ལམ་བྲོ།

བྱ་གཞུང་སྐལ་ལོ། 

སྔོན་མའི་དུས་ནས་འོ་ཅག་ཚང་ནི་རྟ་འདོ་བའི་བང་ཁ་རླུང་ལ་འགྲན་ནས་ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ་བྱས་ནས་འོངས་ཤིང་། ལམ་སྐྱ་མོ་གཡས་གཟུར་གཡོན་བཤགས་བྱས་ནས་རྒྱུགས་གོམ་པ་གློག་ཞགས་མྱུར་ཡིན་ཟེར་ན་རྣར་ཨེ་འགྲོ། ཡིན་ཡང་། མྱི་ཐོག་མྱིས་བརྗེ་ནས་དུས་ནམ་ཚོད་འདི་འདྲ་ཞིག་ལ་རྟ་འདོ་བའི་གོང་ཚད་བཤད་ན་དགོད་སྤྱད་དང་། སྒ་ལྷུ་བཞིའི་ཡག་རབས་བཤད་ན་ངུ་སྤྱད་དུ་ཨེ་འགྲོ། གང་ལྟར་ང་རྒྱལ་གྱིས་རྟས་མ་ཐེག འཚོ་ཚིས་ཀྱིས་གྲོད་མ་འགྲངས་པར་འུ་བུ་ཅག་ཀྱང་ལག་སྲབ་མདས་རང་མགོ་མ་ཆུན་པར། རྐང་སག་ལམ་འདོ་བས་མ་འཇལ་བར། ཕྱུགས་ཁྲ་ཁྲ་ལྕགས་ནག་འཁོར་ལོར་བརྗེ་ནས་རྟ་འདོ་བའི་རྨུག་རྗེས་རྡུལ་བཞིན་བསྐྱུར་ཏེ་རི་ཆེན་པོ་སྒྲོག་གུ་བརྟོལ་བརྟོལ་བྱས་པ་ནི་ཨ་མཚར་རོ། །

ཡངས་པའི་རྒྱལ་ཁམས་ཉུལ་ལ་རྟ་ཕོའི་དབུགས་དང་འགྲོས་ཀྱིས་མ་ཟིན་ཟེར་ན་བརྙང་འཕྱས་ཀྱི་གཏམ་དུ་འགྲོ་ཡང་། ས་ཆེན་པོ་ཨ་ལོང་མེ་ལོང་ནང་དུ་ལམ་ཀྱ་མ་ཀྱུ་ཡི་ཐིག་སྐུད་འཐེན་ནས་རི་ཆེན་པོ་བྲག་ནག་ཁུང་འཛུལ་བྱེད་དུས་རྟ་འདོ་བར་ཉིན་ལམ་བཅོ་བརྒྱད་དགོས་རུང་འཕྲུལ་འཁོར་ལོས་ཉིན་ཞག་གཅིག་གིས་ཆོད་ན་དགའ་བ་མི་བསྐྱེད་སུ་ཡོད། ད་ནི་མཐོན་པོ་རྫ་ནས་ནས་ཀི་རྒྱངས་དང་དམའ་མོ་གཞོངས་ནས་རྐྱལ་རྩལ་ངོམས་པ་ནས་འཁོར་སྒམ་གྲུ་བཞིའི་བཟང་ངན་བརྩད་ནས་གཞུང་ལམ་སྟེང་དུ་འགྲན་རྒྱུག་བྱེད་པ་འདི་ཡང་ཕོ་ལྟེ་ཐོགས་རྣམས་ཀྱི་ངོ་སོ་དང་མ་ཅོ་ཐོགས་ཆ་བོའི་རང་རློམ་མ་ཡིན་ནམ།

