ལྟ་རུ་འགྲོ་ཞེས་པའི་ལྟ་ལ་དུས་གསུམ་གྱི་འགྱུར་ཚུལ་ཡོད་མེད་སྐོར་རགས་ཙམ་གླེང་བ།

བསོད་ནམས་ཆོས་འཕེལ། མཚོ་སྔོན་དགེ་འོས་སློབ་ཆེན།

དང་པོ། ལྟ་རུ་འགྲོ་ཞེས་པ་རྣམ་དབྱེ་བཞི་པ་དགོས་ཆེད་ལ་འཇུག་ཚུལ་བཤད་པ།

ལྟ་རུ་འགྲོ་ཞེས་པ་དེ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་རྣམ་དབྱེ་བཞི་པ་དགོས་ཆེད་གང་ལ་འཇུག་ཚུལ་བཤད་པ་ལ། དེ་གཉིས་ཀྱི་ཁྱད་པར་ངེས་པར་བརྗོད་དགོས་པས། འདིར་སྔ་རབས་མཁས་པས་རྣམ་དབྱེ་འདི་གཉིས་ཀྱི་ཁྱད་པར་ཇི་ལྟར་ཕྱེ་འདུག་ཚུལ་བརྗོད་པ་ལ། ཀརྨ་སི་ཏུས། བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་ལས་ཀྱི་དོན་ཅན་དུ་འགྱུར་བ་རྣམ་དབྱེ་གཉིས་པ་ནི། ཤར་ཕྱོགས་སུ་འགྲོ། རྡོ་བར་གཟུགས་བརྙན་བྱེད། རྒྱ་གར་དུ་འགྲོ། ཞེས་དང་། དེ་བཞིན་དུ་བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་གྱིས་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ་རྣམ་དབྱེ་བཞི་པ་ནི། ཆོས་ཕྱོགས་སུ་དཀའ་བ་སྤྱད། ཤིང་གཅོད་དུ་སྟ་རེ་དགོས། གར་ལྟ་བ་ལ་སྒྲོན་མེ་ཐོགས། ཞེས་རྣམ་དབྱེ་གཉིས་བཞི་གཉིས་ཀྱི་ཁྱད་པར་དེ་གཙོ་བོ་རྣམ་དབྱེ་སྦྱར་ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་མི་འདོགས་ཀྱི་ཆ་ནས་འབྱེད་པ་ཡིན་ཏེ། རྣམ་དབྱེ་གཉིས་པ་ཡིན་ན་རྣམ་དབྱེ་སྦྱར་ཡུལ་ནི་ཕན་འདོགས་ཡུལ་མིན་པར་བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་ལས་སྟོན་པ་ཤ་སྟག་ཏུ་དགོངས། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། ཐབ་ལ་མེ་བཏང་ཞེས་པ་ལྟ་བུ། གཞི་གཞན་ལ་བྱ་བ་བྱས་པ་དང་། བྱེད་པ་སོགས་སྟོན་པའི་ལ་སྒྲ་རྣམས་རྣམ་དབྱེ་གཉིས་པ་དང་། མགྲོན་པོ་ལ་མེ་བཏང་ལྟ་བུ་བྱ་བ་བྱེད་པའི་གཞི་མ་ཡིན་པར། དེ་ལ་མེ་བཏང་བ་ནི། དེའི་ཆེད་དུ་མེ་བཏང་བ་ཡིན་ལ། དེ་ལྟར་དགོས་པ་ལ། ལ་སྒྲ་སྦྱར་ཏེ། བྱ་བ་མེ་བཏང་བར་སྟོན་པའི་ལའི་སྒྲ་ནི་རྣམ་དབྱེ་བཞི་པའོ། །ཞེས་རྣམ་དབྱེ་གཉིས་པ་འཇོག་ཚུལ་སི་ཏུ་དང་འདྲ་ནའང་། རྣམ་དབྱེ་བཞི་པ་འཇོག་སྐབས་ལ་སྒྲ་སྦྱར་ཡུལ་ནི་ཕན་འདོགས་ཡུལ་ཡིན་པ་ལས་བྱ་བ་བྱ་ཡུལ་ལམ། བྱེད་ཡུལ་མིན་པ་བསྟན་ཡོད། ཚེ་ཏན་ཞབས་དྲུང་མཆོག་གིས། རྣམ་དབྱེ་གཉིས་པ་ལ་གཞི་གང་ཡང་རུང་བ་ཞིག་ཏུ་བྱ་བ་ཞིག་བྱེད་པར་སྟོན་པའི་ལས་ཚིག་ཡོད་པ་ཙམ་གྱིས་ཆོག་སྟེ། ནགས་སུ་ཤིང་སྡོང་བཅད། ཆུ་ལ་ཟམ་པ་བཙུགས། ལྟ་བུ། ཞེས་དང་། རྣམ་དབྱེ་བཞི་པ་ལ་གཞི་གང་ཡང་རུང་བ་ཞིག་ལ་བྱ་བ་ཞིག་བྱེད་པ་ཙམ་སྟོན་པས་མི་ཆོག་པར་དེ་ལས་འདས་ཏེ། དེའི་ཆེད་དུའམ་དེའི་དོན་དུ་ཞེས་གཞི་དེ་ལ་ཕན་འདོགས་པའི་ཚིག་གི་ནུས་པ་ཞིག་དངོས་ཤུགས་ཅི་རིགས་ལ་ཐོན་དགོས། དཔེར་ན། གོས་སུ་ཉོས་ཀྱང་ཤ་རུ་བཙོངས། ལྟ་བུ་ཞེས་རྣམ་དབྱེ་གཉིས་པ་དང་བཞི་པའི་ཁྱད་པར་ནི་བྱ་བ་བྱེད་པའི་དགོས་པ་དེ་དངོས་ཤུགས་ཅི་རིགས་ལ་ཐོན་མི་ཐོན་དུ་བརྗོད་པ་ཡིན་པས། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་དགོངས་པ་དང་མཐུན་པར་སྣང་ངོ་། །ཕན་འདོགས་པའི་ཚིག་གི་ནུས་པ་ཞིག་དངོས་ཤུགས་ཅི་རིགས་ལ་ཐོན་དགོས་ཞེས་པ་ལ་གུས་པས་འདི་ལྟར་འདོད་དེ། ནད་དྲག་པར་སྨན་འཐུང་།(ཉན་ཤུལ་མཁྱེན་རབ་འོད་གསལ།)ཞེས་པ་ལྟ་བུ་ནི་ཚིག་གི་ནུས་པ་དངོས་ལ་ཐོན་པ་དང་། ནད་ལ་སྨན་སྦྱར།(ཚེ་ཏན་ཞབས་དྲུང་།)ལྟ་བུ་ནི་ཚིག་གི་ནུས་པ་ཤུགས་ལ་ཐོན་པར་གོ་དགོས་སྙམ་མོ། །དོར་ཞི་གདོང་དྲུག་སྙེམས་བློས། སྤྱིར་མི་དང་སྲོག་ཆགས་ཀྱི་བྱ་བ་ཕལ་ཆེར་ཞིག་ལ་དམིགས་ཡུལ་ཡོད་ཀྱང་། སྐབས་འདིའི་དམིགས་ཡུལ་ནི། ལ་དོན་གྱི་བྱེད་ལས་ཀྱིས་བྱ་བ་གང་ཞིག་བྱེད་པའི་དགོས་པ་དང་། དམིགས་ཡུལ་གང་ཡིན་མངོན་གསལ་