《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་རྩོམ་སྒྲིག་དང་ཡིག་ཚང་རིན་ཐང་སྐོར།

སྟུག་རྒྱའི་བཀའ་སྲུང་མགོན་པོ། བསྡུས་མིང་དུ་བཀའ་མགོན་ཟེར། སྨྱུག་མིང་ལ་ཁུ་བྱུག་གམ་རིག་པའི་ཁུ་བྱུག་ཅེས་གྲགས། སྤྱི་ལོ1966ལོར་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་སྐྱེས། སྤྱི་ལོ1994ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ལོ་དེར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཕེབས་ནས་ད་བར་དགེ་རྒན་གྱི་ཕྱག་ལས་གནང་། ཞིབ་འཇུག་གི་གྲུབ་འབྲས་ལ་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་རིག་གནས་ལས་འཕྲོས་པའི་གནད་དོན་སྐོར་གླེང་བ་བདེན་གཏམ་ཡིད་ཀྱི་མུན་སེལ་སོགས་རིག་གཞུང་ཆེད་དེབ་ལྔ་དང་། རྩོམ་སྒྲིག་བྱས་པ་ལ་བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས་སོགས་དེབ་གསུམ། སློབ་དེབ་ལ་སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་བློ་གསལ་འཇུག་ངོགས་དང་། ལེགས་སྦྱར་སྒྲ་རིག་པའི་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་པ་སོགས་ནི་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། གཞན་ཁོང་གིས་ཀྲུང་གོའི་བོད་རིག་པ་སོགས་རིག་གཞུང་དུས་དེབ་ཁག་ཏུ་དཔྱད་རྩོམ་དྲུག་ཅུ་ལྷག་སྤེལ་ཡོད།  ཁོང་གི་རིག་གཞུང་གྲུབ་འབྲས་ལ་རིམ་པ་སོ་སོའི་བྱ་དགའ་མང་པོ་ཐོབ་པ་དང་། གཞན་ད་དུང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་ཞུའི་སློབ་དཔོན་ཆེན་མོ་སོགས་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ནས་ཞོར་འགན་མང་པོ་བཞེས་ཡོད།

ནང་དོན་གནད་བསྡུས།《བརྡ་དཀྲོལ་གསེར་གྱི་མེ་ལོང་》ནི་བོད་ཀྱི་ཉེ་དུས་གསར་དུ་བསྒྲིགས་པའི་དག་ཡིག་དང་ཚིག་མཛོད། བརྡ་དཀྲོལ་མང་པོའི་ཁྲོད་དུ་དམིགས་བསལ་གྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་ཏེ། བརྡ་དཀྲོལ་འདི་ཉིད་ཀྱི་རྩོམ་སྒྲིག་མཛད་ཚུལ་དང་། འགྲེལ་བཤད་དང་དཔེར་བརྗོད་འགོད་སྟངས་ལ་ཐུན་མིན་གྱི་ཁྱད་ཆོས་མངའ་བས། འདིར་བརྡ་དཀྲོལ་འདི་ཉིད་དཔྱད་གཞིར་བཟུང་ནས་ཚད་ལྡན་མཁས་པའི་གསུང་ལ་ཁུངས་བཅོལ་ཞིང་དག་ཡིག་རིག་པའི་རིགས་ལམ་བེད་སྤྱད་དེ། བརྡ་དཀྲོལ་འདི་ཉིད་ཇི་ལྟར་རྩོམ་སྒྲིག་མཛད་པའི་ཚུལ་དང་། བརྡ་དཀྲོལ་གྱི་མིང་དང་པར་གཞི་པར་ཐེངས། པར་སྐྲུན་བྱ་བར་མཐུན་རྐྱེན་བསྒྲུབས་ཚུལ། བརྡ་དཀྲོལ་རྩོམ་སྒྲིག་བྱ་བའི་ཐོག་མའི་འཆར་སྒོ་དང་མཛད་པའི་དགོས་པ། བརྡ་དཀྲོལ་དུ་འཁོད་པའི་ཐ་སྙད་ཀྱི་ནང་དོན་ཁྱབ་ཁོངས་དང་གོ་རིམ་སྒྲིག་སྟངས། འགྲེལ་བཤད་དང་དཔེར་བརྗོད་འགོད་སྟངས། ཟུར་ལྟའི་ཡིག་ཆའི་གྲངས་འབོར་དང་ནང་དོན་བཅས་ཞིབ་རྒྱས་སུ་གླེངས་ཏེ། བརྡ་དཀྲོལ་འདི་ཉིད་ཀྱི་སྐད་བརྡའི་ཡིག་ཚང་གི་དོན་སྙིང་དང་སྐད་ཡིག་ཡིག་ཚང་གི་རིན་ཐང་ལ་དཔྱད་ཡོད།

གནད་ཚིག《བརྡ་དཀྲོལ་གསེར་གྱི་མེ་ལོང་།》རྩོམ་སྒྲིག་འགྲེལ་བཤད། ཡིག་ཚང་རིན་ཐང་།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་མཛད་པ་དང་བསེ་ཚང་བློ་བཟང་དཔལ་ལྡན་གྱིས་ཞུ་དག་མཛད་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་》ཞེས་པ་སྟེ་ཡོངས་གྲགས་སུ་བཙན་ལྷ་ངག་དབང་གི་བརྡ་དཀྲོལ་ཚིག་མཛོད་ཅེས་པའི་དེབ་དེ་མི་རིགས་དཔེ་སྐྲུན་ཁང་གིས་1997ལོར་པར་གཞི་དང་པོ་བསྒྲིགས་ནས་དཔེ་སྐྲུན་བྱས་ཤིང་། བརྡ་དཀྲོལ་གྱི་ཚིག་མཛོད་འདི་རྩོམ་སྒྲིག་བྱས་ནས་དཔེ་སྐྲུན་བྱེས་པ་དེས་པས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་བརྡ་རྙིང་སོགས་ཅུང་མང་བའི་རྡོ་རིང་དང་། ཏུན་ཧོང་། བྲག་བརྐོས་སོགས་ཀྱི་ཡི་གེ་དང་། གཞན་འགྲེལ་དཀའ་བའི་གཞུང་ཆེན་པོ་དག་གིས་མཚོན་པའི་གནའ་བོའི་ཡིག་རྙིང་ཅི་རིགས་ལ་རྟོག་ཞིབ་བྱ་བར་ནུས་པ་ཆེན་པོ་ཐོན་ཡོད་པ་སྨོས་མ་དགོས། ད་ཐེངས་ཀྱང་མི་རིགས་དཔེ་སྐྲུན་ཁང་གིས་སྔ་མའི་པར་གཞི་དང་པོ་རྨང་གཞིར་བྱས་ཏེ་བརྡ་གསར་རྙིང་གི་ཐ་སྙད་དང་ཆོས་ཀྱི་མིང་གི་རྣམ་གྲངས་སྐོར་ཞིག་གསར་དུ་ཁ་སྣོན་བྱས་ཏེ་ཐ་སྙད18000བཞུགས་པའི་དེབ་རྒན་སྤུས་ལེགས་ཤིག2023ལོར་པར་གཞི་གཉིས་པ་བསྒྲིགས་ནས་པེ་ཅིན་དུ་དཔར་ཐེངས་གཉིས་པ་བཏབ། སྔ་མའི་པར་གཞི་དང་པོའི་ཁ་བྱང་གི་ཐོག་ཏུ་བརྡ་རྙིང་ཚིག་མཛོད་ཅེས་པའི་ཡིག་འབྲུ་དག་གསར་དུ་བསྣན་ནས་དཔེ་སྐྲུན་བྱས་ཡོད་དོ། །

གཅིག བརྡ་དཀྲོལ་མཛད་པའི་ཐོག་མའི་འཆར་སྒོ།

བོད་ཀྱི་རིག་གཞུང་སྤྱི་དང་བྱེ་བྲག་བརྡ་གསར་རྙིང་གི་སློབ་སྦྱོང་དང་ཞིབ་འཇུག་བྱ་བའི་ལས་དོན་རྣམས་འཛིན་སྐྱོང་སྤེལ་གསུམ་བྱ་བར་བརྡ་དཀྲོལ་འདི་འདྲ་ཞིག་ཐོག་མར་ཟིན་ཐོ་ཙམ་དང་རིམ་པར་རྩོམ་སྒྲིག་བྱ་བའི་འཆར་སྒོ་དང་རེ་འདུན་སོགས་ཡུལ་དུས་གང་ཞིག་ཏུ་བྱུང་བའི་ཚུལ་བརྗོད་པ་ལ། “གངས་ཅན་བོད་ཀྱི་གཞུང་ལུགས་རབ་འབྱམས་ལྟ་ཀློག་བྱེད་པའི་ཚིག་མཛོད་བརྡ་དཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་འདི་ནི་སྤྱི་ལོ1979ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་གནའ་དཔེ་ཟབ་སྦྱོང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་སྐབས་སློབ་དཔོན་ཆེན་པོ་བཀའ་དྲིན་ཟླ་མེད་དུང་དཀར་རིན་པོ་ཆེ་མཆོག་གི་སྐུ་དྲུང་དུ་བོད་ཀྱི་རིག་གཞུང་དུ་མའི་ཞལ་ཁྲིད་མནོས་ནས་སྡོད་སྐབས་བརྡ་དཀྲོལ་ཚིག་མཛོད་ཅིག་བྱུང་ན་ཅི་མ་རུང་སྙམ་སྟེ། ཟིན་བྲིས་ཐར་ཐོར་རེ་བཀོད་ཡོད་པ་དེ་སློབ་དཔོན་མཆོག་ལ་ཕུལ་བས་ཐུགས་དགྱེས་དགྱེས་མཛད་ཅིང་།”[1]ཞེས་པ་དང་། དེ་དུས་དགེ་བའི་བཤེས་གཉེན་དམ་པས་ཁྱད་པར་གྱི་བཀའ་དགོངས་གནང་བ་ལ། “བརྡ་རྙིང་པའི་ཚིག་གི་འགྲེལ་བཤད་ལ་ཁུངས་ལུང་ཡོད་པ་དང་། གོ་བདེ་བའི་ཆེད་དཔེར་བརྗོད་རེ་བཞག་ན་ལེགས་ཚུལ་སོགས་བཀའ་སློབ་བཟང་པོ་ཟམ་མ་ཆད་པར་བསྩལ་བས་དུས་དེ་ནས་བཟུང་སྟེ་རྩོམ་སྒྲིག་བྱ་བའི་འགོ་བརྩམས།”[2]ཞེས་གསུངས་པའི་ཐུགས་རེ་ལྟར་དུ་བརྡ་གསར་རྙིང་དང་འབྲེལ་བའི་བརྡ་ཁྱད་འགའ་ནི་སློབ་ཁྲིད་ཉན་པའི་རིང་དང་ཞར་ལ་ཟིན་ཐོ་བཀོད་ཅིང་རྩོམ་སྒྲིག་མཛད་པ་དང་། དེ་ནས་རིམ་པར་རྩོམ་སྒྲིག་པས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་བྱ་བ་མཛད་པའི་དགོས་མཁོར་བསྟུན་ཏེ་མིང་བརྡ་འཚོལ་བསྡུ་དང་། དེ་དག་ལ་ལུང་ལྡན་ཁུངས་ཐུབ་ཀྱི་དཔེར་བརྗོད་དང་འབྲེལ་བའི་སྒོ་ནས་འགྲེལ་བཤད་བཏབ་པ་སོགས་ཀྱི་རྩོམ་སྒྲིག་མཛད་པའི་ཚུལ་ལའང་། “དེ་ནས་རྗེས་སུ་རང་ཉིད་ཆུ་བོ་བཞི་བབས་ཀྱི་སའི་ཆ་སྟེ་སི་ཁྲོན་ཁྲེང་ཏུའུ་ཞེས་གྲགས་པའི་གྲོང་ཁྱེར་གྱི་ཉེ་འདབས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་མིང་འཛིན་སྐབས་སློབ་ཁྲིད་བྱེད་ཞོར་དུ་རྒྱུན་མ་ཆད་པར་བརྩོན་པ་བསྐྱེད་དེ་རྩོམ་སྒྲིག་བྱས་ཤིང་།”[3]ཞེས་པས་གསལ་བར་བསྟན་པ་དང་། དེ་དུས་ཙམ་དུ་རྗེ་དམུ་དགེ་བསམ་གཏན་གྱི་བཀའ་དགོངས་ལྟར་མུ་མཐུད་དུ་རྩོམ་སྒྲིག་མཛད་པ་ལ། “གཞན་ཡང་འདི་ཉིད་བྱ་བའི་གོ་རིམ་ནང་དུ་སློབ་དཔོན་ཆེན་པོ་བཀའ་དྲིན་མཚུངས་མེད་མཁས་དབང་དམུ་དགེ་བསམ་གཏན་མཆོག་ལ་ཐོག་མའི་ཟིན་བྲིས་སྤྱན་བསྟར་ཞུས་པས་དགྱེས་པ་ཆེན་པོས་རྣམ་དཀར་གྱི་བྱ་བ་འདི་སྤྱིར་རིག་པའི་གནས་ལ་སྦྱང་བ་དང་། ཁྱད་པར་དུ་གཞུང་ལུགས་རབ་འབྱམས་ལྟ་ཀློག་བྱེད་པའི་མིག་ཏུ་གྱུར་འདུག་ཅིང་། སྒོས་སུ་དེང་དུས་ཀྱི་གསར་བུ་བ་དག་ལ་བརྡ་དཀྲོལ་རྒྱས་པ་ཞིག་ཤིན་ཏུ་མཁོ་ཆེ་བས་མྱུར་དུ་གྲུབ་པར་གྱིས་ཤིག་ཅེས་བཀའ་ཡི་གནང་བ་ཐོབ་ཅིང་ཞིབ་ཕྲའི་བཀའ་སློབ་དང་ཐུགས་ཁུར་རྒྱ་ཆེར་གནང་བར་བརྟེན་ནས།”[4]ཞེས་པ་སོགས་སྔ་ཕྱིར་ཡོངས་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པའི་དུང་དཀར་བློ་བཟང་འཕྲིན་ལས་དང་དམུ་དགེ་བསམ་གཏན་རྣམ་གཉིས་ཀྱིས་བརྡ་དཀྲོལ་གྱི་ཚིག་མཛོད་ཅིག་རྩོམ་སྒྲིག་བྱ་བ་དང་མྱུར་བར་འགྲུབ་དགོས་པ། ཇི་ལྟར་སྒྲུབ་པ་སོགས་ཀྱི་བཀའ་དགོངས་གནང་བའི་བཀའ་དྲིན་བསྩལ་བའི་ཚུལ་ནི་ཤེས་ཐུབ་པའོ། །

གཉིས། རྩོམ་སྒྲིག་ཇི་ལྟར་མཛད་ཚུལ།

དེ་ནས་རིམ་གྱིས་རྩོམ་སྒྲིག་མཛད་པར་ང་རྒྱལ་སོགས་ཀྱི་དབང་དུ་མ་སོང་བར་ཤིན་ཏུ་ཉམ་ཆུང་བའི་སྒོ་ནས་ཁེངས་སྐྱུང་མཛད་པ་ནི། “ཨེ་མ་ཤེས་བྱའི་ཕ་མཐའ་ཇི་སྙེད་པ། །”[5]ཞེས་པ་སོགས་ཀྱིས་ཤེས་ཏེ། སྤྱིར་ཤེས་བྱའི་རྣམ་གྲངས་ནི་ཕ་མཐའ་ཡས་པ་ཇི་སྙེད་པ་དེ་བཞིན་དུ། བརྡ་གསར་རྙིང་གི་ཐ་སྙད་ཀྱི་རྣམ་གྲངས་ཀྱང་དེ་ཙམ་ཡོད་པའི་ཕྱིར་ན། རྩོམ་སྒྲིག་པར་གྱུར་པ་གང་གི་བྱིས་བློ་སྟེ་བློ་གྲོས་ཆུང་བ་ཞིག་གིས་བརྡའི་སྒྲ་དོན་དང་། ཁུངས་ལུང་། དཔེར་བརྗོད་སོགས་ཚུལ་བཞིན་དུ་འཇལ་བ་སྟེ་རྟོག་དཔྱོད་བྱ་འདོད་པའི་ཚུལ་འདི་ལ། མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་གི་ཚོགས་སམ་ཕུང་པོ་རྣམས་ཀྱང་ཁྲེལ་བའི་ཚུལ་གྱིས་དགོད་དམ་སྙམ་ཞེས་རབ་རྟོག་གི་རྒྱན་གྱིས་སྤྲས་པའི་ཚིག་སྦྱོར་སྤེལ་ཡོད་པས། རྩོམ་སྒྲིག་པ་ཁོང་ནི་མཁྱེན་དཔྱོད་ཡངས་པའི་མཁས་པ་ཆེན་པོ་ཡིན་ནའང་ང་རྒྱལ་སོགས་གང་ཡང་མེད་པར་ཁེངས་སྐྱུང་གིས་རྩོམ་སྒྲིག་མཛད་པ་ནི་མཁས་པའི་ཡོན་ཏན་དུ་སྣང་ཞིང་། རྩོམ་སྒྲིག་བྱ་བར་དམ་བཅའ་བ་ལ། “དེ་ཕྱིར་རིངས་ནས་བརྩོན་པའི་ཤུགས་བསྐྱེད་ཅིང་། །”[6]ཞེས་པས་དྲངས་པའི་ཚིག་དག་གིས་གང་ཤེས་ཐུབ་ན།《བརྡ་དཀྲོལ་གསེར་གྱི་མེ་ལོང་》ནི་དགོས་གལ་གང་ཡང་མེད་པ་དང་། ཁྱད་པར་དུ་རྩོམ་སྒྲིག་བྱ་བར་འཆར་གཞི་དང་དུས་ཡུན་སོགས་གང་ཡང་མི་དགོས་པ་དང་། ཁུངས་མེད་ལུང་མེད་སོགས་ཀྱི་སྒོ་ནས་རྩོམ་སྒྲིག་མཛད་པ་མིན་པར། རྩོམ་སྒྲིག་པ་ཁོང་གིས་གཞུང་ཆེན་པོ་དང་གནའ་བོའི་ཡིག་རྙིང་དག་ལས་བྱུང་བའི་བརྡ་གསར་རྙིང་སོགས་ལ་རྟོག་ཞིབ་བྱ་བའི་དགོས་མཁོར་དམིགས་ཏེ། ལོ་ངོ་བཅུ་ཕྲག་གཅིག་གི་རིང་དུ་ལྷག་བསམ་རྣམ་དག་དང་འདུན་པ་རྩེ་གཅིག་གིས་རྩོམ་སྒྲིག་བྱ་བར་འབད་བརྩོན་གྱི་ཤུགས་ཆེན་པོ་བསྐྱེད་ཅིང་། དུས་ཕྱིས་རིམ་པར་སློབ་ཁྲིད་དང་ཞིབ་འཇུག་བྱ་བའི་ཞར་ཞོར་ལ་བརྡ་གསར་རྙིང་དང་འབྲེལ་བའི་སྔོན་བྱོན་མཁས་པའི་གསུང་རྩོམ་མང་པོ་མཇལ་བའི་མཐུན་རྐྱེན་ལ་བརྟེན་ཏེ། གཞུང་ཆེན་པོ་དག་དང་ཁྱད་པར་དུ་གནའ་བོའི་ཡིག་རྙིང་དག་ཏུ་མིང་བརྡ་གོ་དཀའ་བ་དང་ཆོས་ཀྱི་མིང་གི་རྣམ་གྲངས་སོགས་ཀྱི་རིགས་རྙེད་དོ་ཅོག་གི་བརྡ་དོན་གསལ་བར་འགྲེལ་ནས་དོན་ལ་གནས་པ་དང་ཁུངས་ལྡན་གྱི་དཔེར་བརྗོད་དང་བཅས་པའི་བརྡ་དཀྲོལ་ཆེན་པོ་འདི་ལྟ་བུ་སྤེལ་བར་བྱ་བའི་དམ་བཅའ་མཛད་པ་ཤེས་ཤིང་། རྩོམ་སྒྲིག་མཛད་པའི་དུས་ཡུན་ལའང་། “ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་འབད་བརྩོན་ཟམ་མ་ཆད་པར་བགྱིས་པས། 1989ལོར་མཇུག་རྫོགས་པར་བྲིས་པ་འདིས་ཀྱང་བཅུ་ཕྲག་རིག་པའི་གནས་རྣམས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ། བཀྲ་ཤིས། །”[7]ཞེས་པས་རྩོམ་སྒྲིག་པ་ཁོང་གིས་ལོ་ངོ་བཅུ་ཕྲག་གཅིག་རིང་དུ་མིང་བརྡ་རེ་རེའི་གོ་དོན་དང་ཁུངས་ལུང་། དཔེར་བརྗོད་སོགས་གསལ་ཞིང་དག་པར་འབྲི་བ་ལ་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ནས1989ལོར་ལེགས་པར་གྲུབ་པས་ཀྱང་བོད་ཀྱི་བཅུ་ཕྲག་རིག་གནས་སྤྱི་དང་བྱེ་བྲག་བརྡ་དག་གི་རྣམ་བཞག་ཐམས་ཅད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ནས་ཡུན་རིང་དུ་གནས་པར་གྱུར་དང་འགྱུར་བ་ལ་སྨོན་པར་བརྗོད་ཅིང་བཀྲ་ཤིས་ཞེས་པའི་ཤིས་ཚིག་གིས་མཐའ་བརྒྱན་པ་ནི་《བརྡ་དཀྲོལ་གསེར་གྱི་མེ་ལོང་》རྩོམ་སྒྲིག་མཛད་པའི་ཐུགས་སྟོབས་དང་དགོས་པ། རེ་འདུན་སོགས་ཉག་གཅིག་ཡིན་པར་སེམས་སོ། །

