ཐོ།

ཀླུ་འབུམ་ཚེ་རིང་།

རོང་དུ་སྐྱེས་པའི་ངས་ནི་ཐོ་རྒྱུན་དུ་མཐོང་ན་ཡང་། སྐབས་རེར་ཞིང་བར་དུ་མགོ་བསྒུར་ཏེ་ཅི་ཞིག་ལ་མནོ་བསམ་གཏོང་བའམ་རྣམ་རིག་གང་ཞིག་ལ་ཡན་ཏེ་འགྲོ་སྐབས་ཞིང་ནང་ནས་ཐོ་ཡོར་ཞིག་གློ་བུར་དུ་མིག་ལམ་དུ་མངོན་འོང་དུས་མི་ཞིག་ལ་ཕྲད་པ་ལྟར་ང་རང་ཧད་དེ་གཏོང་ཞིང་། ལྷག་ཏུ་དགོང་ཁར་རྒྱང་མིག་ཆད་ལ་ཉེ་ཞིང་མཐོང་ལམ་མག་མོག་གི་སྐབས་སུ་གང་ཞིག་ལ་སོང་སྟེ་ཕྱིར་ལྡོག་པའམ་གཅིག་པུས་ཟོག་དེད་དེ་འོང་སྐབས་མདུན་ཕྱོགས་ཀྱི་ཞིང་གི་མཐའ་སྣེ་རུ་འགྲེང་བའི་གདོས་ཆེན་པོ་དེ་གློ་རྡེག་ཏུ་ནག་ཡོར་ཡོར་དང་བཅས་མངོན་པར་ང་རང་དངངས་སྐྲག་ཅིག་གིས་ལུས་ཀྱི་སྤུ་ལོང་དབང་མེད་དུ་གཡོ་བར་བྱེད་པར་མ་ཟད། སྙིང་ཆུང་ངའི་མགོ་སྐྲ་གྱེན་དུ་ཕྱོགས་ཤིང་ཁ་ནས་སྐད་ངན་ཡང་འཆོར་ལ་ཁད་བྱེད། ཡིན་ན་ཡང་དེ་ནི་སེམས་ཅན་མ་ཡིན། སྲོག་ཆགས་ཀྱང་མ་ཡིན། གྲིམ་ཐོ་འབའ་ཞིག་ཡིན་པ་ཤེས་རྗེས་གཞི་ནས་བློ་བདེ་ནས་དབུགས་དབྱུང་བྱུང་། ལྟོ་རྒྱབ་རྨོ་ཞིང་ལ་བརྟེན་པའི་ཞིང་བ་ཚོས་ལོ་སྐྱེས་པའི་ཞིང་ལ་མི་གནོད་པའི་ཆེད་དུ། སྡོང་བོའི་ཡལ་ག་འགའ་ཕར་བསྣོལ་ཚུར་བསྣོལ་གྱིས་མི་གཟུགས་སུ་རྐང་ལག་བཞི་རྒྱོང་བྱས་ཤིང་། ཐོག་ལ་རས་ཚར་དང་གྱོན་པ་རྙང་རྙིང་སོགས་ཀྱིས་གཡོགས་ཏེ་གནོད་བྱེད་ཀྱི་གྲིམ་པ་དང་འཕྱི་བ་སོགས་ལ་སྐྲག་སློང་བྱེད་དུ་ཐོ་ཞིག་དེ་ལྟར་ཞིང་དཀྱིལ་ལམ་ཞིང་མཐའ་རུ་སློང་གིན་ཡོད། སྡོང་བོའི་ཡལ་ག་དམ་དུམ་དང་ཧྲལ་ཧྲུལ་གོས་གྱིས་གྲུབ་པ་ཙམ་ལས་སྲོག་དང་དབུགས་ཀྱིས་ཡོངས་སུ་གཏོང་བའི་གསོབ་གཟུགས་འདི་ཙམ་གྱིས་ཀྱང་རྩྭ་གཟན་དེ་དག་སྤ་བཀོང་བར་བྱེད་ཅིང་། རྨོ་ཞིང་སྲུང་བར་གོ་མི་ཆུང་བ་ཞིག་ཆོད་ཀྱི་ཡོད་དེ། གལ་ཏེ་ཞིང་བ་ཞིག་གིས་ངེད་ཚང་གི་ཞིང་གྲིམ་པས་ཟོས་སོང་ཞེས་གླེངས་ན། ཉམས་མྱོང་ཅན་གྱི་ཞིང་བ་གཞན་དེས་དེ་ལ་ཁྱོད་ཀྱིས་ཞིང་ནང་དུ་ཐོ་མ་བསླངས་སམ། ཐོ་བསླངས་ཚེ་དེས་གནོད་བསྐྱལ་མི་ཐུབ་ཅེས་སྨྲས་ཏེ་ཐབས་དང་བཀོད་པ་སློབ། ཞིང་བ་ཚོས་སྔོན་ཞིག་ནས་དེ་ལྟར་གཅིག་གིས་གཅིག་ལ་བསླབས་ཏེ་ལོ་ཏོག་སྐྱེས་པའི་དཔྱིད་ཁར་ཞིང་ཁར་ཐོ་སློང་རྒྱུ་ནི་སྲོལ་ཞིག་ཏུ་ཆགས་འདུག