇུག་པར་དགོས། །ཞེས་ཟེར་བའི་ཚིག་བཅད་འདི་ཡིད་ལ་དམ་པོ་བཟུང་ནས་རྩོམ་རིག་གི་ལམ་ཕྱོགས་ལ་བསྙེགས།

གསུམ།

ལོ་འདིའི་ལོ་མགོར་བོད་ཀྱི་སྙན་ངག་པ་ནག་པོའམ་དགའ་བདེ་ཚེ་རིང་ལགས་ལ་སྒེར་འབྲེལ་བྱས་པ་ཡིན། སྒེར་འབྲེལ་བྱས་མ་ཐག་ནས་ཉིད་ཀྱི་བརྩམས་ཆོས་མང་པོ་ངེད《ཟླ་ཟེར》དུས་དེབ་ཁང་ལ་འབྱོར་འདུག བརྩམས་ཆོས་ཡག་པོ་འགའ་བསྐུར་ཤོག  ལོ་གསར་པ་ཚེས་མ་ཐག་ནས་ཟླ་ཟེར་དུས་དེབ་ངོས་ལ་ས་མིག་ཅིག་གནང་ཡོང་གསུངས་བས་རྩོམ་འབྲི་པ་རང་ངོས་ནས་དམིགས་ཀྱིས་སེམས་ཚོར་ཆེན་པོ་ཞིག་བྱིན་བྱུང་། རྒྱུ་མཚན་གང་ཡིན་ཞེ་ན། བོད་ཀྱི་རྩོམ་རིག་དང་དུས་དེབ་ལོ་དེབ་སོགས་མང་ཆེ་བར་ངའི་བརྩམས་ཆོས་ཀྱི་ས་མིག་ཟིན་ཡོད། 《ཟླ་ཟེར》དུས་དེབ་ནི་ངའི་སེམས་ནང་གི་དུས་དེབ་ཆེས་ཡག་ཤོས་དང་སྡིངས་ཆ་ཆེ་ཤོས་ཀྱི་དུས་དེབ་ཅིག་ཡིན་པས། དེར་རྩོམ་ཞིག་འཁོད་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་བསམ་པའི་ཚོར་སྣང་བྱུང་། དེ་དུས་ངས་རང་མོས་དང་བཅད་མ་འགའ་བསྐུར་བས་དེ་དག་ལས《རང་བྱུང་ངག་གི་ཀུན་རྟོག》ཅེས་པའི་བཅད་མ་དེ2024ལོའི《ཟླ་ཟེར》དུས་དེབ་དང་པོ་ནང་ལ་ས་མིག་ཞིག་བསྩལ་བྱུང་། 

བཞི།

ལོ་འདི་ལ་སློབ་གླིང་གི་གཞུང་ཚན་ཕལ་ཆེར་རྫོགས་ལ་ཉེ་བའི་མཚམས་ལ་ཕྱིན་ཡོད། སྤྱིའི་ཆ་ནས་ཆེད་སྦྱོང་གི་གཞུང་ལུགས་གང་ཡིན་ན་དེ་ལ་ཟིན་བྲིས་དང་དཔྱད་རྩོམ་སོགས་མང་པོ་བྲི་དགོས་པ་སྨོས་མེད་ཅིག་ཡིན། ཡིན་ནའང་ལོ་འདི་ལ་རྩོམ་རིག་གི་ཕྱོགས་ལ་ཞིབ་ཏུ་བསམས་ན་གཞུང་དེབ་དང་ཚགས་པར། སྒེར་དེབ་སོགས་ཚ་ཚ་འུར་འུར་བྱེད་བཞིན་པའི་ཀྱོག་མཚམས་ཤིག་ལ་ཁེལ་ཡོད། ངོས་གཅིག་ནས་བཤད་ན། གང་ལ་རིག་གནས་ཀྱི་བྱ་འགུལ་དང་ཁྱབ་སྒྲོག་རང་བཞིན་ཅན་ཅི་ཙམ་ཆེ་ན་དེ་ལ་རིག་གནས་དེའི་བྱེད་ནུས་དང་འཕེལ་རིམ་ཞིག་ཡོད་པ་ངེས་ཅན་ཞིག་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། གང་ལ་ཚ་ཚ་འུར་འུར་གྱི་འཕེལ་རིམ་ཡོད་པ་ཙམ་གྱིས་རིག་གནས་དེ་ཉིད་ཀྱི་རིན་ཐང་དང་སྤུས་ཚད་གང་འདྲ་ཡིན་མིན་ལ་བསམ་གཞིག་ཆེན་པོ་གཏོང་དགོས་པའི་གནས་ཚུལ་ཞིག་ཐོན་ཡོད། དེའི་ཕྱིར་ད་ལོ་ཡིན་ན་གཞུང་སྒེར་གྱི་རྩོམ་རིག་དང་འབྲེལ་བའི་བྱ་དགའ་དང་དེབ་གཟུགས་སུ་བསྐྲུན་པའི་དཔེ་དེབ་དཔེ་མེད་མང་པོ་སྒོར་བུད་པ་ཡག་སྣང་བྱུང་། གཅིག་ནས་སྐད་དང་ཡི་གེའི་རྩ་བ་རི་བོ་བཞིན་དུ་བརྟན་པ་དང་། གཉིས་ནས། ཀློག་པ་པོའི་སྡེ་ལ་ཤུགས་རྐྱེན་གྱི་འཕེལ་ལམ་མང་དུ་བསྩལ་བྱུང་། དེ་དག་ནི་བཀའ་དྲིན་ཞུ་དགོས་པ་ཞིག་རེད།