རྩོམ་སྒྲིག་པ་ཁོང་གིས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བར་ཐུགས་རྣམ་པར་དག་པའི་སྒོ་ནས་རྩོམ་སྒྲིག་མཛད་པའི་ཚུལ་ནི་དཔེ་དོན་ཟུང་འབྲེལ་གྱི་སྒོ་ནས་བསྟན་པ་སྟེ། “འོན་ཀྱང་ལྷག་བསམ་རབ་དཀར་གྲུ་བོ་ལ། །”[8]ཞེས་པ་སོགས་ཀྱིས་ཁོང་གིས་《བརྡ་དཀྲོལ་གསེར་གྱི་མེ་ལོང་》རྩོམ་སྒྲིག་བྱ་བའི་ལྷག་བསམ་དང་བརྩོན་པ་བསྐྱེད་ཚུལ་སོགས་ཀྱི་མཛད་པའི་ཕྱག་རྗེས་རླབས་པོ་ཆེ་དག་ཤེས་དགོས་པ་ཙམ་དུ་མ་ཟད། བོད་ཀྱི་སྐད་ཡིག་གཉིས་གཙོས་པའི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་རྣམས་ཀྱིས་མིག་དཔེར་འཛིན་འོས་པ་དང་འཛིན་དགོས་པའི་ཡུལ་དུ་སྣང་ངོ་། །

བརྡ་དཀྲོལ་འདི་རྩོམ་སྒྲིག་བྱ་བར་ཚིག་དོན་གཉིས་ཆ་ནས་ནོར་འཁྲུལ་གང་མཆིས་པ་ནི་གཟུར་གནས་མཁས་པ་རྣམས་ཀྱི་མདུན་སར་བཤགས་པ་དང་། ཁྱད་པར་དུ་དཔྱད་པ་གསུམ་གྱིས་དག་པར་བྱས་པའི་དགེ་བ་གང་གི་དཔེར་འགྱུར་བར་སྨོན་པའི་ཤིས་པར་བརྗོད་པ་སྟེ། “བློ་དམན་དབང་གིས་ནོར་འཁྲུལ་གང་མཆིས་པ། །”[9]ཞེས་པ་སོགས་ཀྱིས་《བརྡ་དཀྲོལ་གསེར་གྱི་མེ་ལོང་》ནི་རིག་གནས་སྤྱི་དང་ཁྱད་པར་དུ་གནའ་བོའི་ཡིག་རྙིང་སོགས་ཀྱི་བརྡ་དག་གི་སྒྲ་དོན་སོགས་ལ་རྟོག་ཞིབ་བྱ་བར་འཇུག་པར་བྱེད་པའི་ཀུན་ཕན་གྱི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་བར་སྨོན་པའི་ཤིས་པ་བརྗོད་ཡོད་དོ། །

《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་རྩོམ་སྒྲིག་པར་གྱུར་པའི་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཞེས་པ་ནི། “རིག་པའི་གནས་ལ་ལྷག་བསམ་དང་བརྩོན་པ་ཆེ་ཞིང་རྣམ་དཔྱོད་བཀྲ་བ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་”[10]ཞེས་ཁྱད་པར་དུ་བརྗོད་ཅིང་། ཁོང་གིས་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་གཙོས་པའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་བར་འཆད་རྩོད་རྩོམ་གསུམ་མཛད་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ་བ་དང་། ཁོང་གི་མཛད་རྣམ་རྒྱས་པ་ནི་བསོད་ནམས་སྟོབས་རྒྱས་ཀྱིས་གཙོ་སྒྲིག་མཛད་པའི་《གཞན་གྱི་མཐོང་སྣང་ཁྲོད་ཀྱི་བཙན་ལྷ་ངག་དབང་ཚུལ་ཁྲིམས་》ཞེས་པས་མཚོན་པའི་དཔེ་དེབ་དག་ལ་གཟིགས་ནས་ཤེས་པར་བྱ་དགོས་སོ། །

གཅིག པར་གཞི་མི་འདྲ་བ་དང་པར་སྐྲུན་བྱ་བར་མཐུན་རྐྱེན་བསྒྲུབས་ཚུལ།

བརྡ་དཀྲོལ་གྱི་དེབ་མིང་དང་པར་གཞི་པར་ཐེངས། པར་སྐྲུན་བྱ་བར་ཞུ་དག་དང་མཐུན་རྐྱེན་བསྒྲུབས་ཚུལ་སོགས་བཤད་ན། “དེ་ལྟར་གངས་ཅན་བོད་ཀྱི་བརྡ་རྙིང་འགའི། ། ཚིག་གི་དཀྲོལ་བ་གསེར་གྱི་མེ་ལོང་ཞེས། །”[11]ཞེས་པ་ལྟར།《བརྡ་དཀྲོལ་གསེར་གྱི་མེ་ལོང་》ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་མཛད་ཅིང་། མི་རིགས་དཔེ་སྐྲུན་ཁང་གིས་སྔ་ཕྱིར་པར་གཞི་ཐེངས་གཉིས་བསྒྲིགས་ནས་དཔེ་སྐྲུན་བྱས། པར་གཞི་དང་པོ་ནི1997ལོའི་ཟླ5པར་པར་གཞི་དང་པོ་བསྒྲིགས་ནས་དཔེ་སྐྲུན་བྱས་པ་སྟེ། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་ཞུ་དག་མཛད་པ་དང་། 2006ལོའི་ཟླ5པར་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བོད་རིག་པ་ཞིབ་འཇུག་གི་“ཇོ་མོ་གླང་མའི་བྱ་དགའ་”ཨང་གཉིས་པ་ཐོབ་པ་[12]དང་། 2023ལོའི་ཟླ3པར་པར་གཞི་གཉིས་པ་བསྒྲིགས་ནས་པེ་ཅིན་དུ་དཔར་ཐེངས་གཉིས་པ་བཏབ། པར་གཞི་གཉིས་པའི་དེབ་ཀྱི་ཁ་བྱང་ལ་སྟེང་འོག་གི་ཡིག་ཕྲེང་གཉིས་ཏེ། ཐིག་ཕྲེང་དང་པོར་《བརྡ་རྙིང་ཚིག་མཛོད་》ཅེས་པ་དང་། ཐིག་ཕྲེང་གཉིས་པར་《བརྡ་དཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ་》ཞེས་སོ། །《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་མགོ་ནས་མཇུག་བར་ཞུ་དག་དང་ལེགས་བཅོས་སོགས་མཁས་པ་གང་གིས་མཛད་ཅེ་ན། “དེ་ལྟར་ཚིག་མཛོད་འདི་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གི་མགོ་ཁྲིད་རྣམ་པ་བརྒྱུད་དེ་བསེ་ཁྲི་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་དཀའ་ངལ་འཛེམས་མེད་ཀྱིས་འགོ་ནས་མཇུག་བར་ཞུ་དག་དང་ལེགས་བཅོས་ཞིབ་ཚགས་མཛད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།”[13]ཞེས་པ་ལྟར། བསེ་ཚང་བློ་བཟང་དཔལ་ལྡན་གྱིས་ཞུ་དག་དང་ལེགས་བཅོས་མཛད་པའི་ཕྱིར་ན་ཚད་ལྡན་དུ་ངེས་པ་དང་། རྩོམ་སྒྲིག་དང་པར་སྐྲུན་བྱེད་པར་མཐུན་རྐྱེན་སྒྲུབ་མཁན་གྱི་སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་གི་ཕྱོགས་ལ། “དེ་བཞིན་ཚིག་མཛོད་འདི་པར་སྐྲུན་བྱེད་པའི་མཐུན་རྐྱེན་དུ་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་དང་།”[14]ཞེས་པ་སོགས་ཀྱིས་མཚོན་པའི་སློབ་གྲྭ་དང་སློབ་གླིང་། ཞིབ་འཇུག་སྡེ་ཁག་དང་མི་རིགས་སྐད་ཡིག་ཚོགས་པ་སོགས་ནས་《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་དེབ་འདི་རྩོམ་སྒྲིག་བྱ་བའི་བརྒྱུད་རིམ་ནང་དང་། ཁྱད་པར་དུ་པར་དབང་ཅན་གྱི་དེབ་ཀྱི་ཚུལ་དུ་པར་སྐྲུན་བྱེད་པ་སོགས་ལ་རོགས་རམ་དང་རྒྱབ་སྐྱོར་སོགས་ཕྱོགས་གང་ཐད་ནས་མཐུན་རྐྱེན་བསྒྲུབས་པའི་གྲུབ་འབྲས་ལས་《བརྡ་དཀྲོལ་གསེར་གྱི་མེ་ལོང་》ཞེས་པ་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་སྨྲ་བ་དང་། སྒོས་སུ་ཀྲུང་གོའི་རྒྱལ་ནང་གི་བོད་ཀྱི་སྐད་ཡིག་རྩོམ་རིག་གཙོས་པའི་རིག་གནས་སོགས་ཀྱི་སློབ་གསོ་དང་ཞིབ་འཇུག་སྡེ་ཁག་གིས་མཚོན་པའི་སློབ་གྲྭ་ཆེ་ཆུང་དང་། དགོན་སྡེ་དང་བཤད་གྲྭ་སོགས་གཙོ་བོར་གྱུར་པ་དག་ཏུ་སྐད་ཡིག་གཙོས་པའི་རིག་གནས་སོགས་འཛིན་སྐྱོང་སྤེལ་གསུམ་བྱ་བར་ལག་ཆ་ལྟ་བུའི་ནུས་པ་ཆེན་པོ་ཐོན་དང་འཐོན་གྱིན་ཡོད་དོ། །