ཐོ་དེར་རྒྱང་ནས་བལྟས་ཚེ་དངོས་གནས་མི་ཞིག་ཞིང་མཐའ་རུ་འགྲེང་སྟེ་སོ་བ་བྱེད་པ་དང་ཀུན་ནས་མཚུངས་པས། འཇབ་ཀྱིན་འོང་བའི་རྩྭ་གཟན་གྲིམ་པའམ་འཕྱི་བས་མཐོང་མ་ཐག་མུ་མཐུད་དུ་ལྗང་མྱུག་སྐྱེས་པའི་ཞིང་དུ་འདུད་རྒྱུ་ལྟ་ཅི། རྔ་མ་ཤལ་ལེར་འབྲོ་བར་ཐེ་མི་ཚོམ་སྟེ། སྐབས་རེར་ང་ཚོ་མི་ཡིས་ཀྱང་ཐོ་དེ་དག་སྲོག་ལྡན་སྟོབས་ཆེན་ཞིག་ཏུ་འཁྲུལ་ཏེ་སེམས་ལ་རྣམ་རྟོག་ཅི་རིགས་བསླངས་པ་མིན་ནམ།

ཞིང་བ་ཚོ་སོ་ནམ་ལས་ལ་མཁས་པར་མ་ཟད། རང་གི་ལག་བདར་བ་ལས་བྱུང་བའི་ཉེ་འགྲམ་གྱི་བྱ་དངོས་དག་ཀྱང་དུས་ཐོག་ཏུ་ལག་ལས་ཀའི་ཁྲོད་དུ་དཔེ་རུ་སྤྱོད་པར་ཡང་ཤིན་ཏུ་མཁས། བལྟས་ཤོམ་ཆེ་ལ་བརྗིད་པོ་འདྲ་ཡིན་པ་གང་གིས་ལས་ཀ་གང་ཞིག་ལག་ནས་མ་འཁྱོངས་པའམ་སྒྲུབ་པར་མ་ནུས་ན་དེ་ལ་མི་ཚོས་དངོས་གནས་ཐོ་ཞིག་བསླངས་པ་ཁོ་ན་རེད་ཅེས་སྐྱོན་བརྗོད་དེ། མི་ཞིག་ཡིན་ཚེ་མིག་ལ་བརྗིད་ཅིང་རྫིག་པ་ཙམ་གྱིས་མི་ཆོག་པར་དེའི་ཚོད་ཀྱི་ནུས་པ་དགོས་ལུགས་སྟོན། ཁྱོད་ལ་ནི་མི་ཤེས་མོད། ང་ནི་ཞིང་ཁར་བསླངས་པའི་སྐྲག་སློང་བྱེད་ཀྱི་ཐོ་དང་མཚུངས་པའི་རིགས་ལ་ཕྲད་མྱོང་སྟེ། སྐབས་རེར་ཁྲ་ཁྲ་མ་ཁྲའི་སྤྱི་ཚོགས་ཀྱི་གྲུ་ཟུར་གང་རུང་དུ་འདི་དག་དང་གཟུར་མེད་གཡོལ་མེད་དུ་འཕྲད་འོང་། རྒྱུས་མེད་པའམ་རྟིང་མ་ལོན་པ་དང་ཐོག་མར་འཕྲད་སྐབས། མི་དེས་ཁྲོམ་ཆེན་ཟིལ་གནོན་གྱི་སྐད་ཆ་རྔམ་ཟིལ་ཆེ་བ་རེ་ལབ་འོང་སྐབས། ང་རང་ཧ་ལས་ཤིང་མཚར་སྣང་དང་ཡིད་སྨོན་ཞིག་གིས་མིག་ནི་དེའི་ཁ་ནང་དུ་དབང་མེད་དུ་འཆོར་འགྲོ་ལ། ཐོག་མའི་བག་ཆགས་སུ་ཁོ་ནི་རྒྱ་ཁ་ན་ལྕི་བའི་མི་དོན་པོ་ཞིག་དང་། འདིའི་གསེང་ན་བུ་རྟགས་ཤིག་དང་ཕུགས་ན་ནོར་བུ་ཞིག་ཅིས་ཀྱང་ལོས་ཡོད་སྙམ་པའི་འཇིགས་པ་ཞིག་ཀྱང་ངང་གིས་སྐྱེ་བར་བྱེད། མི་འདི་རིགས་ཀྱིས་རང་དང་མཉམ་པའམ་རང་ལས་འཕགས་པ་དག་སྨོས་ཅི། སྐབས་རེར་གཡག་གི་སྙིང་ཁམས་ཆེར་བསྐྱེད་དེ་སྨྲ་བྱེད་ཀྱི་ཁ་སྒོ་རྒྱ་ཡན་དུ་བཏང་སྟེ། ཞབས་ཀྱི་རྗེས་ལ་གསེར་གྱི་འོད་འཚེར་བའི་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ལ་ཡང་མཆིལ་ཟེགས་ཐར་ཐོར་དང་བཅས་འཛེམ་བག་མེད་པར་རྨ་འབྱིན་དང་སུན་འབྱིན་བྱེད་ཚེ། ང་ཡི་ཤ་གསེང་རུས་གསེང་སྦྲིད་འདར་བརྒྱབ་པའང་ཐེངས་གཅིག་ག་ལ་ཡིན། འོན་ཏེ་རྒྱུས་ལོན་ཞིང་ཁོའི་ཡང་ལྕི་དངོས་སུ་རྒྱ་མར་གཞལ། ཁོའི་ལག་རྗེས་དང་གྲུབ་འབྲས་ཅི་ཡོད་མངོན་སུམ་མིག་གིས་མཐོང་ཚེ། དོན་ལ་ཁོ་ནི་བལ་ཞིག་གི་ཡང་ལས་རྡོ་ཞིག་གི་ལྕི་མི་འདུག་ཨང་ཞེས་ཡི་མུག་པ་མ་ཟད། རང་ཉིད་དེའི་གཡོ་འོག་ཏུ་ཚུད་ལྟའི་ཞེ་སྡང་ཞིག་ཀྱང་སྐྱེ་འོང་། གྲིམ་ཐོ་ལྟ་བུའི་མི་འདི་རིགས་ལ་ང་ཚོ་མི་དགའ་ལ་ཡི་ག་འཆུས་པའི་ཟས་བཞིན་དེ་ལ་སེམས་ཀྱང་མི་འགྲོ་མོད། ངན་གྱི་ཕྱོགས་ནི་ལྡུམ་བུ་རེག་འབྱར་བཞིན་ཐུག་ཙམ་གྱིས་འགོ་སླ་བས། ལྷིང་པོ་མིན་ཞིང་ཚུགས་ཐུབ་ཀྱི་གཤིས་ཀ་མེད་པའི་རིག་རྟུལ་ང་ལའང་ཐོ་འདི་རིགས་ཀྱི་གྲིབ་ཕོག་སྟེ། སྐབས་རེར་རང་གིས་ཀྱང་གཡམ་རྒྱུགས་དང་རང་ཚོད་མ་ཟིན་པར་གཞན་གྱི་གྲུབ་འབྲས་ལ་དཔྱད་འཇོག་ཅི་དགར་བྱེད་ཅིང་། ཅང་མེད་སྤྲང་པོས་འབྱོར་ལྡན་ཕྱུག་པོ་ལ་འཕྱ་བའི་རྣམ་ཐར་སྐྱོང་མོད། རང་བློ་རང་ལ་ལྐོག་ཏུ་མ་གྱུར་ཞིང་། རང་རྒྱུས་རང་ལ་མེད་པ་ཡང་མིན་པས། ཁ་ནས་འུར་བ་དེ་འདྲ་ཞིག་ལག་ནས་མི་འཁྱོངས་པ་ལ། མཐར་ཐུག་ན་རང་ཉིད་ཀྱང་གཞན་གྱི་མིག་མདུན་དུ་གཡོ་གཡོ་དང་ནང་སྙིང་གིས་སྟོང་བའི་གསོབ་གཟུགས་ཙམ་སྟེ། རོང་གི་ཞིང་ཁ་ན་བསླངས་པའི་གྲིམ་ཐོ་ཞིག་དང་ཁྱད་ཅི། དེ་བས་སྨྲ་བ་བསྐྱུངས་ཤིང་བག་ཡོད་པར་བྱས་ཏེ་དོན་དུ་གཉེར་བ་གང་ལ་འབད་པས་ཞུགས་ན་ཡག་ཐོག་རྒྱན་བརྩེགས་ཏེ། དེ་ལས་ལྡོག་ན་ནི་ནམ་ཞིག་ཆར་རླུང་མ་ཐེག་པར་ས་ལ་འགྱེལ་བའི་གྲིམ་ཐོ་ཉིད་དེ། མཐར་སྐྲག་སློང་བྱེད་ཙམ་ལ་ཡང་མི་མཛའ་ཞེས་རང་གིས་རང་ལ་གསལ་བཏབ་བོ། །

2024ལོའི་ཟླ4པའི་ཚེས30ཉིན་ཕ་ཡུལ་དུ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号