ཕྲན་རང་ལ་མཚོན་ན། ལོ་འདིར་བརྩམས་ཆོས1200ལྷག་ཙམ་བྲིས་འདུག དེ་དག་ལས་འགའ་ཞིག《རང་བྱུང་ངག་གི་ཀུན་རྟོག》ཞེས་པ《ཟླ་ཟེར》དུས་དེབ་དང་པོའི་ངོས་སུ་བཀོད་ཡོད། 《བརྩེ་བའི་འཕར་ལྡིང》ལ་བོད་ཀྱི་ཤེས་ཡོན་པ་ཁམས་པ་བེ་དུང་ལགས་ཀྱིས་ཕྲན་དཔྱད་གནང་ཡོད། རང་དང་དགའ་ཕྱོགས་གཅིག་པའི་གྲྭ་བཙུན་འགའ་དང་མཉམ་དུ《བརྩིགས་པ》ཞེས་པའི་སྙན་དེབ་ཅིག་པར་དུ་བསྐྲུན་པ་ཡིན།《རྫོགས་ལྡན་བསུ་བའི་ཞུ་འཕྲིན 》ཞེས་པ 《བྲག་མགོ་རྫོང་གི་དུས་དེབ》དུ་བཀོད་ཡོད། 《ཚིག་རྒྱན་གྱི་གར》ཞེས་པ 《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》དེབ་གཉིས་པར་བཀོད་ཡོད། 《ཚིག་གི་གདང་གླུ》 ཞེས་པ《འབྲི་ཆུ》ལོ་དེབ་དུ་བཀོད་ཡོད། 《སོར་མོའི་ཟློས་གར》ཞེས་པ《མཚོ་སྔོན་བོད་ཡིག་གསར་འགྱུར》དང《ཀྲུང་གོ་བོད་ཀྱི་དྲ་བ》རུ་བཀོད་ཡོད། 《སྟོང་པ་ཉིད་ཀྱི་སྙན་ངག》ཅེས་པ《གངས་དཀར་རི་བོ》དེབ་ཕྲེང་དྲུག་པའི་ངོས་ལ་བཀོད་ཡོད། 《ཚིག་གི་ཆུ་རིས》ཞེས་པ《གངས་རྒྱན་མེ་ཏོག》དེབ་ཕྲེང་བཞི་པར་བཀོད་ཡོད། 《དྲང་ངེས་སྐོར་ལ་དཔྱད་པ 》ཡུལ་ཤུལ་ཁུལ་ནང་བསྟན་སློབ་གྲྭའི་ཆེད་དེབ《སྐྱེ་རྒུ་ནོར་བུ》རུ་བཀོད་ཡོད། 《ཞུ་ཡིག་མུ་ཏིག་གསར་བའི་མགུལ་རྒྱན》བོད་ཀྱི་སྒེར་གཉེར་ལོ་དེབ《གུར་ཀུམ་ཆུན་པོ》རུ་བཀོད་ཡོད། 《ཞུ་ཡིག་མུ་ཏིག་གསར་བའི་མགུལ་རྒྱན》ཞེས་པ《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》རུ་བཀོད་ཡོད། 《ང་རང་སྔར་བཞིན་གྱེས་འགྲོ》ཞེས་པ《རྨ་འབྲི》ལོ་དེབ་ངོས་ལ་བཀོད་ཡོད། 《ངེས་མེད་ཀྱི་སྐྱོ་གདུང》ཞེས་པར་ཡུལ་ཤུལ་པའི་སྙན་ངག་པ་རྒན་གྲས་ཉི་མ་བཟང་པོ་ལགས་ཀྱིས་ཕྲན་དཔྱད་གནང་ཡོད། གཞི་ཀ་རྩེའི་ཚགས་པར་དང་ཁམས་པའི་ཚགས་པར། དེ་དག་ངོས་ལ་བརྩམས་ཆོས་མང་པོ་མཐོང་རྒྱུ་ཡོད་ལ་བརྩམས་ཆོས་འགའ་ལ་ས་མིག་དེ་ལྟར་ཐོབ་ཡོད། ད་ལོ་ལོ་གཅིག་ལ་ཕྲན་གྱིས་བརྩམས་ཆོས1200ལྷག་བྲིས་པ་ལས་མང་ཆེ་བ་ནི་དྲ་ལམ་དང་གཞུང་དེབ་དང་ཚགས་དེབ་སོགས་ལ་བཀོད་མེད། དེ་ནི་ལོ་གཅིག་ལ་བརྩམས་ཆོས་ཅི་ཙམ་བྲིས་པ་དང་། བྲིས་པའི་ནང་ལ་བོད་ཁུལ་ལ་ས་མིག་ཐོབ་པ་དེ་དག་ཡིན། 