གཉིས། ཐ་སྙད་ཀྱི་གྲངས་འབོར་དང་བྱུང་ཁུངས་ཀྱི་རིག་ཚན་ཁྱབ་ཁོངས།

བརྡ་དཀྲོལ་གྱི་སྒྲིག་རིམ་ལས་འགྲེལ་བཤད་བྱེད་སྟངས་དང་། ཁུངས་ལུང་། དཔེར་བརྗོད་འདྲེན་ཚུལ་སོགས་ལས་ཐ་སྙད་ཀྱི་བྱུང་ཁུངས་ལ། “གསུང་རབ་ཆུ་གཏེར་གླིང་ལ་ལེགས་དཔྱད་ནས། །”[15]ཞེས་པ་ལྟར། “མིང་མཛོད་འདིར་བོད་ཀྱི་གཞུང་ལུགས་ཡིག་ཆ་རབ་འབྱམས་ལས་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བསྟན་དོན་བྱེ་བྲག་པ་ལྡན་པའི་ཐ་སྙད་བསྡུས་ཡོད་པ་དང་”[16]ཞེས་པ་དང་། ཐ་སྙད་མང་ཉུང་ལ། “ཁྱོན་ཐ་སྙད་མིང་ཚན18000ལྷག་ཡོད།”[17]ཅེས་པ། དེ་ནས་མིང་དང་ཚིག་གི་གྲུབ་ཆ་ལ། “མིང་ཚན་ལ་མིང་རྐྱང་དང་ཚིག་གྲུབ་གང་རུང་འདུ་བ་སྟེ། དཔེར་ན། ༼ཀུ་མུད།༽༼ཀུ་མུད་ཀྱི་མིང་གི་རྣམ་གྲངས།༽ལྟ་བུ།”[18]ཞེས་པ་བཅས་ཏེ། མིང་གཞིའི་ཡི་གེ་ཀ་ནས་ཨའི་བར་གྱི་བརྡ་དཀྲོལ་མཛད་ཡོད་དོ། །

བརྡ་དཀྲོལ་མཛད་པའི་ཐ་སྙད་བྱུང་ཁུངས་ཀྱི་རིག་ཚན་ཁྱབ་ཁོངས་ལ། ཀ་རི་ཀཱ་དང་ཀ་ཡ་ཅོག་རྩེ་སོགས་ཀྱིས་མཚོན་པའི་སྐད་རིགས་མི་འདྲ་བ་དང་། མྱི་དང་མྱིག་གིས་མཚོན་པའི་བརྡ་གསར་རྙིང་དང་དག་ཡིག སྐད་གསར་བཅད་དང་ཚིག་ཕྲད་ཀྱིས་མཚོན་པའི་སྐད་ཡིག་བརྡ་སྤྲོད། ཁ་བཏགས་ཀྱིས་མཚོན་པའི་ཡུལ་སྲོལ་རིག་གནས། སྐབས་གསུམ་པ་དང་དངོས་གྲུབ་བརྒྱད་སོགས་ཀྱིས་མཚོན་པའི་མངོན་བརྗོད་དང་ཆོས་ཀྱི་མིང་གི་རྣམ་གྲངས། ཀ་དག་དང་དཀར་པོ་ཆིག་ཐུབ་ཀྱིས་མཚོན་པའི་ལྟ་གྲུབ་དང་བསམ་བློ། བཀའ་གྲོས་ཆེན་པོ་དྲུག་གིས་མཚོན་པའི་ཁྲིམས་སྲོལ། དབུ་ཕར་འདུལ་མཛོད་ཚད་མས་མཚོན་པའི་གཞུང་བཀའ་པོད་ལྔ། སྒྲ་བཟོ་གསོ་དང་ཟློས་སྐར་སྡེབ་སྙན་གྱིས་མཚོན་པའི་རིག་གནས་ཆེ་ཆུང་། བཀའ་འགྱུར་དང་བསྟན་འགྱུར་གྱིས་མཚོན་པའི་གནའ་བོའི་ཡིག་ཆ་དང་འགྱུར་ཡིག སྙན་ངག་གི་སྐྱོན་བཅུས་མཚོན་པའི་རྩོམ་རིག ཐང་ཡིག་སྡེ་ལྔ་དང་བུ་སྟོན་ཁ་ཆེས་མཚོན་པའི་ལོ་རྒྱུས་ཡིག་ཚང་དང་མི་སྣ། དཀར་ཆག་དང་ལྡན་དཀར་མས་མཚོན་པའི་དཀར་ཆག་རིག་པ། ལུགས་ཀྱི་བསྟན་བཅོས་ཀྱིས་མཚོན་པའི་མི་ཆོས་རིག་པ། བཀའ་གདམས་པ་དང་བོན་པོས་མཚོན་པའི་ཆོས་བརྒྱུད་སྤྱི་དང་བྱེ་བྲག་པ། སྒྲ་སྦྱོར་བམ་གཉིས་ཀྱིས་མཚོན་པའི་ཚིག་མཛོད་། བཀའ་འབུམ་གྱིས་མཚོན་པའི་མཁས་པའི་གསུང་རྩོམ་སོགས་ཅི་རིགས་བཞུགས་སོ། །

གསུམ། ཐ་སྙད་ཀྱི་གོ་རིམ་སྒྲིག་སྟངས།

དེ་ནས་བརྡ་དག་གི་ཐ་སྙད་ཀྱི་གོ་རིམ་སྒྲིག་སྟངས་ལ། “ཚིག་དོན་རབ་གསལ་ཀཱ་ལིའི་ཕྲེང་བར་བཀོད། །”[19]ཅེས་པ་ལྟར། “མིང་ཚན་གྱི་གོ་རིམ་ནི་ཡིག་འབྲུའི་སྔ་གཞུག་བཞིན་དུ་བོད་ཡིག་ཀ་མད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད།”[20]ཅེས་པ་དང་། འགྲེལ་བཤད་རྒྱག་སྟངས་ལས་ཐ་སྙད་ཀྱི་སྒྲ་དོན་འགྲེལ་བཤད་ཀྱི་གྲུབ་ཆའི་ཆ་ནས། “འགྲེལ་བཤད་ཀྱི་གྲུབ་ཆ་ལ་སྤྱིར་བཏང་མིང་གི་གོ་དོན་དང་།”[21]ཞེས་གཅིག་དང་། “གོ་དོན་དེའི་ཁུངས་ལུང་དང་།”[22]ཞེས་གཉིས། “སྔོན་བྱུང་ཡིག་ཆ་ལས་དྲངས་པའམ་བོད་སྤྱི་ལ་གྲགས་པའི་གཏམ་གྱི་དཔེར་བརྗོད་”[23]ཅེས་གསུམ་གྱི་རིམ་པ་ལྟར་བརྗོད་ཅིང་། དེ་དག་འགོད་ཚུལ་གྱི་ཁྱད་པར་ལའང་། “གོང་གསལ་ལས་མིང་གི་གོ་དོན་ནི་སྒྲིག་པ་པོས་སྦྱར་བའི་གོ་དོན་ཡིན་པ་ལ། མིང་ཚན་ཀུན་ལ་ཡོད་པས་མ་ཁྱབ་པར་ཉུང་ཤས་ཤིག་ཁུངས་ལུང་གིས་འཐུས་པར་བྱས་ཡོད། ཁུངས་ལུང་དང་དཔེར་བརྗོད་གཉིས་ཀྱང་སྐབས་བསྟུན་བཀོད་ཡོད་མེད་གང་རུང་ཡོད།”[24]ཅེས་པས་ཤེས་པར་འགྱུར་བ་དང་། བརྡ་དོན་གྱི་འགྲེལ་སྟངས་ཁྱད་པར་བ་ལའང་། “ཐ་སྙད་མིང་བརྡའི་འཇུག་པ་ཡུལ་དུས་ཀྱིས། །”[25]ཞེས་པའི་ཚིགས་བཅད་ལྟར་མཛད་པ་ནི་《བརྡ་དཀྲོལ་གསེར་གྱི་མེ་ལོང་》ལ་བལྟས་པ་ཙམ་གྱིས་ཤེས་སོ། །

དེ་ནས་བརྡ་དཀྲོལ་མཛད་པར་མིང་བརྡ་གང་གི་སྐད་རིགས་ཀྱི་ཁྱད་པར་ལ། “མིང་ཚན་གཞུག་ཏུ་[ལེགས]ཞེས་བཀོད་པས་ལེགས་སྦྱར་སྐད་སྟོན་པ་དང་། [ཞང]ཞེས་བཀོད་པས་ཞང་ཞུང་སྐད་སྟོན་པ་དང་། [རྒྱ]ཞེས་བཀོད་པས་རྒྱ་ནག་གི་སྐད་སྟོན་པ་དང་།”[26]ཞེས་པ་དང་། ཆོས་སྐད་ཀྱི་ཐ་སྙད་མི་འདྲ་བའི་ཁྱད་པར་གྱི་བརྡ་མཚོན་པ་ལ། “(བོན)ཞེས་བཀོད་པས་བོན་པོའི་བརྡ་སྟོན་པ་ཡིན།”[27]ཞེས་པ་སོགས་ཀྱིས་གང་ཤེས་ཐུབ་ན། བརྡ་དོན་ལ་ལ་ནི་ལེགས་སྦྱར་དང་ཞང་ཞུང་། རྒྱ་སྐད་སོགས་ལས་བོད་སྐད་དུ་ཟུར་ཆག་པ་ལས་བརྡ་རྙིང་མིན་པ་དང་། ལ་ལ་ཞིག་ནི་མངོན་བརྗོད་ཀྱི་མིང་གི་རྣམ་གྲངས་ཡིན་མིན་དང་། ལ་ལ་ཞིག་ནི་བོན་ལུགས་ཀྱི་བརྡ་དོན་ལས་བརྡ་རྙིང་མིན་པ། ལ་ལ་ཞིག་ནི་ཞེ་སའི་ཚིག་ཙམ་ལས་བརྡ་རྙིང་མིན་པ་སོགས་ཀྱི་གནད་དོན་ནི་བརྡ་དཀྲོལ་གྱི་ཚིག་མཛོད་འདི་ལ་བལྟས་པ་ཙམ་གྱིས་ཤེས་པར་འགྱུར་ཞིང་། རྒྱལ་ཁབ་དང་མི་རིགས་གཞན་གྱི་སྐད་རིགས་ལས་བོད་སྐད་དུ་ཟུར་ཆག་པའི་ཐ་སྙད་ཀྱི་བརྡ་དོན་མ་གོ་བར་བརྡ་རྙིང་དུ་འཁྲུལ་བའི་གནད་དོན་གང་མང་ཞིག་སྣང་བས་ན་བློ་མིག་ཡངས་པའི་སྒོ་ནས་དཔྱད་པར་བྱ་དགོས་པའི་ཚུལ་ལ། “མ་གོ་བརྡ་རྙིང་འཁྲུལ་ཏེ་མཁྱེན་པ་མང་། །འདི་དག་བློ་མིག་ཡངས་པས་དཔྱད་བཟོད་རིགས། །”[28]ཞེས་གསུངས་པས་ཤེས་དགོས་སོ། །

