དམྱལ་ཟངས་ནང་གི་ཀུ་རེ།
-དེང་རབས་རིང་ལུགས་ཕྱི་མའི་གཞུང་ལུགས་ཀྱི་མཐོང་སྣེ་ལས་《རྒས་ན་ཡུལ་མེད》ལ་བལྟ་བ།
དུང་ཟིན་རྒྱལ།
གཅིག ནང་དོན་མདོར་བསྡུས།
《རྒས་ན་ཡུལ་མེད》ཅེས་པ་ནི་མའེ་ཁ་ཞིའི་བརྩམས་སྒྲུང་ལ་བཅོས་སྒྲིག་བྱས་པའི་ཨ་རིའི་ཉེས་གསོག་རིགས་ཀྱི་གློག་བརྙན་ཞིག་ཡིན་ཞིང་། ཁུ་ཨིན་གཅེན་གཅུང་གཉིས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། སྐབས་80པའི་ཨའོ་སི་ཁཱའི་གསེར་བརྙན་བྱ་དགའ་ཐོབ་པ་རེད། གློག་བརྙན་གྱི་གཏམ་རྒྱུད་མདོར་བསྡུས་ན་དེ་ནི་1980ལོར་ཨ་རིའི་ལྷོ་ནུབ་ཕྱོགས་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་བྱུང་ལ། ཝེ་ཐེ་ནམ་དམག་འཁྲུག་ལ་ཞུགས་མྱོང་བའི་དམག་མི་རྒན་པ་མོ་སཱིས་རྔོན་རྒྱག་སྐབས་སྟེས་དབང་གིས་ནག་ཚོགས་ཀྱི་གཡུལ་ཤུལ་ཞིག་དང་ཉེ་བར་བཅར་ཞིང་། ཡུལ་དངོས་ཀྱི་བེམ་པོ་ཞིག་གི་གམ་དུ་ཨ་སྒོར་ཁྲི་200རྙེད་རྗེས་འཕྲལ་མར་ཡུལ་དུ་ཁྱེར་ནས་སྦས། ནག་ཚོགས་ཀྱིས་ལག་དམར་ཨན་ཏུང.ཆི་ཀོའུ་ཨེར་ལ་ཆེད་དུ་སྒོར་མོ་དེ་ཕྱིར་འཕྲོག་པར་གླས་ཤིང་། ལག་དམར་ཀྱིས་རྗེས་འདེད་འཕྲུལ་ཆས་ལ་བརྟེན་ནས་མོ་སཱི་བདའ་འདེན་བྱས། མོ་སཱིས་སྒོར་མོ་ཁྱེར་ནས་ཕྱོགས་གང་སར་བྲོས་བྱོལ་བྱེད་སྐབས་ཁོར་རྨས་སྐྱོན་ཕོག་ནས་མོ་ཞི་ཁོའི་ས་ཆར་སྦས་སྐུང་བྱས། ལག་དམར་ཨན་ཏུང་གིས་ནམ་ཡང་མྱི་གསོད་པར་རང་གི“སྒྲིག་སྲོལ"གཞན་ཞིག་སྲུང་གི་ཡོད་པས། ནག་ཚོགས་ཀྱི་འགོ་བས་ཨན་ཏུང་ལ་ཚོད་འཛིན་བྱེད་མི་ཐུབ་པ་ཚོར་ནས། ཡང་རྔོན་པ་ཁཱ་སིན་བོས་ནས་བྱ་དགའ་སྤྲོད་པར་ཁས་བླངས་ནས་ཨན་ཏུང་གསོད་བརྩིས་བྱས། བར་གླེགས་དེར་ཁཱ་སིན་གྱིས་མོ་སཱི་བཙལ་ནས་ཁོ་ལ་བསླུ་བྲིད་ཀྱིས་བོར་སོང་བའི་ཨ་སྒོར་ཉིས་བརྒྱ་དེ་ཕྱིར་ལེན་རྩིས་བྱས་མོད། མཐར་མཇུག་ཁཱ་སིན་དང་ནག་ཚོགས་ཀྱི་འགོ་བ་སྔར་བཞིན་ལག་དམར་ཨན་ཏུང་གིས་བསད། ཉེན་དཔོན་པཱེ་ཨེར་གྱིས་ཐོག་མཐའ་བར་གསུམ་དུ་གྱོད་དོན་དེར་རྗེས་འདེད་བྱས་མོད། སྐྱོ་གར་འབྱུང་བར་བཀག་འགོག་བྱེད་མ་ནུས་ལ། ཐ་ན་ཁོའི་རོགས་སྐྱོར་ལ་རེ་བའི་མོ་སཱི་དང་མོ་སཱིའི་ཆུང་མའང་ལག་དམར་ཨན་ཏུང་གིས་བསད་ཟིན། ཆེས་མཇུག་མཐར་ཨན་ཏུང་གནས་དེར་ཁ་འབྲལ་སྐབས་རླངས་འཁོར་གྱི་དོན་རྐྱེན་བྱུང་མོད། ཁོས་སྔར་བཞིན་རྨ་ཁ་སྐྱོར་ནས་བྲོས་བྱོལ་བྱས།