ལྔ།

ལོ་འདིར་མཚོན་ན་ལོ་སྔོན་མ་དག་ལ་བསྡུར་ན་སྤྱིའི་ཆ་ནས་བརྩམས་ཆོས་བྲིས་པའི་གྲང་ཀ་མང་དུ་ཕྱིན་ཡོད། དེ་ཡང་རྩོམ་རིག་གི་ལམ་ཁ་ཇེ་ཡངས་ཡིན་པའི་འཇུག་སྒོ་གཅིག་པུ་ཉིད་དོ། །

ལོ་གསར་བའི་ནང་ནས་དེ་ལས་མང་བའི་བརྩམས་ཆོས་བྲི་ཐུབ་པ་དང་། གསར་རྩོམ་གྱི་ལམ་ཁ་ཡངས་པོ་མངོན་འགྱུར་ཡོང་བར་སྨོན་པ་དེ་ཉིད་དོ། ། 

དྲུག

ལོ་འདིར་ཆེད་སྦྱོང་གི་བྱ་བ་ཁུར་དུ་བླངས་ནས་ཞོར་དུ་དུས་ཚོད་དང་བར་སྟོང་ཅི་ཡོད་བཙལ་ཏེ། རྩོམ་རིག་དང་། ལོ་རྒྱུས། ཆོས་འབྱུང་། གཞུང་ལུགས། ཞིབ་འཇུག་གི་དཔེ་དེབ་ཕྱོགས་ལ་རྒྱུན་བསྐྱངས་པ་ཡིན། གཡུ་རྔོག་ཚེ་བཀྲས་བརྩམས་པའི《གཡུ་ཆུང》དང་།《ལོ་བརྒྱའི་ཁེར་རྐྱང》 《གངས་རྒྱན་མེ་ཏོག》དེབ་བཞི་ཀ། 《མི་རིགས་ཀྱི་རྩོམ་རིག》དེབ་ཕྲེང་གསུམ། བྱ་གཞུང་དབྱངས་བྷས་བརྩམས་པའི《རྩོམ་རིག་གཡུ་དྲུང་ལག་འཁྱུད》ས་དཀྱིལ་ཚེ་བཀྲས་བརྩམས་པའི《ཕར་རྒྱབ་ཀྱི་ལོ་ཟླ》ཀུན་མཁྱེན་པད་མ་དཀར་པོས་མཛད་པའི 《བསྟོད་ཚོགས་སྙན་ངག་ཕྱོགས་བསྒྲིགས》 《དཔལ་ཁང་ལོ་ཙྭ་བའི་ཆབ་ཤོག》 བླ་མ་འཆི་མེད་རིག་འཛིན་གྱི《སྙན་རྩོམ་གཅེས་བཏུས》བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི《ཚངས་སྲས་བཞད་པའི་སྒྲ་དབྱངས》ལས《གཟུགས་རྒྱན་ཚར་གཉིས》《དཔེ་རྒྱན་ཚར་གཉིས》སྙན་བུས་བརྩམས་པའི《བདག་གི་རྟ་ཕོ》འབྲུག་པ་སངས་རྒྱས་རྡོ་རྗེས་མཛད་པའི 《རྟོགས་བརྗོད་སྙན་ངག་ཕྱོགས་བསྒྲིགས》《འཛམ་གླིང་རྩོམ་རིག་ལོ་རྒྱུས་གནད་བསྡུས》 ཏ་ར་ནཱ་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》མཁས་དབང་དགེ་འདུན་ཆོས་འཕེལ་གྱི《དེབ་དཀར》 《དབའ་བཞེད》མཁས་དབང་དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་ཐང》 《ལོ་པན་རྣམ་ཐར་ཕྱོགས་བསྒྲིགས་དེབ་ལྔ་པ》 འགོས་ལོ་གཞོན་ནུ་དཔལ་གྱི《དེབ་ཐེར་སྔོན་པོ》སློབ་དཔོན་དབྱིགས་གཉེན་གྱི《མངོན་པ་མཛོད》མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི《མཆིམས་མཛོད》རྒྱལ་དབང་རྗེས་མཛད་པའི《མཛོད་འགྲེལ་ཉི་སྣང》དགེ་སློང་རྣམ་རྒྱལ་དབང་ཆེན་གྱིས་མཛད་པའི《མཛོད་འགྲེལ་དོགས་གཅོད》ཀུན་མཁྱེན་མི་བསྐྱོད་པས་མཛད་པའི 《གྲུབ་བདེའི་དཔྱིད་འཇོ》《མཛོད》ཀྱི་འགྲེལ་བཤད་གཉིས་ལ་རག་བལྟ་ཙམ། ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི《རྟེན་འབྲེལ་མཐའ་དཔྱོད》ལ་ཟུར་བལྟ་ཙམ། རྗེ་བླ་མས་མཛད་པའི་གསེར་ཕྲེང་ལས《རྟེན་འབྲེལ》 《ཁངས་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་བཞི་པ》རྒྱལ་དབང་ཀརྨ་པས་མཛད་པའི《སེམས་ཙམ་སུམ་བཅུ་པའི་ཞལ་ལུང》ད་དུང་དྲ་རྩོམ་ཡང་འགའ་བཀླགས་འདུག མདོར་ན་ལོ་འདིར་དཔེ་ཀློག་གི་བྱ་བ་འདི་ལྟར་བགྱིས་པས་བསོད་ནམས་དང་ལྡན་པར་གྱུར། 