བཞི། འགྲེལ་བཤད་དང་དཔེར་བརྗོད་འཁོད་སྟངས།

དེ་ནས་མིང་གཅིག་གི་དོན་གྱི་འགྲེལ་སྟངས་མི་འདྲ་བ་བྱུང་བ་ལ། “མིང་ཚན་གཅིག་ལ་དོན་གྱི་རྣམ་གྲངས་དུ་མ་ཡོད་པ་ཨང་རྟགས་①②③སོགས་ཀྱིས་སོ་སོར་ཕྱེ་ཡོད།”[29]ཅེས་པ་དང་། གཞན་གོ་དོན་གྱི་ཁུངས་ལུང་སོགས་གསལ་བར་མཚོན་པའི་རྟགས་སུ། “གོ་དོན་གྱི་ཁུངས་ལུང་ནི་༼《××××》(ཤ×××ཕ×××)ལས། ××××ཞེས་བྱུང་།༽ཞེས་བཀོད་ཡོད་པ་དང་། དཔེར་བརྗོད་ནི་༼《××××》ལས་སམ་××××ཞེས་པ་ལྟ་བུ། ༽ཞེས་བཀོད་ཡོད།”[30]ཅེས་པ། དཔེ་ཆའི་མིང་རྟགས་ལ། “གོང་གསལ་ལས་《××××》ནི་ཡིག་ཆའི་མིང་དང་། (ཤ×××ཕ×××)ནི་ལྡེབ་གྲངས་དང་ཐིག་ཕྲེང་གི་གྲངས་ཀ་ཡིན།”[31]ཞེས་པ་བཅས་ཏེ། དཔེ་རྟགས་ལ་《××××》འདི་ལྟ་བུ་དང་། ཤོག་ངོས་ཀྱི་བསྡུས་ཡིག་ལ་ཤ ཡིག་ཕྲེང་གི་བསྡུས་ཡིག་ལ་ཕ་སོགས་འཁོད་པས་ཤེས་དགོས་ཏེ། དཔེར་ན། བོད་ཡིག་གི་ཀ་ཅ་ཞེས་པའི་བརྡ་དོན་གྱི་འགྲེལ་བཤད་དང་། ལུང་ཁུངས། དཔེར་བརྗོད་སོགས་ཀྱི་སྐོར་ལ་མཚོན་ནས་བཤད་ན།

“ཀ་ཅ།①རྒྱུ་ནོར་སྤྱིའི་མིང་སྟེ། 《དག་ཡིག་ཐོན་མིའི་དགོངས་རྒྱན་》(ཤ1ཕ7)ལས། ཀ་ཅ་ནི་ནོར་གྱི་སྤྱི་མིང་།ཞེས་གསུངས་སོ། །②མཁོ་ཆས་ཀྱི་མིང་སྟེ།《དག་ཡིག་ཟ་མ་ཏོག་བཀོད་པ་》ལས། ཀ་ཅ་ནི་མཁོ་ཆས་ཀྱི་མིང་། ཞེས་གསུངས་སོ། །③《དག་ཡིག་ལེགས་བཤད་ཚིག་གཏེར་》(ཤ3ཕ16)ལས། ཀ་ཅ་ནི། ཅ་ལག་དང་ཡོ་བྱད་དང་དངོས་ཆས་ཀྱི་མིང་། ཞེས་གསུངས་སོ། །”[32]ཞེས་པ་ལྟ་བུས་ཤེས་པར་བྱ་དགོས་སོ། །《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་དཀར་ཆག་ལྟར་ན། རྗེ་དམུ་དགེ་བསམ་གཏན་གྱིས་མཛད་པའི་འགོ་བརྗོད་དང་། རྩོམ་སྒྲིག་པས་བྲིས་པའི་གླེང་གཞི། སྒྲིག་པ་པོས་བྲིས་པའི་སྒྲིག་སྟངས་གསལ་བཤད། མིང་གཞིའི་ཡི་གེ་ཀ་ནས་ཨའི་བར་གྱིས་དྲངས་པའི་བརྡ་དོན་རེ་རེའི་འགྲེལ་བཤད་དང་ཁུངས་ལུང་འབྲེལ་བའི་དཔེར་བརྗོད་སོགས། རྩོམ་སྒྲིག་པས་བྲིས་པའི་མཇུག་བྱང་། མཇུག་ཏུ་བཀོད་པའི་ལུང་རིགས་འཚོལ་བསྡུ་བྱ་སའི་མ་ཕྱི་ཡིག་ཆ་སོགས་རིམ་པ་བཞིན་དུ་གསལ་བར་འཁོད་དོ། །

གཅིག སྐད་ཡིག་ཞིབ་འཇུག་བྱ་བར་ཡིག་ཚང་གི་རིག་ཚན་རྒྱ་ཆེ་ཞིང་གྲངས་འབོར་ཆེ་བ་བཀོལ་བ། 

《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་ལུང་རིགས་འཚོལ་བསྡུ་བྱ་སའི་མ་ཕྱི་ཡིག་ཆའི་བསྡོམས་གྲངས་ཀྱི་ཆ་ནས་《བརྡ་དཀྲོལ་གསེར་གྱི་མེ་ལོང་》ཞེས་པ་རྩོམ་སྒྲིག་མཛད་པའི་ཐོག་མཐའ་བར་གསུམ་དུ་གོང་གི་མཁས་དབང་གཉིས་ཀྱིས་བརྡ་དཀྲོལ་བྱེད་ཚུལ་དང་དཔེར་བརྗོད་གང་ལའང་ལུང་ལྡན་ཁུངས་ཐུབ་དགོས་ཚུལ་སོགས་ཀྱི་བཀའ་གནང་བ་ལྟར་གྱི་དགོངས་དོན་གཞི་རྩར་བཟུང་བའི་ཐོག་ནས་ཇི་ལྟར་མཛད་ན།“གསུང་རབ་ཆུ་གཏེར་གླིང་ལ་ལེགས་དཔྱད་ནས། །”[33]ཞེས་པ་ལྟར། “མེས་པོ་གོང་མ་རྣམས་ཀྱི་རིན་ཐང་བྲལ་བའི་ཤུལ་བཞག་གནའ་དཔེ་ད་ལྟ་བཞུགས་པ་རྣམས་ཀྱི་ནང་ནས་རང་གི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པ་དག་ལས་བཏུས་”[34]ཞེས་བརྡ་དཀྲོལ་མཛད་པའི་གོ་དོན་དང་། ཁུངས་ལུང་། དཔེར་བརྗོད་དྲངས་པའི་ལུང་རིགས་འཚོལ་བསྡུ་བྱ་སའི་མ་ཕྱི་ཡིག་ཆ་དག་གི་བསྡོམས་གྲངས་ལ། པར་གཞི་དང་པོར་ཡིག་ཆ་ཁྱོན་351བཞུགས་པ་དང་། པར་གཞི་གཉིས་པར་ཡིག་ཆ་ཁྱོན་413བཞུགས། རིག་ཚན་སོ་སོར་དབྱེ་བའི་ཡིག་ཆའི་དབང་དུ་བཀའ་མདོ་རྒྱུད་སོགས་ཀྱི་ཡིག་ཆ་ལ་མདོ་དང་རྒྱུད་སྡེའི་ཡིག་ཆའི་སྐོར་དང་། དབུ་ཕར་འདུལ་མཛོད་ཚད་མ་སོགས་ཀྱི་ཡིག་ཆ་ལ་འདུལ་བ་དང་། མཛོད། དབུ་མ། ཕར་ཕྱིན། ཚད་མ་སོགས་ཀྱི་གཞུང་ཆེན་དག་གི་རྩ་འགྲེལ་དང་འགྲེལ་བཤད། སྤྱོད་འཇུག་ལམ་རིམ་བློ་སྦྱོང་སོགས་ཀྱི་ཡིག་ཆའི་སྐོར། རིག་གནས་ཆེ་ཆུང་སོགས་ཀྱི་ཡིག་ཆ་ལ་བཟོ་གསོ་སྒྲ་དང་མངོན་བརྗོད་ཟློས་གར་སྡེབ་སྦྱོར་སྙན་ངག་སོགས་ཀྱི་ཡིག་ཆའི་སྐོར། བོད་སྐད་ཀྱི་བརྡ་དག་སོགས་ཀྱི་ཡིག་ཆ་ལ་སུམ་རྟགས་དག་གསུམ་དང་། སྒྲ་སྦྱོར་བམ་གཉིས། བརྡ་གསར་རྙིང་། ཡི་གེའི་རྣམ་བཤད་སོགས་ཀྱི་ཡིག་ཆའི་སྐོར། གནའ་བོའི་ཡིག་རྙིང་སོགས་ཀྱི་ཡིག་ཆ་ལ་རྡོ་རིང་ཡི་གེ་དང་། ཏུན་ཧོང་གཏེར་ཡིག བྲག་བརྐོས། དྲིལ་བུའི་ཁ་བྱང་། ཁྲམ་ཤིང་། ཤོག་དྲིལ་སོགས་ཀྱི་ཡིག་ཆའི་སྐོར། རྩོམ་རིག་གི་བསྟན་བཅོས་སོགས་ཀྱི་ཡིག་ཆ་ལ་བསྟོད་རྩོམ་དང་། སྨོན་ལམ། བསྐུལ་འདེབས། གནའ་སྒྲུང་། འབེལ་གཏམ། མགུར་གླུ། གེ་སར་སྒྲུང་། སྤྲིངས་ཡིག འཕྲིན་ཡིག དཔེ་ཆོས་སོགས་ཀྱི་ཡིག་ཆའི་སྐོར། ལོ་རྒྱུས་སོགས་ཀྱི་ཡིག་ཆ་ལ་རྒྱལ་པོའི་བཀའ་ཆེམས་དང་། ཆོས་འབྱུང་། རྒྱལ་རབས། དེབ་ཐེར། ཡིག་ཚང་། ཐང་ཡིག གདུང་རབས། རུས་མཛོད། རྣམ་ཐར། སྐྱེས་རབས། རྟོགས་བརྗོད། འཁྲུངས་རབས། ལམ་ཡིག གཏེར་ཡིག་སོགས་ཀྱི་ཡིག་ཆའི་སྐོར། ལུགས་ཀྱི་བསྟན་བཅོས་སོགས་ཀྱི་ཡིག་ཆ་ལ་ལེགས་བཤད་དང་བསླབ་བྱ། ཞལ་གདམས། འདོད་བསྟན་སོགས་ཀྱི་ཡིག་ཆའི་སྐོར། དཀར་ཆག་སོགས་ཀྱི་ཡིག་ཆ་ལ་བཀའ་བསྟན་གྱི་དཀར་ཆག་དང་། གསུང་འབུམ་དཀར་ཆག་སོགས་ཀྱི་ཡིག་ཆའི་སྐོར། དྲིས་ལན་སོགས་ཀྱི་ཡིག་ཆ་ལ་དྲིས་ལན་དང་། ཞུས་ལན། གྲོས་འདེབས་སོགས་ཀྱི་ཡིག་ཆའི་སྐོར། ཆོས་བརྒྱུད་སོ་སོའི་ཡིག་ཆ་ལ་ས་དགེ་བཀའ་རྙིང་ཇོ་ནང་ཞི་བྱེད་བུ་ལུགས་དང་བོན་པོ་སོགས་ཀྱི་ཡིག་ཆའི་སྐོར། སྒྲུབ་ཐབས་སོགས་ཀྱི་ཡིག་ཆ་ལ་སྒྲུབ་ཐབས་དང་། ཆོ་ག གཟུངས་སྔགས། བསང་ཡིག་སོགས་ཀྱི་ཡིག་ཆའི་སྐོར། ཚིག་མཛོད་སོགས་ཀྱི་ཡིག་ཆ་ལ་ཆོས་ཀྱི་མིང་གི་རྣམ་གྲངས་དང་། བརྡ་དཀྲོལ། མིང་མཛོད། ཚིག་གཏེར། སྐད་གཉིས་ཤན་སྦྱར་སོགས་ཀྱི་ཡིག་ཆའི་སྐོར། མཁས་པའི་གསུང་འབུམ་སོགས་ཀྱི་ཡིག་ཆ་ལ་མཁས་གྲུབ་དང་ལོ་པཎ་སོ་སོའི་གསུང་འབུམ་མམ་བཀའ་འབུམ། གསུང་རྩོམ་ཕྱོགས་བསྒྲིགས་དང་གསུང་རྩོམ་ཐོར་བུ་སོགས་དང་། གཞན་བོད་དུ་དར་བའི་ཆོས་དང་རིག་གནས་ཀྱི་ཡིག་ཆ་ཕྱོགས་བསྒྲིགས་སོགས་ཀྱི་ཡིག་ཆ་བཞི་བརྒྱ་ལྷག་ནི་《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་པར་གཞི་དང་པོ་དང་གཉིས་པ་གང་ལྟར་ཀྱང་བརྡ་དོན་བཤད་པ་དང་། འགྲེལ་བཤད་ཁུངས་ལུང་། གསལ་བྱེད་དཔེར་བརྗོད་སོགས་དྲངས་པའི་ཡིག་ཆའི་ཁུངས་གཏུགས་སར་གྱུར་པ་ལ་རིག་ཚན་སྣ་མང་ཞིང་རྒྱ་ཆེ་བ། ཁུངས་ཐུབ་ཅིང་ཚད་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན་པར་སྣང་ངོ་། །