གཉིས། དཔྱོད་མིན་རིང་ལུགས་དང་གཞི་གྲུབ་ཀྱི་མཐོང་སྣེ།
(1)དཔྱོད་ཤེས་མིན་པའི་མི་གཤིས།
གློག་བརྙན་ཁྲོད་ཀྱི་ལག་དམར་གྱིས་དངུལ་ཊམ་གྱི་མོ་འདེབས་སྟངས་(དངུལ་སྒོར་རྒྱབ་མདུན་འཁེལ་ཕྱོགས་ལྟར་ཅི་བྱེད་ཐག་གཅོད་བྱེད་པའི་གདམ་ཀ་ཞིག)ལ་བསྟེན་ནས་ད་གཟོད་གཞན་གྱི་ཤི་གསོན་ཐག་གཅོད་བྱེད་ཀྱི་ཡོད་དེ། བྱ་སྤྱོད་དེ་དཔྱོད་ཤེས་ཀྱི་གཏན་ཚིགས་དང་ཀུན་སྤྱོད་ཀྱི་ཚད་གཞི་ལས་རྦད་དེ་རྒྱབ་འགལ་བྱས་ཡོད་ལ། ལག་དམར་གྱི་འཇིག་རྟེན་དུ། སྤྱིར་བཏང་གི་བཟང་ངན་གྱི་འདུ་ཤེས་མེད་པར། བཤད་ཐབས་བྲལ་བའི་འདོད་བློ་ཞིག་དང་གོ་བ་ལེན་དཀའ་བའི་“སྒྲིག་སྲོལ"ཞིག་གིས་སྒུལ་ནས་ཡོད། ལག་དམར་གྱི་དཔྱོད་ཤེས་མིན་པའི་བྱ་སྤྱོད་འདིས་གློག་བརྙན་ཁྲོད་ཀྱི་མི་སྣ་གཞན་དག་ལ་འཇིགས་སྣང་བཟོ་བ་དང་དང་མགོ་འཐོམ་དུ་བཅུག་པར་མ་ཟད། ཐ་ན་ལྟད་མོ་བར་མི་གཤིས་ཀྱི་བག་ལ་ཞ་བའི་དཔྱོད་ཤེས་མིན་པའི་སྟོབས་ཤུགས་འཇིགས་སུ་རུང་བ་ཞིག་ཀྱང་ཚོར་དུ་བཅུག་སོང་། མོ་སཱི་ནི་སྤྱིར་ན་མི་ཞིབ་ཚགས་དང་རིག་རྒོད་ཅིག་ཡིན་མོད། སྟེས་དབང་ཞིག་གིས་ནག་ཚོགས་ཀྱི་རྩོད་གཞིར་གྱུར་བའི་རྒྱུ་ནོར་དེ་ཐོབ་རྗེས། དངུལ་གྱི་འདོད་རྔམ་དང་ཉེན་ཁར་འཛེགས་པའི་ངར་ཤུགས་ཀྱིས་རང་ཉིད་ཀྱི་བདེ་འཇགས་ལ་མི་བལྟ་བར། ལག་དམར་དང་སྲོག་བསྡོས་བྱེད་པ་ལས་འབྱུང་ངེས་ཀྱི་མཇུག་འབྲས་ཚབས་ཆེན་ལ་གཏན་ནས་དོ་སྣང་བྱེད་ཀྱི་མེད། མོ་སཱིའི་བྱ་སྤྱོད་ལས་མིའི་རིགས་ཀྱིས་དངོས་པོའི་བསླུ་བྲིད་ལ་གདོང་གཏོད་སྐབས། དཔྱོད་ཤེས་དང་ཀུན་མཐུན་གྱི་བསམ་བློ་དེ་རྒྱུན་དུ་ཧོལ་རྒྱུགས་དང་འདོད་རྔམ་གྱིས་ཁྱུར་མིད་གཏོང་ངེས་པ་མཚོན་ཡོད། དེ་བས། དཔྱོད་ཤེས་མིན་པའི་རིང་ལུགས་(非理性主义)ཀྱི་བསམ་པའི་འདུ་ཤེས་ཀྱིས་མིའི་ཐད་ཀའི་ཚོར་བ་དང་། རང་བཞིན། འདོད་བློ་དང་བརྩེ་དུང་སོགས་ལ་དཔྱོད་ཤེས་མིན་པའི་རྒྱུ་གཙོ་བོ་བྱས་ནས་ཤེས་རྟོགས་དང་བྱ་སྤྱོད་ལ་འགྱུར་ལྡོག་གཏོང་གི་ཡོད། རྒྱུ་རྐྱེན་འདི་དག་དཔྱོད་ཤེས་ཀྱི་འཆིང་རྒྱ་ལས་བརྒལ་ནས་མིའི་རིགས་ཀྱི་གཞི་གྲུབ་དངོས་མ་དེ་མཚོན་གྱི་ཡོད།
