ནོར་གནག་གི་བྲག་བརྐོས་རི་མོ་དང་དེའི་རིག་གནས་མཚོན་དོན་འགར་དཔྱད་པ།

དངུལ་ལྷ།

གནད་བསྡུས། ནོར་གནག་ནི་མཚོ་བོད་མཐོ་སྒང་དུ་གནས་པའི་སྒོ་ཕྱུགས་ཤིག་སྟེ། འབྲེལ་ཡོད་ཀྱི་ཡིག་ཆ་གཞིར་བཟུང་ན། འབྲོང་གཡུང་དྭགས་སུ་བཏུལ་ནས་ཧ་ལམ་ལོ་བཞི་སྟོང་ལྔ་བརྒྱ་ཡས་མས་ཀྱི་ལོ་རྒྱུས་འདས་ཟིན་པར་མ་ཟད། མཚོ་བོད་མཐོ་སྒང་གི་འཚོ་བ་དང་རིག་གནས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྲུབ་ཡོད། དེའང་དཔྱད་རྩོམ་འདིར་རྩོམ་རིག་མིའི་རིགས་རིག་པའི་སྒྲུབ་བྱེད་བཞི་བརྩེགས་མའི་དངོས་པོ་དང་རི་མོའི་ཞིབ་འཇུག་གི་ཐབས་ལམ་ལ་བརྟེན་ནས། མཚོ་བོད་མཐོ་སྒང་གི་ནོར་གནག་གི་བྲག་བརྐོས་རི་མོའི་ཁྱབ་ཁོངས་དང་ཁྱད་ཆོས། གཞན་གདོད་མའི་དུས་ཀྱི་འཚོ་བ་དང་རིག་གནས་ཀྱི་འཕོ་འགྱུར་སོགས་ལ་དཔྱད་པ་བཏང་ཡོད།

གནད་ཚིག  ནོར་གནག  བྲག་བརྐོས་རི་མོ།  འཕོ་འགྱུར།

དང་པོ། མཚོ་བོད་མཐོ་སྒང་གི་ནོར་གནག་གི་བྲག་བརྐོས་རི་མོའི་ཁྱབ་ཁོངས།

མཚོ་བོད་མཐོ་སྒང་གི་བྲག་བརྐོས་རི་མོའི་ཁྲོད་ནོར་གནག་ནི་རྒྱུན་མཐོང་གི་སྲོག་ཆགས་ཤིག་རེད། སྤྱིར་ནོར་གནག་གི་བྲག་བརྐོས་རི་མོའི་ཁྱབ་ཁོངས་ནི་བོད་ལྗོངས་དང་མཚོ་སྔོན། ཞིན་ཅང་དང་ཀན་སུའུ་སོགས་སུ་གནས་ཡོད་ལ། འདིར་འབྲེལ་ཡོད་ཀྱི་ཞིབ་འཇུག་གི་ཡིག་ཆ་གཞིར་བཟུང་ནས། ནོར་གནག་གི་བྲག་བརྐོས་རི་མོའི་ཁྱབ་གནས་རིགས་འགར་དབྱེ་ཆོག་པ་གཤམ་གསལ་ལྟར།

1.གཅིག་བསྡུས་ཀྱི་ཁྱབ་ཡུལ། བོད་ལྗོངས་དང་མཚོ་སྔོན་ནི་ནོར་གནག་གི་བྲག་བརྐོས་རི་མོའི་ལྟེ་གནས་ཁུལ་ཡིན་ལ། བོད་ལྗོངས་ས་ཁུལ་ནས་སྔ་གཞུག་ཏུ་རྙེད་པའི་བྲག་བརྐོས་རི་མོ30ལྷག་གི་ཁྲོད22ལས་ནོར་གནག་བྱུང་ཡོད་ཅིང་། མཚོ་སྔོན་ས་ཁུལ་ནས་རྙེད་པའི་བྲག་བརྐོས་རི་མོ13ལས། རི་མོ900ལྷག་གི1/3ནོར་གནག་རེད། དཔེར་ན། ན་གོར་མོའི་འབྲོང་ལུང་དུ་རྙེད་པའི་བྲག་བརྐོས་རི་མོ250ནང་ནོར་གནག་གི་རི་མོ122ཡོད་པ་ལྟ་བུ།