《བརྡ་དཀྲོལ་གསེར་གྱི་མེ་ལོང་》དུ་བརྡ་དོན་བཤད་པ་དང་འགྲེལ་བཤད་ཁུངས་ལུང་། གསལ་བྱེད་དཔེར་བརྗོད་སོགས་ཀྱི་སྐབས་སུ་ཟུར་ལྟའི་ཡིག་ཆ་དག་བཀོལ་སྟངས་དཔེ་མཚོན་ཙམ་བཤད་ན། བརྡ་དོན་བཤད་པ་ལ་ཟུར་ལྟའི་ཡིག་ཆ་བཀོལ་བ་ནི། དཔེར་ན་གོ་ཁྲབ་ཅེས་པའི་བརྡ་དོན་ནི་《དག་ཡིག་ངག་སྒྲོན་》གྱི་ཡང་འགྲེལ་གྱི་ཚིག་དྲངས་པ་ལ། “གོ་ཁྲབ་ནི། གོ་ཆའམ་མཚོན་སྐྱོབ་བྱེད་ལ་གོ །”[35]ཞེས་བརྡ་དོན་བཤད་པར་ཐད་ཀར་《དག་ཡིག་ངག་སྒྲོན་》ཡང་འགྲེལ་གྱི་ལུང་ཚིག་བཀོལ་ནས་གསལ་བར་བཤད་པ་དང་། འགྲེལ་བཤད་ཁུངས་ལུང་ལ་ཟུར་ལྟའི་ཡིག་ཆ་བཀོལ་བ་ནི། དཔེར་ན་གོ་རྒྱ་བཀྲམས་པ་ཞེས་པ་ནི་མི་མང་པོ་ཕྱོགས་བཞིར་ཆེད་མངགས་ཀྱིས་འཚོལ་དུ་འཇུག་པའི་དོན་གྱི་འགྲེལ་བཤད་ཀྱི་ཁུངས་ལ་《དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ་》ཞེས་པའི་ཚིག་ཇི་བཞིན་དྲངས་ནས་གསལ་བར་བྱེད་པ་ལ། “གོ་རྒྱ་བཀྲམས་པ་ནི་མི་མང་པོ་ཕྱོགས་ཕྱོགས་སུ་བགོ་བཤའ་བྱས་ཏེ་བཀྲམས་ནས་འཚོལ་དུ་བཅུག་ཅེས་པའོ། །ཞེས་གསུངས་སོ། །”[36]ཞེས་པ། གསལ་བྱེད་དཔེར་བརྗོད་དུ་ཟུར་ལྟའི་ཡིག་ཆ་བཀོལ་བ་ནི། དཔེར་ན་གོ་བགྱིས་ཞེས་པའི་བརྡ་དོན་གསལ་བྱེད་ཀྱི་དཔེར་བརྗོད་དུ་《ཆོས་འབྱུང་མཁས་པའི་དགའ་སྟོན་》གྱི་ཚིག་དྲངས་པ་ལ། “ང་ཡི་གོ་བགྱིས་རྒྱལ་སར་བཏོན། །སྲས་ཀྱི་གོ་བགྱིས་ཡབ་ཀྱི་སྐུ་མཚལ་གཉེར། །ཞེས་པ་ལྟ་བུའོ། །”[37]ཞེས་པ་སོགས་ཀྱིས་ཤེས་སོ། །

གཞན་ཡང་བརྡ་ཆད་ཀྱི་ཁྱད་པར་འབྱེད་པའི་འགྲེལ་བཤད་དུ་དཔྱད་གཞིའི་ཡིག་ཆའི་ལུང་ཚིག་བཀོལ་བ་ནི། དཔེར་ན་བོན་པོ་དང་བན་དེ་ཞེས་པར་“བོད་དུ་དར་བའི་ཆོས་ལ་བོན་པོ་དང་བན་དེ་གཉིས་ཡོད་པ་ནི་”[38]ཞེས་བན་བོན་གཉིས་སུ་དབྱེ་བའི་རྣམ་གྲངས་ཙམ་གྱིས་དྲངས་ཏེ་བརྡ་ཆད་དེ་གཉིས་ཀྱི་ཁྱད་པར་བཤད་པ་ལ་སྒྲུབ་བྱེད་དུ་རྗེ་དམུ་དགེ་བསམ་གཏན་གྱི་གསུང་དྲངས་ཏེ། “སྤྱིར་བོད་དུ་དར་བའི་ཆོས་ལ་བོན་པོ་དང་། བན་དེ་གཉིས། བན་དེ་ལ་རྙིང་མ་བ་དང་གསར་མ་བ་གཉིས། གསར་མ་ལ། བཀའ་གདམས་པ། བཀའ་བརྒྱུད་པ། ཞི་བྱེད་པ། ས་སྐྱ་པ། ཇོ་ནང་པ། དགེ་ལུགས་པ་སྟེ་དྲུག་ཡོད། ཅེས་གསུངས་སོ། །”[39]ཞེས་པ་ལྟ་བུ་ལས། སྤྱིར་བན་བོན་དང་ཁྱད་པར་དུ་བན་དེ་ལ་གསར་རྙིང་གི་ཁྱད་པར་བཤད་པའི་བརྡ་ཆད་འགྲེལ་སྟངས་ནི་ཁྱད་པར་བ་ཞིག་ཏུ་སྣང་བར་སེམས་སོ། །