(2)གཞི་གྲུབ་ཀྱི་གདམ་གསེས།
གློག་བརྙན་དེ་ཨ་སྒོར་སྒམ་གཅིག་གི་ཁུངས་སྣེ་བརྒྱུས་ཤིང་། རྔོན་པ་མོ་སཱིས་ཨ་སྒོར་སྒམ་གང་བོའི་ཆེད་དུ་ཕྱོགས་བཞི་ཀུན་ཏུ་བྲོས་བྱོལ་བྱས་པ་དང་། དངུལ་དང་ཚེ་སྲོག འདོད་པ་དང་ཀུན་སྤྱོད་བཅས་བར་ལ་བྱ་དཀའ་བའི་གདམ་ག་ཞིག་ཡོད་མོད། ཉེན་ཁ་རེ་རེ་རང་ཉིད་ཀྱི་གདམ་ག་སྔོན་དུ་སོང་བའི་དོན་སྙིང་ཞིག་འཚོལ་བཞིན་ཡོད་ལ། ལག་དམར་ཨན་ཏུང་གི་ཨ་སྒོར་བདའ་འདེད་བྱེད་པའི་རྒྱབ་ཀྱི་རྙོག་འཛིང་ཆེ་བའི་ཀུན་སློང་དེ་ནི་ཁོས་རང་ཉིད་ཀྱིས་གཞི་གྲུབ་པའི་གདམ་ག་གཞན་ཞིག་བདེན་དཔང་བྱེད་བཞིན་ཡོད། ཉེན་རྟོག་དཔོན་གྱིས་འགན་འཁྲིའི་འདུ་ཤེས་ཤིག་རྒྱུན་འཁྱོངས་བྱས་ནས་གདུག་རྩུབ་ཆེ་བའི་དོན་དངོས་དེར་འགྱུར་ལྡོག་གཏོང་རྩིས་ཡོད། ཉེན་རྟོག་དཔོན་དང་མོ་སཱི། ལག་དམར་བཅས་བར་གྱི་འབྲེལ་བ་དང་གདམ་ག་ནི་ཁྲག་དྲི་འཐུལ་བའི་རྔོན་པ་དང་རི་དྭགས་ལྟ་བུའི་གཏན་འཁེལ་མེད་པའི་འཐབ་རྩོད་ཞིག་གིས་སྦྲེལ་ནས་ཡོད་ལ། གཞི་གྲུབ་རིང་ལུགས་ཀྱི་ངོས་ནས་བལྟས་ན། འཐབ་རྩོད་ནི་ད་གཟོད་ཁོ་ཚོས་འཚོ་གནས་ཀྱི་གདམ་ག་དང་གནས་ལུགས་སུ་ཆགས་ཡོད་ལ། གློག་བརྙན་དུ་མི་སྣ་གཙོ་བོ་དེ་ཚོས་ཆེས་གཉན་འཕྲང་གི་སྐབས་སུ་གདམ་གསེས་ལ་འགན་འཁུར་བཞིན་ཡོད་ཅིང་། ཐ་ན་གདམ་ག་དེར་མཇུག་འབྲས་ལེགས་པོ་ཞིག་མི་ཐོབ་པ་ཤེས་བཞིན་དུ། སཱ་ཐཱིས“ཚེ་སྲོག་ཅིག་གི་ལོ་རྒྱུས་ནི་ཅི་འདྲ་ཞིག་ཡིན་རུང་། མཇུག་མཐར་ཚང་མ་ཕམ་ཁ་བྱུང་བའི་ལོ་རྒྱུས་ཤིག་ཡིན། རྒྱུ་མཚན་བྱ་དངོས་ཕན་ཚུན་བར་གྱི་དགྲར་འཛིན་དང་ཟུར་འབུད་ཁྲོད་ནས། ལོ་ཟླ་མང་པོ་ཞིག་གི་བཟོད་བསྲན་ལ་བརྟེན་ནས་ད་གཟོད་གླེང་རིན་མེད་པའི་འབྲས་བུ་ཞིག་ལ་སྒུག་དགོས་ནས་ཡོད”ཞེས་པ་ལྟར། གློག་བརྙན་དུ་གོང་གསལ་གྱི་མི་སྣ་དེ་དག་གི་དྲག་ཤུགས་ཀྱི་བྱ་སྤྱོད་ལ་མཛེས་སྡུག་གི་རྗེས་ཤུལ་མངོན་མེད་པར་། ཐད་ཀར་གདོད་མའི་གཏུམ་སྤྱོད་བྱེད་སྟངས་དང་གནོད་འཚེ་ཐེབས་མཁན་གང་ཡིན་རུང་ཚང་མར་ཟུར་ཟ་བྱས་ཡོད་ལ། དགོད་བྲོའི་ཟློས་གར་དེའི་རྒྱབ་ཏུ་དེང་རབས་མིའི་རིགས་ཀྱི་འཚོ་གནས་ཀྱི་གནས་བབ་ལ་དོ་ཁུར་ཟབ་མོ་བྱས་ཡོད།
གསུམ། དཀྱིལ་དང་མཐའ་ནས་གཏོར་སྟངས།