2.རྩིབས་འཕྲོའི་རྣམ་པ་ཅན་གྱི་ཁྱབ་ཡུལ། ཞིན་ཅང་གི་ཁུ་ནུ་རི་བོ་དང་ཀན་སུའུ་ཡི་མདོ་ལ་རི་རྒྱུད་དང་ཧེ་ཧྲན་ནི་མཚོ་བོད་མཐོ་སྒང་དང་བཅར་ནས་ཡོད་པར། འདི་དག་ནས་ཀྱང་ནོར་གནག་གི་བྲག་བརྐོས་རི་མོ་འགའ་རྙེད་ཡོད། དཔེར་ན། ཞིན་ཅང་ལྷོ་ཕྱོགས་ཀྱི་ཁུ་ནུ་རི་བོ་ནས་རྙེད་པའི་ནོར་གནག་འདུལ་སྦྱོང་བྱེད་བཞིན་པའི་བྲག་བརྐོས་མོ་ལྟ་བུ།(རི་མོ1པར་གསལ)


རི་མོ1 ཞིན་ཅང་ལྷོ་ཕྱོགས་ཀྱི་ཁུ་ནུ་རི་བོའི་ནོར་གནག་བྲག་རིས།

3.ཐར་ཐོར་ཅན་གྱི་ཁྱབ་ཡུལ། མཚོ་བོད་མཐོ་སྒང་གི་ཕྱི་སྣོད་ཀྱི་ཁྱད་ཆོས་དང་འདྲ་བའི་ཉིང་ཞ་དང་ནང་སོག་མཐོ་སྒང་ལ་མཚོན་ན། ས་ཁམས་ཁོར་ཡུག་འདྲ་བའི་ཆ་ནས་ནོར་གནག་གི་རི་མོ་ཐར་ཐོར་རེའང་མཐོང་རྒྱུ་ཡོད་པར་མ་ཟད། འགའ་རུ་བོད་ཡིག་དང་མཆོད་རྟེན། གཡུང་དྲུང་གི་བརྡ་རྟགས་སོགས་ཀྱང་མཐོང་རྒྱུ་འདུག དཔེར་ན། ཉིང་ཞའི་ཧི་ལན་རི་བོའི་བྲག་རིས(རི་མོ2པར་གསལ)དང་ཨར་ཐེའི་རི་བོའི་བྲག་བརྐོས་རི་མོ།(རི་མོ3པར་གསལ)མན་དུ་ལ་རི་བོའི་བྲག་བརྐོས་རི་མོ(རི་མོ4པར་གསལ)ལྟ་བུ།

རི་མོ2 ཧི་ལན་རི་བོའི་ནོར་གནག་བྲག་རིས།

རི་མོ3 ཨར་ཐེའི་རི་བོའི་ནོར་གནག་བྲག་རིས།

རི་མོ4 མན་དུ་ལ་རི་བོའི་ནོར་གནག་བྲག་རིས།

གཉིས་པ། མཚོ་བོད་མཐོ་སྒང་གི་ནོར་གནག་གི་བྲག་བརྐོས་རི་མོའི་ཁྱད་ཆོས།

བྲག་བརྐོས་རི་མོའི་ལག་རྩལ་གྱི་ཆ་ནས། བཙག་དོད་དང་བཙག་བྲིས་ཚོན་ལྡན་གཉིས་དང་། གཙག་དོད་དང་། བརྡར་དོད། བརྐོས་དོད་གསུམ་སྟེ་ཚོན་ལྡན་མ་ཡིན་པ་བཅས་ལྔ་ཙམ་གྱི་སྟེང་ནས་དཔྱད་ཆོག