གཉིས། སྐད་ཡིག་རྒྱུན་འཛིན་བྱ་བར་བརྡ་ཆད་ཤེས་གལ་ཆེ་ཚུལ་དང་མཁས་པས་གདེང་འཇོག་མཛད་པ།

དེབ་འདིའི་འགོ་བརྗོད་དུ་རྗེ་དམུ་དགེ་བསམ་གཏན་གྱིས་བྲིས་པའི་གསུང་གི་ཚིག་རིས་དག་ལ་བརྟེན་ནས་བརྡ་དཀྲོལ་གྱི་སྐད་བརྡའི་ཡིག་ཚང་གི་དོན་སྙིང་སོགས་ཞུ་བ་ལ། “འབུམ་ཕྲག་བརྗོད་བྱ་རྗོད་བྱེད་འདབ་བརྒྱའི་ཚལ། །”[40]ཞེས་པའི་ཚིག་དག་གིས་ཤིས་པར་བརྗོད་པས་དྲངས་ཏེ་མིང་གི་བརྡ་ཁྱད་ཤེས་དགོས་པ་གལ་ཆེ་ཚུལ་ལ། “འདིར་བརྗོད་པར་བྱ་བ་ནི། སྤྱིར་གཞུང་ལུགས་དག་ལ་ལྟ་ཞིང་སྦྱང་བར་བྱེད་པ་ལ་མིང་གི་བརྡ་ཁྱད་ཤེས་པ་གལ་ཆེ་སྟེ།”[41]ཞེས་གསུངས་པས་ཤེས་ཤིང་། མིང་གི་བརྡ་ཁྱད་མ་ཤེས་པའི་སྐྱོན་ལ། “བརྡ་སྐད་མ་ཤེས་ན་བརྗོད་བྱའི་དོན་ག་ལ་ཤེས།”[42]ཞེས་གསུངས་པ་སྟེ། བརྗོད་བྱའི་དོན་ནི་བརྡ་སྐད་སོགས་ལ་བརྟེན་ནས་ཤེས་དགོས་ཕྱིར། བརྡ་སྐད་སོགས་མ་ཤེས་ན་བརྗོད་བྱའི་དོན་ཡང་དག་པ་དང་ཆ་ཚང་བ་ཞིག་ཤེས་པར་མི་འགྱུར་རོ། །

གནད་དོན་གང་འདྲ་ཞིག་ལ་ཐུག་ཡོད་སྙམ་ན། “དེས་ན་མིང་བརྡའི་འཇུག་པ་ཤེས་པ་ཤིན་ཏུ་གལ་ཆེ་མོད།”[43]ཅེས་པ་ལ། རྗེ་དམུ་དགེ་བསམ་གཏན་གྱིས་ཨ་ལག་ཤས་མཛད་པའི་བརྡ་གསར་རྙིང་གི་བསྟན་བཅོས་ཀྱི་ཚིག་དྲངས་ནས་སྔོན་བྱོན་མཁས་པས་མཛད་པའི་བརྡ་དག་གི་རྣམ་བཞག་བཤད་པའི་བསྟན་བཅོས་ཀྱི་གནས་ཚུལ་ལ། “གངས་ཅན་མིང་བརྡའི་འཇུག་པ་མཐའ་ཡས་ཕྱིར། །སྔོན་བྱོན་མཁས་པས་དག་ཡིག་བརྡའི་བསྟན་བཅོས། །ཐོར་བུ་དོན་བསྡུས་ལ་སོགས་མཛད་ན་ཡང་། །”[44]ཞེས་གསུངས་པ་ལྟར། “སྔོན་བྱོན་མཁས་པ་དག་གིས་མཛད་པའི་བརྡ་དཀྲོལ་ཐོར་བུ་འགའ་དང་། དག་ཡིག་རྒྱས་བསྡུས་འགའ་མཆིས་ནའང་།”[45]ཞེས་གསུངས་པའི་དགོངས་དོན་ལ་གཞིགས་ན། སྔོན་གྱི་བརྡ་དཀྲོལ་གྱི་བསྟན་བཅོས་རྣམས་ལ་གནད་དོན་གང་དག་མཆིས་སྙམ་ན། “འགའ་ཞིག་ཏུ་ཉུང་ངུ་ཙམ་ལས་མེད་པ་དང་། འགའ་ཞིག་ཏུ་འགྲེལ་པ་མི་གསལ་ཞིང་དཔེར་བརྗོད་མེད་གཤིས།”[46]ཞེས་པ་ལྟར། སྔོན་བྱོན་མཁས་པ་རྣམས་ཀྱིས་མཛད་པའི་བརྡ་དཀྲོལ་གྱི་བསྟན་བཅོས་རེ་འགའ་ཡོད་པ་ལས་བརྡ་གསར་རྙིང་གི་བསྟན་བཅོས་མཛད་པ་ནི་ཉུང་ངུ་ལས་མེད་པ་དང་གཅིགརེ་གཉིས་ཡོད་ཀྱང་བརྡ་དོན་གྱི་འགྲེལ་བཤད་སོགས་མི་གསལ་བ་དང་གཉིས། ལ་ལ་ཞིག་ནི་མཁས་གྲུབ་ལོ་པཎ་རེ་ཟུང་གིས་གཞུང་ཆེན་དང་གནའ་བོའི་ཡིག་རྙིང་དག་ལ་གཟིགས་ཚེ། དེ་དག་ལས་བྱུང་བའི་བརྡ་དོན་ཁྱད་པར་བ་འགའ་ལ་འགྲེལ་མཆན་བཏབ་པའམ་ཡང་ན་གསལ་བཤད་སོགས་མཛད་པ་ནི་ཟིན་ཐོ་ཙམ་དུ་བྲིས་པ་ལས་ནང་དོན་དང་སྒྲིག་སྟངས་སྒྲིག་རིམ་སོགས་གང་གི་ཆ་ནས་བལྟས་ཀྱང་བརྡ་དཀྲོལ་གྱི་བསྟན་བཅོས་འགོ་མཇུག་ཡོད་པ་ཞིག་མིན་པར་གསལ་བ་དང་གསུམ། ཡང་ལ་ལར་བརྡ་དཀྲོལ་མཛད་པ་ལ་འགྲེལ་བཤད་སོགས་ཕྲན་བུ་ཡོད་ཀྱང་བརྡ་དོན་གྱི་གསལ་བྱེད་དུ་གྱུར་པའི་ལུང་ཚིག་གི་ཁུངས་དང་འབྲེལ་བའི་དཔེར་བརྗོད་ཚད་ལྡན་ཞིག་མེད་པ་དང་བཞི་སོགས་ཀྱི་གནད་དོན་ཡོད་པ་གསལ་བས་སོ། །

ད་ལྟའི་དུས་རབས་ཀྱི་དགོས་པ་ལ། “དེང་དུས་ཀྱི་གསར་བུ་དག་ལ་བརྡ་དཀྲོལ་རྒྱས་པ་མཁོ་ཆེའོ། །”[47]ཞེས་པས་དུས་རབས་གསར་པར་ཕྱོགས་པའི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་བརྡ་དག་གི་སྒྲ་དོན་གོ་དཀའ་བ་དང་འགྲེལ་དཀའ་བ་ཅུང་མང་བའི་གནའ་བོའི་ཡིག་རྙིང་སོགས་ལ་རྟོག་ཞིབ་བྱ་བར་འཇུག་པའི་ལས་དང་པོ་བ་རྣམས་ཀྱིས་སློབ་སྦྱོང་དང་ཞིབ་འཇུག་བྱ་བར་སྐོམ་པ་ཆུ་འདོད་ལྟར་ཉེ་བར་མཁོ་གལ་ཆེ་བའི་བརྡ་དཀྲོལ་རྒྱས་པ་ཞིག་དགོས་པའི་དགོངས་གཞི་བསྟན་པ་དང་། ཁྱད་པར་གྱི་དགོས་པ་གང་ལ་དམིགས་ནས་བརྡ་དཀྲོལ་འདི་རྩོམ་སྒྲིག་མཛད་ནས་སྤེལ་བ་ཡིན་སྙམ་ན། “གསར་རྙིང་བརྡ་ཡི་ཐ་སྙད་གོ་དཀའ་རྣམས། །”[48]ཞེས་པའི་ཚིག་དག་གིས་ཤེས་དགོས་ཏེ། གཞུང་ཆེན་པོ་དང་གནའ་བོའི་ཡིག་རྙིང་དག་ཏུ་སྣང་བའི་བརྡ་གསར་རྙིང་གི་ཐ་སྙད་བྱུང་བ་ལ་ཚིག་དོན་གཉིས་ཆ་ནས་གོ་དཀའ་བ་ཅི་རིགས་བྱུང་བ་རྣམས་ནི། གོ་དོན་གྱི་གནད་རྟོགས་པ་ལ་ཁུངས་ལུང་འཛིན་ས་མེད་པར་འོལ་ཚོད་དེ་གདེང་ཚོད་མེད་པར་མུན་ནག་མདའ་འཕེན་ལྟ་བུ་མི་དགོས་པར་བྱ་བའི་ཐབས་སུ། འཁྲུགས་པ་རྣམས་བསྡེབས་པ་སྟེ་གཞུང་ཆེན་དང་གནའ་བོའི་ཡིག་རྙིང་རྣམས་སུ་ཁ་ཐོར་བའི་བརྡ་ཁྱད་རྣམས་ནི་ཚད་ལྡན་གཞུང་ཆེན་དང་ཡིག་ཆ་དག་ལས་བཏུས་ནས་ཕྱོགས་གཅིག་ཏུ་བསྡེབས་ཤིང་བསྡོམས་པར་བྱས་པའི་ལེགས་པར་བཤད་པ་ལ་《བརྡ་དཀྲོལ་གསེར་གྱི་མེ་ལོང་》འདི་སྤེལ་བའི་ཚུལ་གྱིས་གང་གི་དགོས་པར་ཇི་ལྟར་རྩོམ་སྒྲིག་མཛད་པའི་ཡོན་ཏན་བརྗོད་པ་ལ་གོ་དགོས་སོ། །