(1)རབ་རིབ་ཀྱི་ཀུན་སྤྱོད་དབྱེ་མཚམས།
《རྒས་ན་ཡུལ་མེད》ཅེས་པ་ལས། རྒྱུན་མཐོང་གི་ཀུན་སྤྱོད་ཚད་གཞིར་སྔར་མེད་ཀྱི་དོགས་སློང་བྱས་ཡོད་དེ། ལག་དམར་ཨན་ཏུང་གིས་ཚད་བརྒལ་གྱི་བྱ་སྤྱོད་ལ་བརྟེན་ནས་ཚེ་སྲོག་ལ་གང་འདོད་དུ་རྡོག་རྫིས་བཏང་བ་དང་། ཁོའི་བྱ་སྤྱོད་ནི་སྤྱི་ཚོགས་ཀྱིས་གཅིག་མཐུན་ངང་ཁས་ལེན་པའི་ཀུན་སྤྱོད་ཚད་གཞི་དང་རྦད་དེ་རྒྱབ་འགལ་དུ་གྱུར་ཡོད་མོད། ཁོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་“སྒྲིག་སྲོལ”ཞིག་ལ་བརྩི་སྲུང་བྱེད་ཀྱི་ཡོད་པ་སྟེ། དཔེར་ན་དངུལ་སྒོར་གཡུགས་ནས་མདུན་རྒྱབ་ཁེད་མིན་ལ་བརྟེན་ནས་གཞན་གྱི་ཤི་གསོན་ཐག་གཅོད་བྱེད་ཀྱི་ཡོད་པ་ལྟ་བུ་རེད། དེ་ལ་ལྷུ་གཏོར་རིང་ལུགས་རིང་ལུགས(解构主义)ལས་དཔྱད་ན། འདིར་ལ་རྩོམ་ཆོས་ཀྱི་དོན་སྙིང་ལ་ཚད་བཀག་མེད་པའི་ཁྱད་ཆོས་ལྡན་འདུག་ལ། རྒྱུན་མཐོང་གི་ཀུན་སྤྱོད་འདུ་ཤེས་ཀྱི་“རྩོམ་ཆོས”འདི་རྩ་བ་ནས་ལྷུ་གཏོར་བྱས་པས། བཟང་ངན་དང་དྲང་ལྡོག་གི་དབྱེ་མཚམས་ནི་ལྟོས་མེད་མིན་པ་མ་ཟད། ཀུན་སྤྱོད་ཤན་འབྱེད་ཀྱི་ཚད་གཞིར་ལྟོས་བཅས་རང་བཞིན་གྱིས་ཁེངས་ཡོད། དེ་བས་ལྟད་མོ་བ་ཚོས་ཨན་ཏུང་གི་བྱ་སྤྱོད་ལ་ཞིབ་ལྟ་བྱེད་སྐབས། སྒྲིག་གཏོར་རིང་ལུགས་ཀྱི་རྩོམ་ཆོས་ཞིག་ལ་འགྲེལ་བཤད་བྱེད་པ་དང་འདྲ་བར། ལག་དམར་ཨན་ཏུང་གིས་རང་ཉིད་ཀྱི“སྒྲིག་སྲོལ"ལ་བཙན་ཤེད་ཀྱིས་མཐའ་སྐྱོང་པའི་ཨུ་ཚུགས་ཤིག་མངའ་སྟེ། ཁོས་ཚོང་ཁང་སྦྱིན་བདག་ལ་སྐད་ཆ་བཤད་སྐབས། ཁོའི་དོ་སྣང་བྱ་ཡུལ་གཙོ་བོ་ནི་ཕ་རོལ་པའི་ཁོའི་དྲི་བ་ལ་ནན་ཏན་གྱིས་ལན་འདེབས་ཀྱི་ཡོད་མེད་ལ་བལྟ་བཞིན་འདུག གལ་ཏེ་ཕར་རོལ་པས་ཁོའི་དྲི་བ་སྣང་མེད་དུ་བཞག་ཚེ། ཁོས་དྲི་བ་དེ་ཡང་དང་བསྐྱར་དུ་འདྲི་ངེས་ལ། དུས་མཚུངས་སུ་ཁོས་ཕ་རོལ་པའི་བཏོན་པའི་དྲི་བ་དེ་རྩ་བ་ནས་སྣང་མེད་དུ་འཇོག་སྲིད། གློག་བརྙན་ལས་གོང་གི་གླེང་མོལ་དུམ་བུ་འདིར་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་ཏེ། མི་གཞན་གྱིས་ཁོའི་སྐད་ཆར་བརྩི་སྲུང་བྱེད་མིན་དེ་སྐྱོན་ཆ་འཚོལ་བའི་དབང་ཆ་ཞིག་དང་འདོད་པ་ཞིག་ཡིན་པ་གསལ་བཤད་བྱས་ཡོད་ལ། དེ་ནི་དངུལ་སྒོར་ཞིག་གི་མདུན་རྒྱབ་ཀྱིས་ཤི་གསོན་ཐག་བཅོད་བྱས་ཆོག་པའི་དབང་ཆ་ཞིག་དང་། ཡང་ན་ཁོ་ནི“ལྷ”རུ་བཀུར་ཡོད་སྲིད། ཁོས་རང་ཉིད་ཀྱི“སྒྲིག་སྲོལ"གྱིས་གཞན་གྱི་ལས་དབང་ལ་ཐག་བཅོད་བྱས་ཡོད་སྙམ་པའི་སྐབས་སུ། ལས་དབང་གིས་ཁོ་ལའང་འགྲིམ་འགྲུལ་དོན་རྐྱེན་གྱི་ཀུ་རེ་ཞིག་རྩེས་པས། ཀུན་སྤྱོད་ཀྱི་མཐར་ཐུག་གི་བདེན་པ་རྙེད་དཀའ་བ་དེ་སྒྲིག་གཏོར་རིང་ལུགས་ཀྱི་གོ་དོན་དང་། དེང་རབས་རིང་ལུགས་ཕྱི་མའི་གཞུང་ལུགས་ཀྱིས་རྒྱུན་མཐོང་གི་ཀུན་སྤྱོད་ལ་ངེས་གཏན་མེད་པའི་རང་བཞིན་གྱི་གོ་དོན་ཟབ་མོ་ཞིག་ཀྱང་མཚོན་འདུག་སྙམ།
(2)དཔའ་བོ་ལ་རྒོལ་པའི་ངོས་མང་རང་བཞིན།
མོ་སཱི་ནི་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་ཡིན་པའི་ཆ་ནས། དཔེ་མཚོན་རང་བཞིན་གྱི་དཔའ་བོའི་སྣང་བརྙན་ལ་རྒོལ་པའི་(反英雄人物)ཁྱད་ཆོས་མངོན་འདུག་སྟེ། རྒྱུ་མཚན་ནི་ཁོའི་ངོས་མང་རང་བཞིན་གྱིས་རང་གི་ལས་དབང་ཐག་བཅད་བྱས་པ་ནང་བཞིན། ཁོ་ཆུང་མར་བརྩེ་དུང་ཟབ་མོ་ཡོད་ཅིང་གཏམ་རྒྱུད་ཀྱི་སྔ་དུམ་དུ་ཆུང་མར་སྲུང་སྐྱོབ་བྱ་ཆེད་སྟོབས་ཤུགས་ཡོད་དགུ་བཏོན་པས། མི་གཤིས་ཀྱི་དྲོད་ཁོལ་དང་དཔའ་ངར་གྱི་ཁྱད་རྟགས་ཡོད་ལ། ཡང་གཏམ་རྒྱུད་ཀྱི་ཕྱི་དུམ་དུ་སྒེར་སེམས་དང་ཞེད་སྣང་ཡང་ཡོད་པས། རང་ཉིད་ཀྱི་འཚོ་གནས་ཆེད་དུ་འགྲིག་མིན་སྣ་ཚོགས་ཀྱི་ཐབས་ལམ་འདེམས་པ་ལས་ཁོའི་མི་གཤིས་ཀྱི་ཉམས་ཞན་དང་མུན་ནག་གི་ཆ་དེའང་མངོན་ཡོད། པཱ་ཧི་ཅིན་(巴赫金)གྱི་བརྩམས་སྒྲུང་རིགས་པ་ལྟར་ན། མོ་སཱིའི་ནང་སེམས་ལ་ཕན་ཚུན་འགལ་བ་ཡོད་པའི་སྤྱོད་པ་དང་འདོད་པས་ཁེངས་ཡོད་ལ། རྙོག་འཛིང་ཆེ་ཞིང་ངོས་མང་བའི་མི་ཕལ་བ་ཞིག་ཡིན་པའི་ཆ་ནས། རྒྱུན་སྲོལ་རྩོམ་རིག་ཁྲོད་ཀྱི་སྣ་རྐྱང་ཅན་གྱི་མི་སྣའི་གཟུགས་བརྙན་དང་སྤྱི་འགྲོས་རང་བཞིན་གྱི་མི་སྣ་གསར་བཟོ་བྱེད་སྟངས་ལས་བརྒལ་ནས་དེང་རབས་རིང་ལུགས་ཕྱི་མའི་རྩོམ་རིག་གིས་དཔྱོད་ཤེས་མིན་པའི་མི་གཤིས་མངོན་སྟངས་སྔོག་འདོན་བྱས་འདུག
བཞི། མི་སྣའི་གཞན་འགྱུར་དང་ཁེར་རྐྱང་།