དུ་སྟོན་ཐུབ་པ་ཞིག་ལ་བྱེད། ཅེས་དང་། ཚེ་ཏན་ཞབས་དྲུང་ལགས་ཀྱིས། ཟམ་པ་རུ་ཤིང་བཅད་དང་། ནགས་སུ་ཤིང་བཅད་ཅེས་པ་གཉིས་རིམ་བཞིན་བཞི་པ་དང་གཉིས་པ་ཡིན་པ་ཤིན་ཏུ་གསལ་བ་རང་ཤུགས་ཀྱིས་ཤེས་པར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་ན། ལྟ་རུ་འགྲོ་ནི་དགོས་ཆེད་ཡིན་པ་ཤིན་ཏུ་གསལ་ཏེ། གང་ཞིག་ལ་ལྟ་བའི་ཆེད་དུ་འགྲོ་བའི་བྱ་བ་བྱེད་པའམ་བྱེད་འགྱུར་ཡིན་པས་སོ། །

གཉིས་པ། དགོས་ཆེད་ཀྱི་བྱ་བའི་དོན་གྱི་ཡུལ་ཏུ་གྱུར་པའི་བྱ་བའི་མིང་ནི་ད་ལྟ་བ་ཡིན་དགོས་ཚུལ་བཤད་པ།

རྣམ་དབྱེ་བཞི་པ་དགོས་ཆེད་ནི་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས། རྣམ་དབྱེ་སྦྱར་སའི་གཞི་དེ་ལ་བྱ་བ་བྱས་ཙམ་མམ་བྱེད་པ་ཙམ་ཞིག་སྟོན་པ་མ་ཡིན་པར། རྣམ་དབྱེ་སྦྱར་སའི་གཞི་དེའི་ཆེད་དུའམ་དོན་དུ་བྱ་བ་ཅི་རིགས་སྟོན་པ་ཞིག་དགོས། ཞེས་པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་བཞེད་དགོངས་ལྟར་བཀོད་འདུག་ལ།འདིར་དགོས་ཆེད་ལ་ནང་གསེས་སུ་དབྱེ་བ་ཅི་ཙམ་ཡོད་པ་དང་དེ་ལྟར་འབྱེད་པའི་དབྱེ་གཞི་ཅི་ཞིག་ཡིན་པ། ལྟ་རུ་འགྲོ་ཞེས་པ་དགོས་ཆེད་ཀྱི་རིགས་གང་ལ་གཏོགས་པ། ལྟ་རུ་འགྲོ་ཞེས་པའི་ལྟ་དེ་ད་ལྟ་བ་ཡིན་དགོས་པའི་རྒྱུ་མཚན་སོགས་གླེང་བར་བྱ།

དང་པོ་དགོས་ཆེད་ལ་ནང་གསེས་སུ་དབྱེ་བ་ཅི་ཙམ་ཡོད་པ་བཤད་པ་ལ། སི་ཏུ་དང་པྲ་ཏི་གང་ཡིན་ཡང་རྣམ་དབྱེ་གཉིས་པ་དང་བཞི་པའི་ཁྱད་པར་དང་འབྲེལ་བའི་ཐད་ནས་ཞིབ་པར་གསུངས་ཡོད་པ་ལས། དགོས་ཆེད་ལ་ནང་གསེས་ཀྱི་དབྱེ་བ་ཕྱེ་མེད་པས་འདིར་ཉེ་རབས་ཀྱི་མཁས་པ་རྣམས་ཀྱི་བཞེད་དགོངས་ལྟར་བཞག་ན། ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས། ཁོ་བོས་ནི་ཆེད་ཕྱིར་སླད་དོན་གྱི་སྒྲ་དངོས་སུ་ཡོད་པ་དང་། བྱ་བའི་དོན་གྱི་ཡུལ་ཚིག་ཟིན་དུ་ཡོད་པ་རྣམས་བཞི་པ་དགོས་ཆེད། ཅེས་དང་། ཆེད་དུ་བྱ་བའི་ལ་དོན་ནི་བྱ་ཚིག་ཞིག་གི་མཐར་རམ། ཡང་ན་ཆེད་ཕྱིར་སླད་དོན་བཞིའི་མཐར་འཇུག་པ་ཡིན་པས་དེ་གཉིས་ཀྱི་དབྱེ་བ་འབྱེད་བདེ་བ་དང་། ཞེས་ཚིག་ངོས་སུ་དགོས་ཆེད་ལ་ནང་གསེས་ཀྱི་དབྱེ་བ་ཕྱེ་མེད་ཀྱང་། ཚིག་ཤུགས་སུ་དགོས་ཆེད་ལ་སྤྱི་ཕྱོགས་ཀྱི་དབྱེ་བ་ཆེན་པོ་གཉིས་ཡོད་པ་ཡང་ཡང་ཐོན་ཡོད། དོར་ཞི་གདོང་དྲུག་སྙེམས་བློའི་བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ་དུ། དམིགས་ཡུལ་དངོས་སུ་སྟོན་པའི་ཚིག་ལ་ལ་སྒྲ་སྦྱར་བ་ལ། དམིགས་ཡུལ་དུ་གྱུར་པའི་དངོས་པོའི་མིང་གི་ཐ་སྙད་དང་། དམིགས་ཡུལ་དུ་གྱུར་པའི་བྱ་བའི་ཐ་སྙད་འཇོག་པའི་རིགས་གཉིས་ཞེས་དགོས་ཆེད་ལ་ནང་གསེས་ཀྱི་དབྱེ་བ་ཆེན་པོ་གཉིས་དངོས་སུ་དགར་བ་དང་། དཔེར་བརྗོད་ལ། མིང་གི་ཐ་སྙད་སྦྱར་བ་ནི། མཚོན་དུ་གྲི་རིང་བརྡུང་། གོས་སུ་སྣམ་བུ་འཐག ས་བོན་དུ་འབྲུ་རིགས་ཉོ་སོགས་བཞག་ཡོད་པ་དང་། བྱ་བའི་ཐ་སྙད་སྦྱར་བ་ནི། བྱ་བ་བསྒྲུབ་ཕྱིར་དུ་ཡོན་ཏན་སློབ། ཟ་མ་ཟ་རུ་འགྲོ། ཐུག་པ་འཐུང་དུ་འགྲོ་སོགས་བཞག་ཡོད། དབྱེ་བ་དེ་ལྟར་འབྱེད་པའི་དབྱེ་གཞི་གཙོ་བོ་ནི་རྣམ་དབྱེའི་སྔོན་གྱི་མིང་དེ་མིང་རྐྱང་དང་བྱ་བའི་མིང་གང་ཡིན་གཞིར་བཟུང་བ་ཡིན་པ་གསལ་ལ། ལྟ་རུ་འགྲོ་ནི་བྱ་བའི་ཐ་སྙད་ལ་སྦྱར་བའི་དགོས་ཆེད་ཀྱི་རིགས་ཡིན།

ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། ཤིང་གཅོད་དུ་འགྲོ་ཞེས་པ་ལྟ་བུར་མཚོན་ན་ཤིང་ནི་ལས་དང་། གཅོད་ནི་བྱ་བའི་དོན་གྱི་ཡུལ། དུ་ནི་རྣམ་དབྱེ་བཞི་པའི་རྐྱེན། འགྲོ་ནི་བྱ་བ་སྟེ། འགྲོ་བའི་བྱ་བ་ནི་གཅོད་པའི་དོན་དུ་ཡིན་པ་ལས་ཤིང་གི་དོན་མིན་པས་དཔེ་བརྗོད་འདི་རིགས་ནི་རྣམ་དབྱེ་བཞི་པ་དགོས་ཆེད་ཡིན་པར་གསུངས་པས།སང་ཉིན་ལྟ་རུ་འགྲོ་དང་། ཁ་སང་ལྟ་རུ་སོང་ཞེས་པའི་འགྲོ་དང་སོང་གཉིས་ཀྱིས་བྱ་བ་མ་འོངས་པ་དང་འདས་ཟིན་པ་གཉིས་མཚོན་པ་ལས། ལྟ་ཞེས་པར་དུས་གསུམ་གྱི་འགྱུར་ལྡོག་མི་འབྱུང་བར་འདོད། གལ་ཏེ་དེ་ལ་དུས་གསུམ་གྱི་འགྱུར་ལྡོག་ཡོད་ན་ཁ་སང་བལྟས་སུ་སོང་དང་། ཁ་སང་ཤིང་བཅད་དུ་སོང་། ཁ་སང་མགྲོན་པོ་བོས་སུ་སོང་སོགས་སུ་བརྗོད་དགོས་ལ། འདི་ནི་བོད་སྐད་ཀྱི་སྐད་ཆའི་ཆོས་ཉིད་དང་མི་མཐུན་པ་ཤིན་ཏུ་གསལ་བས་ལྟ་རུ་འགྲོ་ཞེས་པའི་ལྟ་དེ་བྱ་བ་བྱ་དགོས་པ་དང་བྱས་ཟིན་པ་སོགས་ལ་ལྟོས་ཏེ་འགྱུར་ལྡོག་མི་འབྱུང་སྟེ། དོར་ཞི་གདོང་དྲུག་སྙེམས་བློས། བྱ་བ་མི་སྟོན་པའི་བྱ་ཚིག་གི་དུས་གསུམ་གྱི་སྒྲ་གདངས་དང་ཡིག་གཟུགས་ནི། བརྗོད་བྱ་དོན་གྱི་ངོས་ནས་ཕྱེ་བ་ཡིན་པས། རྗོད་པའི་གནས་སྐབས་ལ་ལྟོས་ནས་འགྱུར་རྒྱུ་མེད། ཅེས་གསུངས་པ་བཞིན་ནོ། །དེ་ལྟ་ན། ལྟ་རུ་འགྲོ་ཞེས་པའི་ལྟ་དེ་ཅིའི་ཕྱིར་མ་འོངས་པ་མིན་པར་ད་ལྟ་བ་ཡིན་དགོས་ཤེ་ན། བོད་ཀྱི་ཕལ་སྐད་དང་སྒོས་སུ་ཨ་མདོའི་འབྲོག་སྐད་ཁྲོད་ཀྱི་བྱ་ཚིག་གི་མ་འོངས་པ་དང་ད་ལྟ་བ་གཉིས་ཀྱི་དབྱེ་བ་གསལ་པོ་མིན་པས། དཔེ་འདྲེན་པ་དང་རིགས་བསྒྲེ་བའི་ཐབས་ལ་བརྟེན་ནས་དབྱེ་བ་མི་འབྱེད་ཐབས་མེད་བྱུང་། ཤིང་གཅོད་དུ་འགྲོ་ཞེས་པ་ནི་ཤིང་གཅོད་པའི་ཕྱིར་དུ་འགྲོ་ཞེས་པ་དང་འདྲ་ཞིང་། ལྟ་རུ་འགྲོ་ཞེས་པའང་ལྟ་བའི་ཆེད་དུ་འགྲོ་ཞེས་པ་དང་མཚུངས། དེ་བཞིན། འཚོང་དུ་འགྲོ། འབྲི་རུ་འགྲོ། གསོད་དུ་ཆས། སྐོར་དུ་འགྲོ། ཟ་རུ་འགྲོ། འབོད་དུ་འགྲོ། ཞེས་པ་རྣམས་ཀྱང་འཚོང་བའི་ཕྱིར་དང་། འབྲི་བའི་ཆེད། གསོད་པའི་ཆེད། སྐོར་བའི་ཆེད། ཟ་བའི་ཆེད། འབོད་པའི་ཆེད་སོགས་ཡིན་ལ། གཅོད་པ་དང་འགྲོ་བ། འཚོང་བ་སོགས་ནི་སྐབས་འདིར་བྱ་བའི་མིང་ཡིན་པ་ལས་བྱ་ཚིག་ཏུ་མི་གྲུབ་སྟེ།ལྟ་རུ་འགྲོ་ཞེས་པའི་སྐབས་