བཙག་དོད་རི་མོ་ནི་གདོད་མའི་མིས་བཙག་ཚོན་གྱིས་བྲག་རྡོ་སོགས་ཀྱི་ངོས་ལ་ཕབ་པའི་རྗེས་ཤུལ་ལ་ཟེར། མང་ཆེ་བ་ལག་པའི་རྗེས་ཡིན། དཔེར་ན། མཚོ་སྔོན་པོའི་རྐང་ཚ་ཆུ་འདའ་མའི་བྲག་དོད་རི་མོ་ལྟ་བུ་ལ་གོ་བ་ལེན་ཆོག བཙག་དོད་རི་མོའི་ནང་དོན་ལ་མིའི་ལག་པ་དང་། མི། ལྗོན་ཤིང་སོགས་སྟབས་བདེའི་རི་མོ་ཙམ་ལས་རྙོག་འཛིང་གི་རི་མོ་ཉུང་ཉུང་ཡིན།

བཙག་བྲིས་ནི་གདོད་མའི་མིས་བཙག་ཚོན་གྱིས་སེམས་ཀྱི་དྲན་སྣང་དང་འཆར་སྒོ་སྣ་ཚོགས་བྲག་ཕུག་ངོས་སུ་བྲིས་པའི་རྗེས་ཤུལ་ལ་ཟེར། དཔེར་ན། བྱང་གི་གནམ་མཚོ་ཕྱུག་མོའི་བཀྲ་ཤིས་ཡ་དོ་མ་དོ་ལ་བྲིས་པའི་རི་མོ་ལྟ་བུ། ནང་དོན་ལ་གཡུང་དྲུང་དང་། ཁྱུང་། ཉི་ཟླ་སོགས་མཚོན་དོན་གྱི་རིགས་དང་། འབྲོང་། རྟ་སོགས་རི་དྭགས་དང་གཅན་གཟན་གྱི་རིགས། མདའ་དང་གཞུ་བཅས་རྔོན་ཆས་ཀྱི་རིགས་མཚོན་པ་སོགས་དབྱེ་བ་ཧ་ཅང་མང་།

གཙག་དོད་ནི་གདོད་མའི་མིས་རྩེ་མོ་རྣོ་བའི་རྡོས་སེམས་ཀྱི་དྲན་སྣང་དང་འཆར་སྒོ་སྣ་ཚོགས་བྲག་རྡོ་སོགས་སུ་དོད་པར་བྱས་པའི་རྗེས་ཤུལ་ལ་ཟེར། སྤྱིར་མདོ་དབུས་མཐོ་སྒང་གི་བྲག་བརྐོས་རི་མོ་མང་ཆེ་བ་གཙག་དོད་ཡིན། དེའི་བརྗོད་བྱ་མང་ལ་རྙོག་འཛིང་ཆེ།

བརྡར་དོད་ནི་གདོད་མའི་མིས་རྩེ་རྣོ་བའི་རྡོས་སེམས་ཀྱི་དྲན་སྣང་སྣ་ཚོགས་བྲག་རྡོ་སོགས་སུ་བརྡར་ནས་དོད་པའི་རྗེས་ཤུལ་ལ་ཟེར། བརྗོད་བྱ་མང་ལ་རྙོག་འཛིང་ཆེ་བ། དཔེར་ན། ཙོང་ཆུའི་བྲག་དོད་རི་མོ་ལྟ་བུ། བརྐོས་དོད་ཀྱང་དེ་བཞིན་ནོ། །

ནོར་གནག་གི་བྲག་བརྐོས་རི་མོའི་གཟུགས་ཀྱི་ཆ་ནས་ཀྱང་རིགས་འགར་དབྱེ་ཆོག་སྟེ། གཟུགས་དང་པོའི་རིགས་ནི་བོད་ཀྱི་ནོར་གནག་གི་བྲག་རིས་ལས་སྒྱུ་རྩལ་གྱི་ཆ་ཆེར་ལྡན་པའི་རིགས་ཤིག་ཡིན་ཞིང་། དེ་ནི་གསོན་ཉམས་ལྡན་ཞིང་བབ་ཆགས་པའི་བཟོ་དབྱིབས་ཤིག་ཡིན། མགོ་ཆུང་ལ་རྭ་གོར་གོར། ལུས་པོ་བརྗིད་ཅིང་རྒྱགས་པ། རྐང་ལག་ཐུང་ཞིང་སྦོམ་པ། རྔ་མ་ཡར་བཏེགས་པ། དཔེར་ན། ཡུས་ཧྲུའུ་འབྲུ་ཆུའི་རྒྱུད་ཀྱི་ཁྲི་འདུ་མི་ཕྱུག་གི་བྲག་རིས(རི་མོ5པར་གསལ)དང་བོད་ལྗོངས་གཞིས་ཀ་རྩེའི་རྒྱ་གླང་གི་བྲག་རིས་ལྟ་བུ།(རི་མོ6པར་གསལ)