གློག་བརྙན་དུ་ལག་དམར་ཨན་ཏུང་གིས་བརྩེ་དུང་དང་སྤྱི་ཚོགས་ཀྱི་ཚད་གཞི་ལ་སྣང་ཆུང་བྱེད་པ་དང་། འཁོན་སེམས་དང་རྒྱུ་མཚན་མེད་པར་རང་སྣང་གིས་དམར་གསོད་ཁོ་ན་བྱེད་པ་ནི། ཁོའི་མུན་ནག་དང་འདྲ་བའི་རྣམ་ཤེས་དེ་སྤྱི་ཚོགས་སྒྲིག་ལམ་གྱི་ཕྱི་རོལ་དུ་འཁྱམས་ཡོད་དེ། ཁོའི་ཐལ་དྲགས་པའི་གཞན་འགྱུར་དང་ཁེར་རྐྱང་གི་གཤིས་ཀ་དེ་ནི་དེང་རབས་ཕྱི་མའི་སྤྱི་ཚོགས་ཁྲོད་ཀྱི་མི་གཤིས་ཀྱི་འཁྱོག་འགྱུར་དང་མི་སྒེར་གྱི་སྙིང་སྟོབས་འཐིམ་བཞིན་པའི་ཁེར་རྐྱང་གི་མཚོན་བྱེད་ཅིག་རེད། མོ་སཱིས་རྒྱུ་ནོར་སྲུང་སྐྱོབ་བྱ་ཆེད་ལག་དམར་དང་ཤི་གསོན་གྱི་འཛིང་རེས་བྱས་པ་དང་། དངོས་པོའི་འདོད་རྔམ་གྱི་སྐུལ་འདེད་འོག་རིམ་བཞིན་རང་ཉིད་ངོ་མ་དེ་བོར་ཞིང་། ཉེན་ཁར་འཛེམ་པར་ཐེ་ཚོམ་མེད་ལ། བཟའ་ཟླ་དང་འབྲེལ་བ་ཆད་ནས་ཡོད། ཁོའི་ཁེར་རྐྱང་ནི་ཕྱི་རོལ་གྱི་ཉེན་ཁ་ལས་བྱུང་བ་ཡིན་ལ། ཡང་ནང་སེམས་ཀྱི་འཐོམ་སྦྲིད་ལས་བྱུང་བ་ཞིག་ཀྱང་ཡིན་པས། དེང་རབས་ཕྱི་མའི་སྤྱི་ཚོགས་ཁྲོད་རྒྱུ་ནོར་གྱི་བསླུ་བྲིད་ཀྱིས་མིའི་རིགས་ཕན་ཚུན་བར་གྱི་བརྩེ་བ་དང་སེམས་ཁུར་མེད་པའི་ཁེར་རྐྱང་གི་སེམས་ཁམས་ཤིག་མཚོན་གྱི་ཡོད། ཉེན་དཔོན་གྱིས་རྒྱུན་ལྡན་གྱི་རིན་ཐང་ལྟ་བ་ཞིག་བརྟན་སྲུང་བྱེད་ཀྱི་ཡོད་མོད། གཏུམ་སྤྱོད་དང་ཟང་ཟིང་གི་ཁྲོད་དུ་དཀའ་ངལ་གྱི་གནས་སུ་ལྷུང་བཞིན་འདུག ཁོས་ཟང་ཟིང་གི་རྣམ་པ་མཐོང་་ཐེངས་རེར། དྲང་བདེན་དང་སྒྲིག་ལམ་ལ་དོགས་པ་སྐྱེས་བཞིན་ཡོད་དེ། རྒྱུན་སྲོལ་གྱི་བྱ་ཐབས་སྤྱད་དེ་སྡུག་རྩུབ་ལ་འགོག་རྒོལ་བྱེད་སྐབས་ནམ་ཡང་གློ་ཡུལ་ལས་འདས་བའི་འཇུག་འབྲས་ཤིག་གིས་ཁོ་རང་སྤྱི་ཚོགས་ཀྱི་རྗེས་སུ་ལུས་བཞིན་པའི་ཚོར་བ་ཞིག་སྐྱེས་བཞིན་ཡོད་པས། དེའི་ཁོའི་བརྟན་སྲུང་ཁྲོད་ཀྱི་གཞན་འགྱུར་དང་བསམ་བློ་གསར་རྙིང་ཁྲོད་ཐེབས་པའི་ཁེར་རྐྱང་གི་སེམས་ཁམས་ཤིག་མཚོན་གྱི་ཡོད། གཞན་འགྱུར་རིག་པ་ལྟར་ན།(异化理论) གློག་བརྙན་དུ་བརྗོད་པའི་སྤྱི་ཚོགས་ཁོར་ཡུག་ཁྲོད་ཁོ་ཚོས་རང་ཉིད་ངོ་མ་དེ་བོར་ནས་སྟོབས་ཤུགས་གཞན་ཞིག་གི་བྲན་གཡོག་ཏུ་གྱུར་འདུག་ཅིང་། མི་སྣ་དེ་རིགས་ཀྱི་གཞན་འགྱུར་དང་ཁེར་རྐྱང་ལས་དེང་རབས་ཕྱི་མའི་སྤྱི་ཚོགས་ཁྲོད་ཀྱི་མི་གཤིས་འཁྱོག་འགྱུར་དང་། མི་དང་མིའི་བར་གྱི་ཉམས་ཐག་གི་འབྲེལ་འདྲིས་དང་ཁེར་རྐྱང་གི་གནས་བབ་ལ་དོ་ཁུར་དང་སུན་འབྱིན་གྱི་ནང་དོན་ཞིག་ཀྱང་མཚོན་འདུག