《བརྡ་དཀྲོལ་གསེར་གྱི་མེ་ལོང་》ནི་རིག་གཞུང་སྤྱི་དང་བྱེ་བྲག་ཏུ་བརྡ་གསར་རྙིང་གི་སྒྲ་དོན་དང་བརྡ་ཁྱད་སོགས་ལ་དབྱེ་ཞིབ་དང་དཔྱད་བསྡུར་བྱེད་པར་དོན་སྙིང་དང་ནུས་པ་སོགས་ལྡན་པའི་ཚུལ་ལ་གདེང་འཇོག་མཛད་པ་ནི། དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་རྗེ་དམུ་དགེ་བསམ་གཏན་གྱིས་《བརྡ་དཀྲོལ་གསེར་གྱི་མེ་ལོང་》རྩོམ་སྒྲིག་བྱ་བར་བསྐུལ་བསྔགས་ཆེན་པོ་མཛད་པའི་ཚུལ་ནི་གོང་དུ་ཞུས་ཟིན་པས་མཚོན་ཐུབ་པ་དང་། གཞན་འཕྲིན་ལས་དཔལ་འབྱོར་གྱིས་གསུངས་པའི་དྲིས་ལན་དུ་《བརྡ་དཀྲོལ་གསེར་གྱི་མེ་ལོང་》ལ་སློབ་སྦྱོང་བྱས་ན་མྱུར་དུ་རྟོགས་པར་འགྱུར་བའི་ཚུལ་ལ་བསྐུལ་མ་མཛད་པ་ལའང་། “དེང་དུས་རྩོམ་བསྒྲིགས་བྱས་པའི་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་《བརྡ་དཀྲོལ་གསེར་གྱི་མེ་ལོང་》སོགས་ཡོད་པས་དེ་དག་ལ་བལྟས་ནས་སློབ་སྦྱོང་བྱས་ན་མྱུར་དུ་རྟོགས་ཐུབ་པའི་དགེ་མཚན་ཡོད་དོ། །”[49]ཞེས་པ་དང་། དུས་ཕྱིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་ཞུས་པ་ཆེན་པོ་དགེ་འདུན་གྱིས་ཀྱང་《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་རིན་ཐང་སོགས་ལ་གདེང་འཇོག་ཇི་ལྟར་མཛད་ན། “ཡིག་འབྲུ་ཁྲི་བརྒྱ་ཙམ་ཡོད་པའི་ཚིག་མཛོད་དེ་ནི་སྟོང་ཆ་གསབ་པའི་བྱས་རྗེས་ཅན་ཞིག་ཡིན་པ་དང་། དེ་ནི་བོད་རིག་པ་ཞིབ་འཇུག་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་རེད།”[50]ཅེས་གསུངས་པ་སོགས་ཀྱི་གསུང་དག་གིས་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་མཛད་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་》གིས་སྤྱིར་བོད་ཀྱི་རིག་གནས་ཀྱི་བརྗོད་བྱ་སོགས་དང་ཁྱད་པར་དུ་བོད་སྐད་ཀྱི་བརྡ་དག་གི་སྒྲ་དོན་འགྲེལ་བཤད་བྱ་བའི་ཕྱོགས་ལ་ཁ་བསྐངས་ཤིང་ཟུར་བརྒྱན་པའི་གྲུབ་འབྲས་ལ་བསྔགས་བརྗོད་མཛད་དོ། །

བོད་ཀྱི་སྐད་ཡིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལས་བྱུང་བའི་བརྡ་གསར་རྙིང་དང་དག་ཡིག་སོགས་སྨྲ་བའི་ལོ་རྒྱུས་སུ་བརྡ་དོན་ཁྱད་པར་བ་དང་བརྡ་གསར་རྙིང་གི་རྣམ་བཞག་བཤད་པའི་བསྟན་བཅོས་ཆེ་ཆུང་དང་རྒྱས་བསྡུས་སོགས་ཅི་རིགས་ཤིག་བྱུང་བའི་ཕྱོགས་ཙམ་ནི་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་པའི་《ཐུན་མིན་རིག་མཛོད་》ལས་དེབ་ཉེར་ལྔ་པ་སྟེ་《བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་》ལས་པོད་ཉེར་ལྔ་པ་བརྡ་གསར་རྙིང་སྐོར་[51]ཞེས་པའི་གླེགས་བམ་དུ་དབུས་པ་བློ་གསལ་སོགས་མཁས་པ་དག་གིས་མཛད་པའི་བརྡ་གསར་རྙིང་གི་རྣམ་བཞག་བཤད་པའི་བསྟན་བཅོས་བཞུགས་སུ་གསོལ་བ་བཀོད་པ་ལྟར་གསལ་མོད། བརྡ་གསར་རྙིང་གི་རྣམ་བཤད་ལ་ལ་ནི་ཚིག་དོན་གཉིས་ཆ་ནས་བསྡུས་ཤིང་ཉུང་ཆེ་བ་དང་། ལ་ལ་བརྡ་དོན་གྱི་འགྲེལ་བཤད་མི་གསལ་ཞིང་གོ་མི་བདེ་བ། དེ་དག་མང་ཆེ་བར་འགྲེལ་བཤད་དང་དཔེར་བརྗོད་ཀྱི་ཁུངས་ལུང་སོགས་འཁོད་མེད་ཅིང་བརྡ་དོན་གྱི་གོ་དོན་འཚམ་མིན་སོགས་ཀྱི་གནད་དོན་མང་པོ་སྣང་བ་ལ། དེ་ལས་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་སློབ་ཁྲིད་ཀྱི་དགོས་པ་དང་ཞིབ་འཇུག་གི་གྲུབ་འབྲས་སུ་རྩོམ་སྒྲིག་མཛད་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་》གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ། གཅིག་ནས་བརྡ་དཀྲོལ་ཚིག་མཛོད་དུ་བརྡ་རྙིང་ཡིན་མིན་ཇི་ལྟར་ཀྱང་ཐ་སྙད་གོ་དཀའ་བའམ་བརྡ་ཆད་ཁྱད་པར་བའི་བརྡ་དཀྲོལ་ཆིག་ཁྲི་བརྒྱད་སྟོང་ལྷག་བཞུགས་པས་ཐ་སྙད་ཀྱི་རྣམ་གྲངས་མང་བ་དང་། གཉིས་ནས་བརྡ་དཀྲོལ་གྱི་གོ་དོན་འགྲེལ་བཤད་དང་དཔེར་བརྗོད་སོགས་གསལ་བྱེད་ཀྱི་ལུང་རིགས་འཚོལ་བསྡུ་བྱ་སའི་མ་ཕྱི་ཡིག་ཆ་ལ་པར་གཞི་གཉིས་པ་ལྟར་ན་ཁྱོན་ཡིག་ཆ་413བཞུགས་པས་དཔྱད་གཞིའི་ཁུངས་ལུང་གི་ཡིག་ཆ་མང་བ། གསུམ་ནས་བརྡ་དཀྲོལ་གྱི་གོ་དོན་དང་ཁུངས་ལུང་། དཔེར་བརྗོད་སོགས་བཀའ་མདོ་རྒྱུད་རིག་གནས་གཙོས་པའི་ལོ་རྒྱུས་དང་དཀར་ཆག་སོགས་ཚད་ལྡན་ཡིག་ཆ་དག་གི་ལུང་ལྡན་ཁུངས་ཐུབ་ཀྱི་བསྟན་བཅོས་ཀྱི་མཚན་དང་པར་གཞི། ཤོག་ངོས་སོགས་གསལ་བར་བཀོད་པ། བཞི་ནས་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་རྗེ་དམུ་དགེ་བསམ་གཏན་གཉིས་ཀྱིས་སྔ་ཕྱིར་བརྡ་དཀྲོལ་གྱི་ཚིག་མཛོད་འདི་ལྟ་བུ་རྩོམ་སྒྲིག་བྱ་བའི་དགོས་པ་དང་གལ་ཆེ་ཚུལ་སོགས་ལ་བསྔགས་བརྗོད་དང་དགོངས་གཞི་ཆེན་པོ་བཏོན་གནང་བས་བསྟོད་བསྔགས་མཛད་པ། ལྔ་ནས་བརྡ་དཀྲོལ་མཛད་པའང་ཀ་མད་སུམ་ཅུའི་ཕྲེང་བ་ལྟར་ཚིག་མཛོད་སྤྱིའི་སྒྲིག་གཞི་གསལ་ཞིང་གོ་རིམ་ལྡན་པ། དྲུག་ནས་བརྡ་དོན་གྱི་འགྲེལ་བཤད་མཛད་པའི་ཚིག་སྦྱོར་ཁ་གསལ་གོ་བདེ་དང་། ཚིག་ཉུང་དོན་འདུས། སྒོས་སུ་བོད་ཀྱི་སྐད་ཡིག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་སུམ་རྟགས་དག་གསུམ་གྱི་དག་ཆ་དང་སྡེབ་སྦྱོར་མཐུན་པ། བདུན་ནས་བརྡ་དཀྲོལ་གྱི་རྩོམ་སྒྲིག་པར་གྱུར་པའི་བཙན་ལྷ་ངག་དབང་ཚུལ་ཁྲིམས་ནི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་བརྡ་གསར་རྙིང་དང་ཡིག་རྙིང་ཞིབ་འཇུག་ལ་ལྟ་རྒྱ་ཆེ་ཞིང་མཁྱེན་རྒྱ་ཡངས་པས་བརྡ་དཀྲོལ་གྱི་ཚིག་དོན་རྣམས་ནི་ཚད་ལྡན་གྱི་གསུང་དུ་སྣང་བ། བརྒྱད་ནས་བརྡ་དཀྲོལ་མཛད་པའི་ཚིག་དོན་གང་ལ་བལྟས་ན་བརྡ་དོན་ལོག་འགྲེལ་དང་། འགྲེལ་བཤད་ཁུངས་མེད། འབྲེལ་མེད་དཔེར་བརྗོད་སོགས་མེད་པས་ཁུངས་ཐུབ་ལུང་ལྡན་ཡིན་པ། དགུ་ནས་རྩོམ་སྒྲིག་པ་ཁོང་གིས་《བརྡ་དཀྲོལ་གསེར་གྱི་མེ་ལོང་》ཐོག་མར་རྩོམ་སྒྲིག་མཛད་པའི་འགོ་ཚུགས་པ་ནས་བཟུང་མཐར་ལེགས་པར་གྲུབ་པའི་བར་དུ་བོད་ཀྱི་སྐད་ཡིག་གཉིས་དང་རིག་གནས་སོགས་འཛིན་སྐྱོང་བྱ་བར་ལྷག་བསམ་དང་ནན་ཏན་སོགས་མཛད་པ་ལས་མཁས་འདོད་གྲགས་འདོད་སོགས་མེད་པས་མཛད་འཕྲིན་གྱི་ཀུན་སློང་དག་པ། བཅུ་ནས་པར་དུ་བསྐྲུན་པའི་བརྡ་དཀྲོལ་ཚིག་མཛོད་ཀྱི་པར་ངོས་གཙང་ཞིང་པར་སྤུས་ལེགས་པ། རྩོམ་སྒྲིག་འགན་འཁུར་པ་རྣམས་ཀྱིས་པར་གཞི་དང་པར་ངོས་ཀྱི་ཚིག་དོན་གཉིས་ཆ་ལ་ཞུ་དག་དཔྱིས་ཕྱིན་མཛད་འདུག་པས་པར་སྐྲུན་དང་ཞུ་དག་ཚད་ལྡན་ཡིན་པ་སོགས་ཀྱི་ཡོན་ཏན་དུ་མ་སྣང་བར་སེམས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号