འཇིག་རྟེན་གྱི་གཏིང་མཐའ་དཔོག་པ།

གཡེ་རུས་རྐང་། རྔ་བ།

(ཞར་བཀོད་གཅིག) 


དབུགས་ཀྱི་རྒྱུ་བ་འགག་པའི་སྐད་ཅིག་མའི་དུས་ཡུན།

སེམས་ཀྱིས་ཐེག་པར་དཀའ་བའི་ནམ་མཁའི་ཤུལ་ལམ་རིང་མོ་དེ་རེད།
གློ་བུར་དུས་ཚོད་ཀྱི་ཐག་སྒྲ་འཇགས་པ་དེ།
ཤིན་ཏུ་ཡང་བའི་ཚེ་སྲོག་ཅིག་ལ་རྫོགས་ཚིག་བཀོད་པ་དང་མཚུངས།
དུས་ཚོད་ཉེར་བཞི་ལ་གཟུགས་མེད་ཀྱི་ཚོར་བ་ཞིག་གིས་དེད།
སུན་སྣང་མཐའ་ཡས་པས་གཙེས་ཏེ།
སྐམ་རིད་དུ་གྱུར་པའི་རང་གི་གྲིབ་མའི་སྟེང་དུ་ཡང་ཡང་སྤོས།
སྐབས་རེར་སེམས་ཀྱི་ཟབ་སར་ལོག་ཅིང་།
སྐབས་རེར་བར་ཐག་རིང་དུ་བཞག་སྟེ་མི་ཚེ་མཇུག་རྫོགས་འགྲོ་བའི།
ཆ་མི་སྙོམ་པའི་གཞོན་ནུ་ཕོ་མོ་འགའི་སྣང་བའི་འགལ་འདུ།
མ་གཞི་ནས།
འཇིག་རྟེན་འདིར་གྱེས་བྲལ་ཞེས་པའི་མིང་ཡིག་ཅིག་མེད་ནའང་།
མི་རེ་རེའི་ངོ་གདོང་ལ་སྐྱོ་བ་བཙགས་བྱེད་ཀྱི་མེ་ལོང་རེ་མངོན་འདུག

སྐབས་ཤིག་ལ།

ལོ་རྒྱུས་ཀྱི་གས་སྲུབས་སུ།
ཡུན་རིང་ལ་ཆགས་པའི་ས་རྡུལ་དག་ཡར་འཁྲིགས་ཀྱིན་འདུག
ཉི་རྡུལ་བྱེ་བས་བཏེགས་པའི་ནམ་མཁའ་སྔོན་པོ་ཤིན་ཏུ་ཡངས་འདུག
དུས་ཚིགས་དག་རིམ་བཞིན་ཡལ་འགྲོ་བ།
རྣམ་ཤེས་ལ་སྐྱོ་གདུང་གི་བསིལ་བ་བྲན་པ་དང་ཤིན་ཏུ་མཚུངས།
རེ་སྒུག   ཐུག་འཕྲད   མ་འོངས་པ་ཞེས་པ་ཞིག་ཡོད་པས།
ངས་རང་གི་ཁེར་རྐྱང་ལ་བདེན་ཁ་བསྩལ་མ་མྱོང་།
འཆི་བ་ཡོད་པས་ལས་འབྲས་ཀྱི་མེ་ལོང་ཤིན་ཏུ་དག་འདུག
ཡིན་ཡང  འཇིག་རྟེན་བདེ་བའི་གནས་ཙམ་དཀོན་པས།
སྐད་ཅིག་ཙམ་གྱི་རིང་ལ།
མི་རྣམས་རང་རང་གི་རྨོངས་པའི་གྲིབ་གཟུགས་ནང་དུ་འགྱེལ་བཞིན་འདུག
ལུས་ངག་གི་སྨྲ་སྒོ་ཅི་རིགས་དབེན་པར་གཏོང་དགོས་བསམ་དུས།
གནས་གང་ཞིག་ནས།
རླུང་འཚུབ་ཅིག་ལྡང་སྟེ།
སེམས་ཁོང་དུ་གནས་པའི་ལྷིང་འཇགས་མེ་རུ་སྦར་སོང་།
ས་རུབ་ཁར ཕྱོགས་ཕྱོགས་ནས་མཆེད་འོང་བའི་མུན་པ་དག
ངའི་ནང་སེམས་དང་འབྲེལ་བ་ངེས་ཅན་ཞིག་མེད་ནའང་།

དོ་ནུབ  ངས་རང་གི་ལས་དབང་གི་ཁ་ཕྱོགས་དང་མཚུངས་འདུག་སྙམ།

དོ་ནུབ  ངས་མཐོང་སྣང་གི་ཁ་ཕྱོགས་ལ་དབྱེ་འབྱེད་ཤིན་ཏུ་དཀའ་འདུག


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号