རི་མོ5 ཡུས་ཧྲུའུ་འབྲུ་ཆུའི་རྒྱུད་ཀྱི་ཁྲི་འདུ་མི་ཕྱུག་བྲག་རིས།

རི་མོ6 བོད་ལྗོངས་གཞིས་ཀ་རྩེའི་རྒྱ་གླང་གི་བྲག་རིས།

གཟུགས་གཉིས་པ་ཅན་གྱི་ནོར་གནག་ནི་གཟུགས་དབྱིབས་ཅུང་ཆེ་བ་དང་། རྭ་གཉིས་གྱེན་དུ་ལངས་པ། གསུས་པའི་སྤུ་ཐུར་དུ་དཔྱངས་པ། རྔ་མ་ཡར་མཐོན་པོར་བཏེགས་པ་སྟེ། དཔེར་ན། ཡུས་ཧྲུའུ་ཇོ་གསེར་ལུང་པའི་བྲག་རིས(རི་མོ7པར་གསལ)དང་མངའ་རིས་དགེ་རྒྱས་ཚྭ་མཚོའི་བྲག་རིས་ལྟ་བུ།(རི་མོ8པར་གསལ)

རི་མོ7 ཡུས་ཧྲུའུ་ཇོ་གསེར་ལུང་པའི་བྲག་རིས། 

རི་མོ8 མངའ་རིས་དགེ་རྒྱས་ཚྭ་མཚོའི་བྲག་རིས།

གཟུགས་གསུམ་པ་ཅན་གྱི་ནོར་གནག་ནི་ཚོན་བྱུགས་པ་དང་། མཆོད་འབུལ་བྱེད་པ། རྔོན་བརྒྱབ་ནས་གསོད་པ། རྨས་སྐྱོན་ཕོག་ནས་ཁྲག་དོད་པ་སོགས་ཀྱི་རྣམ་པ་ཞིག་ཡིན། དཔེར་ན། བྱང་གི་གནམ་མཚོ་ཕྱུག་མོའི་བཀྲ་ཤིས་ཡ་དོ་མ་དོ་བྲིས་པའི་རི་མོ་ལྟ་བུ།(རི་མོ9པར་གསལ)

