མཐོང་སྣང་ཁྲོད་ཀྱི་རྒྱབ་གཟུགས།

བློ་བཟང་བསྟན་འཕེལ། མཚོ་བྱང་།

ཁ་ངོ་འཕྲད་ཚེ་རྒྱུས་ཡོད་ཆེ་བའི་ཉམས། །

ཟོལ་བྲལ་གཏམ་གྱི་སྦྱོར་བ་ཡི་གར་འོང་། །

བབ་ཆགས་གཤིས་ཀར་འཁྲེང་བ་མང་ན་ཡང་། །

བཟོ་ལྟ་མེད་པའི་འཛུམ་ཆུང་ཤིན་ཏུ་རྨད། །


མཚོ་མོ་དྭངས་ཤིང་རླབས་སྒྲ་རྣ་བར་སྙན། །

འགྲམ་ཉུལ་ཚེ་ན་སེམས་པ་ལྷག་པར་སྐྱིད། །

གོམས་འགྲོས་དེ་ཙམ་རྒྱུས་མངའ་མེད་ན་ཡང་། །

རླུང་གིས་སྐྱོད་པའི་སྐྲ་ལོ་ཉམས་དང་ལྡན། །


བར་བར་དགོད་འཛུམ་ཉམས་ལས་མེ་ཏོག་བཞད། །

ལན་རེར་ཚིག་གི་ཆར་བ་མར་མར་བབས། །

མ་བཅོས་སེམས་ལ་ཐོགས་པའི་ཕལ་བའི་སེམས། །

སྙིམ་པར་ལྷུང་བའི་འདབ་མ་མ་ཡིན་ནམ། །


མཇལ་ཡུན་ཐུང་བའི་ཉིན་ཞག་འདི་དག་ལས། །

ང་ནི་ཁྱོད་ཀྱི་པར་བ་ཁོ་ན་བྱས། །

པར་མིག་ལས་མཇལ་རྒྱབ་གཟུགས་དེ་དག་ལས། །

ཡིད་ངོགས་ཚིམས་པའི་ངང་ཚུལ་ཡང་ཡང་སྣང་། །


མི་ཚོགས་འདུ་འགོད་ཆེས་ཆེར་ཡོད་ན་ཡང་། །

ལྗོན་ཤིང་རྩེ་མོར་བྱིའུ་ཆུང་སྐད་སྙན་འབྱིན། །

ལྷ་ཡི་བྱིན་རླབས་ཚན་ཁ་མ་ཉམས་པའི། །

བྱ་ཁྱུང་དགོན་པར་མཇལ་བ་ཐེངས་འདིར་ཡིན། །


ལམ་གྱི་ངལ་བ་སེམས་ཀྱི་འདུན་མར་བསུས། །

རི་འདབས་སྨུག་པས་བསྐོར་ཞིང་ཆར་བ་བབས། །

ལམ་ཕྲན་ཀྱག་ཀྱོག་ལམ་སྣེ་རྒྱང་ལ་བཏེགས། །

ལྗོན་པའི་བསྟར་ཕྲེང་རི་མོ་ཅིས་ཀྱང་མཛེས། །


གཞུང་ལམ་དར་དཀར་མུ་ཁྱུད་རྒྱང་ལ་ཕྱོགས། །

ཆར་བ་ཟམ་ཟིམ་རི་བོ་བསྐོར་ནས་འོང་། །

ཞིང་ཚིགས་བར་ལ་ལོག་གར་མེ་ཏོག་འཁྲུངས། །

བསུང་ཞིམ་འཐུལ་བའི་དུས་ནི་བརྗེད་ཐབས་བྲལ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号