ཀྱི་བྱ་ཚིག་ནི་འགྲོ་ལས་ལྟ་བ་མིན་པས་ལྟ་ནི་སྐབས་འདིར་བྱ་ཚིག་མིན་པར་བྱ་བའི་དོན་གྱི་ཡུལ་དུ་འདོད་དོ། །དེ་ལྟ་ན། གཅོད་པ་དང་ཟ་བ། ལྟ་བ་ཞེས་བྱ་ཚིག་ད་ལྟ་བའི་མཐར་པ་བ་སོགས་སྦྱར་ན་གཅོད་པའི་བྱ་བ་དང་ཟ་བའི་བྱ་བ། ལྟ་བའི་བྱ་བ་སོགས་སྟོན་པར་འགྱུར་བས། བྱ་བ་དེ་དག་བྱེད་མཁན་བརྗོད་སྐབས་གཅོད་མཁན་དང་། ཟ་མཁན། ལྟ་མཁན་ཞེས་བརྗོད་དོ། །གཞན་དུ་ན། བྱ་ཚིག་མ་འོངས་པའི་མཐར་པ་བ་སོགས་སྦྱར་ན། བཟའ་བ་ཞེས་པ་བཟའ་བྱའི་ཟས་ལ་གོ་བ་དང་། བགོ་བ་ཞེས་པ་བགོ་བྱའི་གོས་ལ་གོ་བ། བཅའ་བ་ནི་བཅའ་བྱའི་ཆོ་ག་སོགས་ལ་གོ་བ། བཏུང་བ་ཞེས་པ་ནི་བཏུང་བྱ་ལ་གོ་བ། བདུག་པ་ཞེས་པ་བདུག་བྱའི་རྫས་ལ་གོ་བ། དབྱེ་བ་ཞེས་པ་དབྱེ་བྱའི་རིགས་ལ་གོ་བ། དྲི་བ་ཞེས་པ་དྲི་བྱ་ལ་གོ་བ། བསྔོ་བ་ནི་བསྔོ་བྱའི་ཆོས་སོགས་ལ་གོ་བའང་མང་ལ། བཟའ་བ་དང་ཟ་བ། བཏུང་བ་དང་འཐུང་བ། དྲི་བ་དང་འདྲི་བ་སོགས་ཀྱི་ཁྱད་པར་ཤིན་ཏུ་ཤེས་སླའོ། །གཞན་ཡང་། སི་ཏུ་པཎ་ཆེན་མཆོག་གིས། ཤིང་གཅོད་དུ་སྟ་རེ་དགོས། གར་ལྟ་བ་ལ་སྒྲོན་མེ་ཐོགས།ཞེས་དང་། ཚེ་ཏན་ཞབས་དྲུང་ལགས་ཀྱིས། གསོད་པའི་ཕྱིར་དུ་མཚོན་བསྣུན།ཞེས་དང་། དོར་ཞི་ལགས་ཀྱིས། ཟ་མ་ཟ་རུ་འགྲོ། ཐུག་པ་འཐུང་དུ་འགྲོ། ཞེས་དང་། མདོ་མཛངས་བླུན་དུ། རིན་པོ་ཆེ་ལེན་དུ་སོང་། ཞེས་པ་དང་། མཁྱེན་རབ་འོད་གསལ་ལགས་ཀྱིས། ལྟད་མོ་ལྟ་ལ་འགྲོ། ཆུ་ལེན་ལ་འགྲོ། སྲོག་སྐྱོབ་ཏུ་གྲོགས་སྦྲན། ཞེས་པ་སོགས་ལ་བརྟག་ན་ད་ལྟ་བ་བྲིས་འདུག་པ་ཅུང་མང་ཞིང་དག་པར་སྣང་བས། ལྟ་རུ་འགྲོ་ཞེས་པའི་ལྟ་སོགས་རྣམ་དབྱེ་བཞི་པའི་བྱ་བའི་དོན་གྱི་ཡུལ་དུ་གྱུར་པའི་བྱ་བའི་མིང་ལ་ད་ལྟ་བ་བྲིས་ན་བརྡ་སྤྲོད་ཀྱི་གཞུང་ལུགས་དང་བོད་སྐད་ཀྱི་ཆོས་ཉིད་དང་མཐུན་པར་འདོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号