འགྲན་རྒྱུགས་ནི་དུས་ཚོད་ཅིག་ཐུང་ཐག་ལ་ལེན་པ་དང་། དལ་འགྲོས་ནི་རྒྱང་ཐག་ཅིག་སེམས་ཤུགས་ཀྱིས་འཇལ་བའི་དབང་དུ་བཏང་ན་ད་ལྟའི་སྐྱེ་བོ་ཕལ་ཆེ་བའི་གདམ་ག་དེའང་རིགས་གང་དུ་གཏོགས་སམ། འཇིག་རྟེན་པའི་སྣང་ངོར་སོས་དལ་གྱི་གོམ་ཁ་ནི་རྗེས་ལུས་སུ་ཐེབས་པའི་འགལ་རྐྱེན་དུ་མཐོང་ཞིང་། འདུར་རྒྱུག་གི་འཚོ་བ་ནི་ཆེས་ལེགས་པའི་གོ་སྐབས་སུ་འཛིན་པས། སྲབ་མདའ་དང་འཁོར་སྒམ་གྱི་གདམ་གའང་དེ་ལས་མ་འདས་པར་སྙམ། འདི་ལྟར་རྟ་མཆོག་གི་འཚེར་སྐད་ང་ཚོ་དང་རྒྱང་ནས་རྒྱང་དུ་ཡལ་ཞིང་། རྒྱུས་མེད་ཀྱི་འཁོར་ལོས་འཇིག་རྟེན་གྱི་ལས་དབང་ལ་ཁ་ལོར་བསྒྱུར་དུས། སྐྱ་མོ་ལམ་གྱི་བདེ་སྡུག་དང་འགྲུལ་བཞུད་ཁྲོད་ཀྱི་དཀའ་ཉོག་མང་པོ་ཞིག་ཀྱང་དཔེ་འཇོག་ས་ཐབ་ཀའི་ས་ཡིན་རུང་། དོན་འབབ་ས་གཞུང་ལམ་དཀྱིལ་ཡིན་ནོ།།

འཁོར་སྒམ་ནི་ཏག་ཏག་གཞུང་ལམ་དུ་རྒྱུ་བའི་མྱུར་མགྱོགས་ཀྱི་བདག་པོ་སྟེ། གློ་རྡེག་གི་སྒག་ཟྭ་དང་སྣུམ་སྒོ་ཡི་དམ་ལྷོད་དེ་ཡང་བྱིས་དུས་ཀྱི་སྨུག་ཆུང་དྲེལ་ལ་ཁ་ལོ་བཏུལ་འདྲ་ཞིག་ཨེ་ཡིན། གཞུང་ལམ་གྱི་མཚམས་ཚིགས་རེ་རེར་འགྲོས་ཚད་ཀྱི་བརྡ་རྟགས་དང་ཉེན་ཁའི་གསལ་འདེབས་སྒྲོན་པ་ནི་ལུག་རའི་ཡ་ཐོད་དུ་རི་སྤྱང་གི་མཚན་ཐོ་བསྒྲེང་པ་དང་། ཞིང་ཚིགས་མར་ནང་དུ་གཟན་བྱེའུ་དཀྲོག་པའི་ཐོ་ཡོར་བཙུགས་པ་དང་འདྲ་ལེ་མིན་ནམ།

ད་ལྟའི་དུས་ནི་སྐྱིད་སྲབ་མདའི་ནང་ནས་མ་རྙེད་པར་སྡུག་འཁོར་སྒམ་ནང་ནས་བླངས་ཟེར་ན་ཐལ་ཆེ་མོད། ལམ་བགེག་དང་བར་ཆད་རང་ཐོག་ཏུ་མ་སྨིན་པ་ཞིག་ལ་དེ་དག་གི་བྱུང་རབས་དང་འཇིགས་ཉེན་བཤད་ན་སྤྱང་ཀིའི་རྣ་ལ་ཆོས་བཤད་དུ་ཨེ་འགྲོ། ཡིན་ཙང་། ཆང་རག་གི་བཟི་སྟོབས་རྒྱས་ནས་ཚོར་ཤེས་གཞན་དབང་གིས་འཕྲོག་དུས། ཞེ་སྡང་དང་། ཁོང་ཁྲོ། སྨྱོ་རྒྱུགས་ཀྱི་དབང་རྩ་ཇེ་སྦོམ་དུ་སོང་ནས་རང་ལུས་ཀྱི་ཁྲག་ཐིགས་དྲོན་མོ་གཞུང་ལམ་དུ་གཏོར་བ་ནི་ཚེ་སྲོག་གི་རྒྱུ་མ་གཉོམ་པོ་རྣོ་ངར་གྱི་གྲི་ཁུག་ཏུ་བཞག་པ་ཨེ་ཡིན། ལ་ཐུང་ཐུང་གིས་རྟ་རྫོད་ཅིང་། སྤོ་ཐུང་ཐུང་གི་མྱི་རྫོད་ཟེར་བ་བཞིན། ལག་སྲབ་མདའི་ཚབ་ཀྱི་ལག་རྟགས་གཡུགས་ནས་གློག་ལྗང་དམར་མཚམས་ནས་བྲོས་བྱོལ་དང་འགྲོས་སྔ་གཞུག་བརྩད་ནས་མཆོངས་བསྐྱོད་བྱས་ན་ཁྲིམས་བཙན་པོའི་གཉའ་ཤིང་རང་འཇོག་ཨེ་ཡིན། ནང་ཕུ་ནུ་གྱོད་སྣ་ཁུར་རོགས་ཨེ་ཉན།