ལྔ། ལྟེབ་ཚེག་གི་དུས་ཚོད་དང་བརྗོད་བྱ་སྣ་མང་ཅན།
གློག་བརྙན་ཁྲོད་ཀྱི་དུས་ཚོད་ཀྱི་སྔ་ཕྱི་ལའང་ལྟེབ་ཚེག་གི་མངོན་སྟངས་ཤིག་ཡོད་དེ། ལྟད་མོ་བས་རྒྱུན་ལྡན་གྱི་དུས་ཚོད་ཀྱི་གོ་རིམ་ལ་བརྟེན་ནས་གོ་བ་ལེན་པའི་གོམས་གཤིས་དེ་དཀྲུགས་ནས་མི་སྣའི་རྙོག་འཛིང་ཆེ་བའི་བརྩེ་དུང་དང་གཏམ་རྒྱུད་ཀྱི་ཟུར་མང་པོ་ཞིག་དུས་ཚོད་ཀྱི་ལྟེབ་ཚེག་གི་བཀོད་སྒྲིག་ལ་བསྟེན་ནས་དལ་གྱིས་རོལ་མྱོང་བྱེད་དུ་འཇུག་ཅིང་། ལྷག་པར་དུ་གཏམ་རྒྱུད་ཀྱི་བརྗོད་སྙིང་ཡང་སྣ་མང་ཅན་ཏེ། ལྟད་མོ་བས་ཛ་དྲག་གི་མཐོ་རླབས་ཞིག་ལ་རེ་སྒུག་བྱེད་བཞིན་པའི་སྐབས་སུ། བྱུང་རིམ་དེ་ལས་ལྡོག་སྟེ་ཁུ་སིམ་མེར་འགྱུར། ཡང་ལྟད་མོ་བས་མི་སྣ་ཞིག་དཔའ་བོར་འགྲེང་དུས། དཔའ་བོ་དེར་བསམ་ཡུལ་ལས་འདས་པའི་ཤི་རྨས་ཐེབས་སྲིད། གལ་ཏེ་ངན་ཕྱོགས་ཀྱིས་དྲང་ཕྱོགས་་ལ་གནོན་མི་ཐུབ་པར་ཡིད་ཆེས་བརྟན་པོ་བྱེད་སྐབས། ཡང་ངན་པས་བལྟོས་མེད་ཀྱི་ངང་ནས་རྒྱལ་ཁ་ལེན་ངེས། གལ་ཏེ་དཀར་ནག་ལ་དབྱེ་བ་མེད་པར་བཏང་སྙོམས་སུ་འཇོག་དུས། ཡང་གློ་བུར་དུ་ནག་ཕྱོགས་ཆག་སྒོ་ལ་འཕྲད་ཅིང་། ཆག་སྒོ་སློང་མཁན་ནི་ལས་དབང་གིས་ཚོད་འཛིན་མེད་པའི་རླངས་འཁོར་ཞིག་རེད། དེ་བས་ལྟད་མོ་བས་གློག་བརྙན་གྱི་མགོ་ནས་མཇུག་བར་དུ་ལྟེ་བའམ་དཀྱིལ་སྙིང་གི་བསམ་བློ་ཞིག་གསལ་པོར་མཐོང་འདོད་ཀྱིས་གློག་བརྙན་གྱི་ཁ་བྱང་ཀློག་སྐབས། དེས་སླར་ཡང་ལྟད་མོ་བར་མིང་མེད་པའི་བརྗོད་བྱ་རབ་རིབ་ཅིག་བསྟོན་སྲིད། གཏམ་རྒྱུད་སྒྲིག་སྟངས་འདི་རིགས་ཀྱིས་ཚད་མཐོ་བའི་སྒོ་ནས་དེང་རབས་ཕྱི་མའི་སྐད་ཆའི་ཁྱབ་ཁོངས་འོག འཇིག་རྟེན་གྱི་དར་རྒུད་དང་སྣ་མང་ཅན་དང་སྣེ་མང་ཅན་ལ་ཤེས་རྟོགས་ཟབ་མོ་བསྐྱེད་ངེས་པས། འདི་ལ་དེང་རབས་རིང་ལུགས་ཕྱི་མའི་རྩོམ་རིག་གི་དཀྱིལ་སྙིང་མེད་པ་དང་བརྗོན་དོན་སྣ་མང་ཅན་གྱི་ཁྱད་ཆོས་འདུག
དྲུག མཇུག་བསྡོམས།