བདུན།

ལོ་འདིར། སྙན་གཞུང་ཁག་གཞན་ལ་སློབ་ཁྲིད་བགྱིས་པ་དང་། རང་གིས་སྙན་གཞུང་ཁག་ལ་རྒྱུས་ལོན་བློ་སྦྱོང་གང་མཚམས་ཤིག་བྱུང་བས་དགའ་འོས་པ་ཞིག་བྱུང་། རང་ལ་བསམ་བློ་བཏང་ན་སྲོལ་རྒྱུན་རྩོམ་རིག་གི་སྡིངས་ཆ་དང་བརྒྱུད་རིམ་ངེས་ཅན་མེད་པ་ཞིག་ཡིན། སྲོལ་རྒྱུན་རྩོམ་རིག་ལ་སྡིངས་ཆ་དང་སློབ་སྦྱོང་ཡག་པོ་ཞིག་ལོན་དགོས་ན། སྤྱིའི་ཆ་ནས་གནའ་ནས་ད་བར་དུ་མེས་པོ་གོང་མ་རྣམས་དང་དེ་དག་གིས་རྗེས་སུ་བཟུང་བའི་སྐྱེས་ཆེན་དག་གི་གནའ་རྩོམ་དང་ཆབ་ཤོག་ཞུ་འཕྲིན་སོགས་ལ་ལྟ་ཀློག་མང་དུ་བྱེད་དགོས་པ་གལ་ཆེན་ཞིག་རེད། དེའི་ཕྱིར་ལོ་འདིར་དེ་དག་གི་ཕྱོགས་ལ་ཉམས་ཞིབ་དང་སློབ་སྦྱོང་གང་འཚམ་རེ་བྱེད་པའི་བསྐལ་བ་བཟང་པོ་བྱུང་། 

བརྒྱད།

ལོ་འདིར། རང་གི་ཕ་ཡུལ་ཕྱོགས་ལ་མཚོན་ན་རྩོམ་འབྲི་པའི་སྡེ་དང་། རྩོམ་རིག་གི་འཕེལ་རིམ་ལ་བསམ་བློ་བཏང་བ་ཡིན་ན། ཡུལ་ལུང་གཞན་དང་ཚོགས་སྡེ་གཞན་དང་བསྡུར་ན། རང་གི་ཕ་ཡུལ་ནི་རྩོམ་རིག་གི་གཞིས་ཀ་ཆུང་བ་དང་། དཔེ་ཀློག་བྱེད་མཁན་གྱི་མི་འབོར་གྱི་ཆ་ནས་ཆེས་ཉུང་ཤོས་ཡིན་པར་འདུག ཡིན་ནའང་། ད་ལོར་གཞུང་ཕྱོགས་ལ་རེ་བ་ཞུས་ནས་རྩོམ་རིག་གི་དུས་དེབ་ཅིག་ཡོད་པ་དེ་སྔར་ལས་གཟི་བརྗིད་ཅན་གྱི་ལམ་ཁ་ཞིག་ལ་བསྒྱུར་བའི་བསམ་བློའི་འདུན་པ་ཚུགས་སོང་། དེ་ལ་བསམས་ན། སྤྱིའི་ཆ་ནས་མི་རིགས་དང་། བྱེ་བྲག་གི་ཆ་ནས་ཕ་ཡུལ་དང་། ཡུལ་ལུང་སོགས་ལ་སྐད་དང་ཡི་གེའི་དབུགས་རྒྱུན་ཞིག་སླར་ཡང་མཆེད་པའི་སྣང་ཚུལ་ཞིག་ཨེ་འབྱུང་བསམ་པའི་འདུན་པ་ཞིག་བསྩལ་སོང་། 

དགུ།

སྤྱིར་བཏང་རྩོམ་འབྲི་བ་ནི། མི་ཞིག་གི་མི་ཚེ་གཅིག་གི་ལེགས་ཉེས་ཀྱི་བླང་དོར་བྱ་བའི་དོན་དག་ཞིག་ཡིན། རྩོམ་རིག་གི་འཚོ་བ་དང་ལྟ་སྤྱོད། བསམ་པའི་དཔལ་ཡོན་སོགས་ཚད་ཇེ་མཐོར་གཏོང་ཐུབ། འཚོ་བ་དང་ལྟ་སྤྱོད། བསམ་པའི་དཔལ་ཡོན་སོགས་ཚད་ངེས་ཅན་གྱི་མིའི་ཤེས་རབ་ལ་རྨི་ལམ་གསར་པ་དང་རེ་བ་གསར་པ། ཕུགས་འདུན་གསར་པ་རེ་ཡོད། ང་ནི་དེ་ལྟ་བུའི་ཕུགས་འདུན་དང་རྨི་ལམ་གསར་པ་ཅན་གྱི་མི་ཞིག་མིན་རུང་། མ་འོངས་པར་བྱ་བའི་མདུན་ལྗོངས་འདི་ནས་བོད་ཀྱི་སྐད་དང་ཡི་གེའི་སླར་གསོའི་གསོས་སུ་གྱུར་བའི་སྙན་དེབ་ཅིག་མི་ཡུལ་ལ་འབུལ་བའི་རེ་བ་ཆུང་ཆུང་ཞིག་དང་རྨི་ལམ་ཆུང་ཆུང་ཞིག་ཡོད། དེ་ནི་དུས་ཚོད་དང་བྱ་བའི་གོ་རིམ་སོགས་འཐུས་ཤོར་མ་བྱུང་ན། བོད་རྩོམ་གྱི་སྡེ་ལ་འབུལ་འདོད་ཀྱི་འདུན་པ་སྔར་བས་བརྟན་པོ་ཡོད།

བཅུ།

གོང་ཞུས་ཀྱི་སྐད་ཆ་དེ་དག་བཤད་རིན་ཡོད་པ་དེ་འདྲ་ཅི་ཡང་མིན་མོད། འདི་ནི་རང་གི་མི་ཚེ་དང་རྩོམ་རིག་བར་གྱི་འབྲེལ་ལམ་གྱི་སྐད་ཆ་ཐུང་ངུ་ཞིག་ཡིན། མ་འོངས་པར་རྩོམ་རིག་ལ་སྨོན་པའི་གཏམ་ནི་འདི་ལྟར་ཏེ། ཚེ་ཡི་འཕེན་པ་མ་རྫོགས་བར་དུ་རྩོམ་རིག་གི་བྱ་བ་ལ་འཐུས་ཤོར་དང་མཚམས་འཇོག་བྱེད་མི་དགོས་པའི་སྨོན་ལམ་ཞུས་པ་ནང་བཞིན་དུ། མ་འོངས་པར་ཕམ་ཉེས་དང་ཡིད་ཆད་ཅི་འདྲ་བྱུང་ཡང་རུང་། ངའི་རྩོམ་རིག་གི་བྱིན་རླབས་ཀྱི་མདུན་ལྗོངས་རིང་བ་དང་། བོད་རྩོམ་གྱི་འཕྲིན་ལས་འདི་དར་ཞིང་རྒྱས་པར་ཡང་ཡང་སྨོན་ཞེས་ཞུ་བ་ལགས་སོ། །

2024ལོའི་ཟླ12པའི་ཚེས25ཉིན་བྲིས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号