རི་མོ9 བྱང་གི་གནམ་མཚོ་ཕྱུག་མོའི་བཀྲ་ཤིས་ཡ་དོ་མ་དོའི་བྲག་རིས།

གསུམ་པ། མཇུག་བསྡུ་བ།

གོང་སྨྲས་དག་བསྡོམས་ན། བྲག་རིས་དང་པོ་རུ་ནོར་གནག་གི་ལྗིད་ཅིང་རྒྱགས་པའི་གཟུགས་པོ་མངོན་ཞིང་མགོ་ཆུང་ལ་རྭ་ནང་དུ་གུག་པ། སུག་བཞི་ཐུང་ལ་ཤེད་ཆེ་བ། རྔ་མ་ཡར་གཡུག་བཞིན་པའི་ཉམས་ལྡན་པར། སྤྱིའི་རྣམ་པ་ནི་བོངས་ཆེ་ཞིང་རྒྱགས་པ་ཞིག་རེད། དཔེར་ན། གོང་གི་ཡུས་ཧྲུའུ་འབྲི་ཆུའི་རྒྱུད་ཀྱི་ཁྲི་འདུ་མི་ཕྱུག་བྲག་རིས་དང་བོད་ལྗོངས་གཞིས་ཀ་རྩེའི་རྒྱ་གླིང་བྲག་རིས་ལྟ་བུ་ནི་མཚོ་བོད་མཐོ་སྒང་དུ་ཁྱབ་ཆེ་ལ་སྲོལ་རྒྱུན་གྱི་ནོར་གནག་བྲག་རིས་སུ་གྱུར་ཡོད། འདིའི་ཁྲོད་ཀྱི་ནོར་གནག་ལ་རྔོན་པའི་བདའ་བཞིན་པའི་རྣམ་པ་མང་ཕྱིན། སྐབས་འདི་རུ་མངོན་པའི་ནོར་ནི་སྒོ་ཕྱུགས་ཀྱི་ནོར་མིན་པར། གདོད་མའི་མེས་པོས་འདུལ་སྦྱོང་བྱེད་བཞིན་པའི་འབྲོང་རྒོད་ཡིན་པར་སེམས། གཟུགས་དང་པོ་ཅན་གྱི་བྲག་རིས་དང་མཉམ་དུ་ད་དུང་གཟུགས་གཉིས་པ་ཅན་གྱི་ནོར་གནག་བྲག་རིས་བྱུང་ཡོད་ལ། དཔེར་ན་གོང་གི་ཡུས་ཧྲུའུ་ཇོ་གསེར་ལུང་པའི་བྲག་རིས་དང་མངའ་རིས་དགེ་རྒྱས་ཚྭ་མཚོའི་བྲག་རིས་ལྟ་བུ། འདིར་ཡང་རྔོན་པས་འདུལ་བཞིན་པ་དང་ནོར་ལ་ཞོན་པའི་ཆ་ཡོད། རིགས་གཉིས་པ་ཅན་འདི་དང་པོ་དང་བསྡུར་ན་ཤ་ཤེད་དང་གསོན་ཤུགས་སོགས་ཞན་ལ། རི་མོའང་སྟབས་ཇེ་བདེ་དང་ཇེ་སླ་རུ་སོང་ཡོད་པར་མ་ཟད། གཞུག་ནས་ནོར་གྱི་ལུས་པོ་ཇེ་རིང་དང་སྟོབས་ཇེ་ཆུང་དུ་སོང་ཡོད་ཅིང་རྔོན་ལས་ཀྱི་སྣང་ཚུལ་ཇེ་ཉུང་དང་། ནོར་འཚོ་སྐྱོང་བྱེད་པའི་སྣང་ཚུལ་ཇེ་མང་རེད། མི་དང་མི་ནོར་ལ་ཞོན་པའི་རྣམ་པ་ཐེངས་མང་བྱུང་ཡོད། དེ་དང་ཆབས་ཅིག་ཉི་མ་དང་ཟླ་བ། གཡུང་དྲུང་སོགས་ཆོས་ལུགས་ཀྱི་མཚོན་རྟགས་ཀྱང་བྱུང་ཡོད། དེ་བས། ནོར་གནག་གི་གཟུགས་པོའི་བོངས་ཆེ་ཆུང་དང་སྟོབས་ཆེ་ཆུང་། ལུས་པོ་ཇེ་རིང་དུ་ཕྱིན་པ། རྔོན་ལས་ནས་ཕྱུགས་འཚོ་བའི་རྣམ་པ། དེ་དང་མཉམ་དུ་བྱུང་བའི་མཚོན་དོན་ལྡན་པའི་རི་མོ་སོགས་ཀྱི་འགྱུར་བ་ལས། ང་ཚོའི་ནོར་གནག་གི་མེས་པོ་འབྲོང་ནས་མཆེད་ཅིང་། མེས་པོ་རྣམས་ཀྱིས་འབྲོང་གཡུང་དྭགས་སུ་བཏུལ་ནས་སྒོ་ཕྱུགས་སུ་བསྒྱུར་རྗེས་ནོར་གནག་གི་བཀོལ་སྤྱོད་ཆེ་རུ་སོང་བ་དང་མིས་ནོར་གནག་འཚོས་པ། མི་དང་ནོར་གནག་གཉིས་ལ་འཆམ་མཐུན་གྱི་འབྲེལ་བ་བྱུང་ལ། རིམ་བཞིན་ནོར་གནག་ལ་རྩིས་ཐང་དང་དད་མོས་ཆེ་རུ་སོང་ནས་ཆོས་ལུགས་ཀྱི་མཚོན་རྟགས་མང་པོ་ཞིག་དང་མཉམ་དུ་བྱུང་བ་བྲག་རིས་སུ་གསལ་ལོ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号