ང་ཚོས་འཁོར་སྒམ་གྱི་མེ་རྟ་སྒྲོན་ནས་ལག་ཟུང་ཁ་བསྒྱུར་ལ་འཇུས་པའི་ཉིན་དེ་བཟུང་། ཁྱེད་ཀྱི་བུ་ཕྲུག་ཚོ་སྒོ་ཁའི་དེའི་འབུར་དུ་བུད་ནས་ཨ་ཕས་རྫོང་ཐོག་ཏུ་ཀ་ར་ཉོས་ནས་ཕྱིར་ལོག་པར་རེ་སྒུག་བྱེད་པའི་སྣང་བརྙན་དེ་དག་དྲན་ཡོང་ངམ། ཁྱིམ་ཆུང་མས་ཞིམ་མངར་གྱི་ནུབ་འཚལ་བསྐོལ་ནས་དྲོན་མོ་ཐབ་རྩ་རུ་ཁྱེད་ཀྱི་རྡོག་སྒྲ་ལ་ཡང་ཡང་ཧྲག་ཉན་བྱེད་ཀྱིན་པ་ཚོར་རམ། དྲིན་ཆེན་ཕ་མའི་གསོལ་འདེབས་དང་སྐྱབས་འཇུག་གི་ལམ་བྲོ་ཁྱེད་ལ་གཏད་པའི་གདམས་ངག་གི་ཚིག་འབྲུ་རེ་རེ་ཡིད་ལ་འཁོར་ཐུབ་བམ།

གང་ལྟར། འཁོར་སྒམ་གྲུ་བཞིའི་འགྲན་ཡ་ལ་རྔོག་རིང་རྟ་ཕོས་རྒྱུགས་ཡ་མི་ཉན་རུང་། ལམ་སྐྱ་མོའི་འགྲུལ་བཞུད་རིང་མོའི་ཁྲོད། རི་ལ་ཐུར་མཚམས་ནས་འདུར་དགོས། སྨུག་ལང་ལོང་ནས་དལ་དགོས་ཟེར་བ་བཞིན་འགྲོས་གོམ་ལག་ཡོད་ན་དལ་ཞིག་ཕོབས། བང་རྐྱལ་རྩལ་ཡོད་ན་གཞུག་ནས་ངོམ། སྐྱིད་ཉི་མ་རིང་བོ་གཞུག་ན་ཡོད་ཅེས་མ་གོ་བརྡ་ལ་གཏམ་གྱི་ལན་པའི་ཚུལ་དུ་རུམ་མ་བསྡུ་རྒྱུའི་བྲོ་དང་སེམས་ལ་འཛིན་རྒྱུའི་ཚིག་གི་སྐྱོར་མ་བཏེགས་ནས་ཁྱེད་ཀྱི་ལམ་སྐབས་ནམ་ཡང་བདེ་བར་སྨོན་ཞེས་ཞུས་པ་ཡིན།

༢༠༢༤.༧.༢༤ཉིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号