མདོར་ན།《རྒས་ན་བརྟེན་ས་མེད》ཅེས་པར་ཨ་རིའི་གཙོ་རྒྱུགས་ཀྱི་གློག་བརྙན་བཟོ་ལས་ཁྲོད་སྒེར་ཚུགས་ཀྱི་“གློག་བརྙན་པའི”ཆོ་ལོ་བསྩལ་བར་མིང་དོན་དང་ལྡན་ལ།གློག་བརྙན་ལས་དཔྱོད་ཤེས་མིན་པའི་རང་བཞིན་དང་གཞི་གྲུབ་ཀྱི་དོན་སྙིང་བསྣོལ་མར་བསྡེབས་ནས་མི་གཤིས་ཀྱི་ཟབ་སར་གནས་པའི་རང་བཞིན་དང་འདོད་ནུས་ཚུར་སྣང་དང་། མི་སྒེར་གྱི་རང་དབང་ལ་གདམ་གསེས་བྱེད་པའི་ཁྲོད་ཚེ་སྲོག་གི་དོན་སྙིང་འཚོལ་བའི་སྣ་མང་རང་བཞིན་གསལ་སྟོན་བྱས་ཡོད་ལ། གཏམ་རྒྱུད་དང་བྱུང་རིམ་གྱི་ངོས་ལས་བཤད་ནའང། འདི་ལས་ལྷུ་གཏོར་རིང་ལུགས་ཀྱི་རྣམ་པའི་སྟེང་ནས་སྲོལ་རྒྱུན་གྱི་ཀུན་སྤྱོད་ཀྱི་དབྱེ་མཚམས་ལྷུ་གཏོར་བྱས་ཏེ། བཟང་ངན་གྱི་ཚད་གཞི་སྣེ་མང་ཅན་དུ་བསྒྱུར་ཡོད་ལ། ད་དུང་བརྗོད་བྱ་སྣ་མང་ཅན་དང་དུས་ཚོད་ཀྱི་ལྟེབ་ཚེག་སྡེབ་སྟངས། དཔའ་བོའི་སྣང་བརྙན་ལ་རྒོལ་པའི་མི་སྣ་འབྲི་བཞེངས་བྱེད་སྟངས་བཅས་ལ་བརྟེན་ནས། སྤྱིར་བཏང་གི་རྒྱུན་མཐུད་རང་བཞིན་ཅན་གྱི་སྤྲོས་བརྗོད་བྱེད་ཐབས་དང་། བརྗོད་བྱ་གཙོ་བོ་གཅིག་རྐྱང་ཆགས་པ། སྣ་རྐྱང་ཅན་གྱི་མི་སྣའི་འབྲི་བཞེངས་བཅས་ལ་འགྲན་སློང་བྱས་ཡོད་པས། འདི་ལས་དེང་རབས་ཕྱི་མའི་སྐད་བརྡའི་ཁམས་དང་མཐུན་པའི་འོག མི་རྣམས་ལ་ཚད་མཐོ་བའི་སྒོ་ནས་འཛམ་གླིང་གི་སྣེ་མང་དང་སྣ་མང་ཅན་ལ་ཤེས་རྟོགས་བྱུང་དུ་བཅུག དེ་དང་ཆབས་ཅིག གློག་བརྙན་ཁྲོད་ཀྱི་མི་སྣའི་གཞན་འགྱུར་དང་ཁེར་རྐྱང་གི་སེམས་ཁམས་བརྒྱུད་དེ་དེང་རབས་རྗེས་མའི་སྤྱི་ཚོགས་ཁྲོད་ཀྱི་མི་གཤིས་འཁྱོག་འགྱུར་དང་། མི་དང་མིའི་བར་གྱི་མག་མོག་གི་མཛའ་བརྩེ་དང་ཁེར་རྐྱང་གི་སེམས་ཁམས་མཚོན་ཡོད་པ་མ་ཟད། དེང་རབས་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་ཁུར་དང་སུན་འབྱིན་གྱི་ལྟ་བའང་མཚོན་འདུག 《རྒས་ན་བརྟེན་ས་མེད》ཅེས་པ་ནི་གློག་བརྙན་ཙམ་ཞིག་མ་ཡིན་པར། དེང་རབས་ཕྱི་མའི་སྤྱི་ཚོགས་ཀྱི་དོན་དངོས་དང་དཀའ་ངལ་སྣ་ཚོགས་མེ་ལོང་ཇི་བཞིན་མཚོན་ཡོད་པས། ལྟད་མོ་བས་གློག་བརྙན་བརྒྱུད་དེ་མི་གཤིས་དང་ཀུན་སྤྱོད། གཞི་གྲུབ་ཀྱི་དོན་སྙིང་སོགས་གནད་དོན་མང་པོ་ཞིག་གི་བསམ་གཞིག་གི་བྲོ་བ་རབ་ཏུ་འཕེལ་ངེས་པས། དེ་ལས་དཔེ་མཚོན་རང་བཞིན་གྱི་གློག་བརྙན་ཞིག་ཏུ་བརྩི་དགོས་པའི་རྒྱུ་རྐྱེན་ཡང་གོང་སྨྲས་ཀྱི་ཁྱད་ཆོས་དེ་དག་དང་འབྲེལ་ནས་ཡོད་པས་སོ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注