གནའ་མྱི་མཛངས་པའི་དཔེའ་ལ་གསོ། །
——ལྷ་བྱམས་རྒྱལ་གྱི«འཇམ»ཀློག་སྟངས་ཤིག
ཁྲོ་གོ་ཚེ་རིང་།
གཅིག
ལྷ་བྱམས་རྒྱལ་ནི་གྲོང་ཁྱེར་པེ་ཅིན་དུ་སྡོད་པའི་ཞིང་གྲོང་གི་མི་ཞིག་དང་། ཁྲའོ་ཡང་ཁུལ་གྱི་སྒོ་རྟགས་ཨང131པའི་ཉེ་ལོགས་ཀྱི་ཟམ་པ་དང་ཁོ་ཧྥེ་ཁང་གང་རུང་ནས་ས་སྲོད་དམ་ལྗོན་ཤིང་འགའ་རེ་པར་དུ་བཏབ་སྟེ། བརྩེ་དུང་མཐའ་དག་ཡིག་རིས་སུ་འབེབས་མཁན་གྱི་རྫི་བོ་ཞིག་ཀྱང་རེད་འདུག མཚམས་མཚམས་སུ་ཁོ་ཧྥེ་དངIPAdཞིག་ལག་ཏུ་ཐོགས་ནས་གྲོང་ཁྱེར་གྱི་མི་ཞིག་གི་ཚུགས་ཀ་སྟོན་ཡང་། ཁོའི་སི་ལིར་ཆགས་པའི་སྐྲ་ཚུགས་དང་སྙིང་ཉེ་བའི་གཟུགས་གཞི་དེ་མཐོང་དུས། ངའི་སྣང་ངོར་མར་ནང་གྲོང་གི་རི་སྒང་ཞིག་ན་ཁེར་རྐྱང་དུ་ལུས་པའི་ཟོག་རྫི་དེ་ལས་ཅི་ཡང་འཆར་མི་ཐུབ།
སྐབས་ལ་ལར། ལྷ་བྱམས་རྒྱལ་ལ་ཀློག་པ་པོའི་ཁྲོད་དུ་དགའ་བསུ་ཆེན་པོ་འཐོབ་ཀྱིན་པ་ཡང་ཁོའི་བརྩམས་ཆོས་ཁྲོད་ཁེར་རྐྱང་དང་ཕུགས་བསམ་གྱིས་ཁེངས་པའི་རྫི་བོ་དེ་དག་དང་། ཡང་ན་གྲོང་ཁྱེར་དང་མ་འོངས་པར་རེ་སྙེག་གིས་ཁེངས་པའི་བུ་མོ་གསལ་སྒྲོན། ཡང་ན«ལམ་གྱི་ཉི་འོད»དང«བོད་ཀྱི་གཅེས་ཕྲུག» «ཁ་བར་སྒུག་པ» «གྲིབ་གཟུགས་ཁྲོད་ཀྱི་མི་ཚེ»སོགས་ཀྱིས་བསྐྱེད་ཅིང་། སེམས་ཀྱི་ག་ཤེད་ཅིག་ལ་འཚང་འོང་བའི་ལྷོད་ཡངས་ཤིག་གམ་སྐྱོ་ངལ་ཞིག་དང་ཉེ་བར་བཅར་ཡོད་པས་མིན་ནམ་སྙམ། དེ་མ་གཏོགས་ལྷ་བྱམས་རྒྱལ་གྱི་བརྩམས་ཆོས་ལ་བག་ཆགས་དོང་ནས་སྤྲུགས་པའི་ནུས་པ་གང་ཞིག་ཡོད་དམ།
ལྷ་བྱམས་རྒྱལ་ནི་གྲོང་ཁྱེར་པེ་ཅིན་དུ་སྡོད་པའི་ཞིང་གྲོང་གི་མི་ཞིག་སྟེ། ཞིང་གྲོང་གི་མིར་ང་ཚོའི་ཕ་ཡུལ་ནས“སྡེ་བ་ནང་གི་མྱི”ཞེས་འབོད་ལ། གྲོང་ཁྱེར་དུ་སྡོད་མཁན་ཞིག་ལ“ཕྱི་ཐོག་གི་མྱི”ཞེས་ཀྱང་ཟེར། “སྡེ་བ་ནང་གི་མྱི”ཞེས་པ་དེའི་ཤུགས་སུ་གུ་དོག་དང་ལྟ་རྒྱ་མེད་པ་མཚོན་གྱིན་ཡོད་ན། “ཕྱི་ཐོག་གི་མྱི”ཞེས་པ་དེའི་ཤུགས་སུ་ཕ་ཡུལ་ཞེས་པའི་གདགས་གཞི་ཞིག་མཆིས་པར་མ་ཟད། ལུས་སེམས་གཉིས་ཀ་གདགས་གཞི་དེ་དང་བྲལ་ཟིན་པའི་མི་ཚོགས་ཤིག་ལ་གོ་ཡང་རུང་སྟེ། མི་ཚོགས་དེ་ནི་སྡེ་བ་ཞེས་པའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་སྤྱི་ཚོགས་དེའི་མངོན་ལྐོག་གང་རུང་ནས་མངོན་པའི“འབྲེལ་བ”ཞིག་དང་རིང་དུ་འགྱེ་བཞིན་པའང་མཚོན་ཐུབ། དེ་བས། སྒྱུ་ལུས་གཡར་པོ་གྲོང་ཁྱེར་དུ་སྡོད་ཀྱང་སེམས་ཀྱི་སྣང་བ་ཕ་ཡུལ་དུ་ཕྱོགས་པའི་ལྷ་བྱམས་རྒྱལ་དང་ལྷ་བྱམས་རྒྱལ་དག་ལ་མཚོན་ན། “གྲོང་ཁྱེར་དུ་སྡོད་པའི་ཞིང་གྲོང་གི་མི”ཞེས་པ་ནི། མཐར་གཏུགས་ན་འགལ་འདུའི་ཕུང་པོ་ཞིག་གམ་ཁེར་རྐྱང་དུ་ལུས་ཡོད་པའི་གཉོམ་ཆུང་གི་མི་དག་ཀྱང་ཡིན་པར་སྙམ་ལ། འདི་ནི་རྩོམ་རིག་དང་སྒྱུ་རྩལ། རིག་གནས། གོམས་སྲོལ། རིག་གཞུང་ཞིབ་འཇུག་སོགས་ཀྱིས་བླང་དོར་གྱི་ཁྱད་པར་འབྱེད་དཀའ་བའི་རྨ་ཁ་ཟབ་མོ་དེ་ཡང་ཡིན་པར་འདོད།
གློ་བུར་དུ་སུས་བྲིས་མིན་མི་ཤེས་ཀྱང་། “ང་རང་ཕ་ཡུལ་དུ་ཡོད་དུས་ཕ་ཡུལ་ཧ་ཅང་ཆེ་ལ། ཕྱིར་ཕ་ཡུལ་དུ་ལོག་དུས་ཕ་ཡུལ་ཧ་ཅང་ཆུང”ཞེས་པའི་སྙན་ངག་ཅིག་ཡིད་ལ་ཡང་ཡང་འཁོར། ལོ་རབས་གོང་མ་ཞིག་ལ་སྙན་ངག་འདིས་ཕ་ཡུལ་དང་འབྲལ་འདོད་ཀྱི་མི་རྣམས་དང་། འཇིག་རྟེན་ཞིག་མཐོང་འདོད་ཀྱི་སྐྱེ་བོ་དག་ལ་ངར་ཤུགས་དང་ཕུགས་བསམ་གྱི་མངར་ཁ་ཆེས་ཆེར་བསྩལ་ཡོད་ནའང་།
“འཛམ་གླིང་ཅན”གྱི་ཚ་རླབས་ཆེན་པོའི་ཁྲོད“ཕ་ཡུལ་དུ་ཡོད་དུས་ཕ་ཡུལ་ཧ་ཅང་ཆེ་ལ། ཕྱིར་ཕ་ཡུལ་དུ་ལོག་དུས་ཕ་ཡུལ་ཧ་ཅང་ཆུང”བའི་ཆེ་ཆུང་གི་རྣམ་གཞག་དེ་ཡང་དུས་རབས་ཀྱི་རླབས་རྒྱུན་དྲག་པོའི་ཁྲོད། རྒྱུ་འབྲས་གོ་ལྡོག་དང་དཀར་ནག་དབྱེར་མེད་ཀྱི་རལ་གྲི་དངོ་ཉིས་མ་ཞིག་ཡིན་པའི་ངེས་ཤེས་ཀྱང་གང་ལ་གང་ཚོད་ཀྱིས་རྙེད་པར་ངེས། དེར་མ་ཟད། “ཆེ་ཆུང”གི་ཚད་གཞི་ཡང“བར་ཐག”ཅིག་གམ“གྲངས་ཀ”ཞིག་གིས་གཞལ་མི་ཐུབ་པའང་དངོས་པོའི་གནས་ཚོད་ཀྱིས་གྲུབ་ཡོད་པ་ཡང་སྨོས་ལྟ་ཅི་དགོས།
ངོས་འདི་ནས་བལྟས་ན། ལྷ་བྱམས་རྒྱལ་གྱི་རིག་གཞུང་བརྩམས་ཆོས«འཇམ། Mགྲོང་ཚོའི་རྣམ་བཤད»(2020ལོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།)ཅེས་པ་འདི་ནི་ལྡོག་སྟེ། “ང་ཕ་ཡུལ་དུ་ཡོད་དུས་ཕ་ཡུལ་ཧ་ཅང་ཆུང་ལ། ཕྱིར་ཕ་ཡུལ་ལ་བལྟ་དུས་ཕ་ཡུལ་ཧ་ཅང་ཆེ”ཞེས་པའི་གདེང་ཚོད་ཅིག་ལས་རྙེད་པའི་འབྲས་བུ་ཞིག་ཏུ་བརྩི་ཆོག་ལ། ཕ་ཡུལ་ཞེས་པ་དེ་རང་བྱུང་གི་ཡུལ་ཁམས་ཤིག་ནས་རིག་གནས་ཀྱི་རྟེན་གཞི་ཞིག་ཏུ་གྱུར་ཡོད་པའི“ཕྱི་ཐོག་པ”ཞིག་གི་ངོས་ཟིན་ཟབ་མོ་དང་། “ཕ་ཡུལ”ཞེས་པའི་གདགས་གཞི་དེ་ཡང་འཇིག་རྟེན་མཐོང་ལུགས་གཅིག་ལ་ལྟ་ལུགས་གཉིས་ཞེས་པའི་གདམ་ག་གཞན་ཞིག་འཚོལ་བའི་སྟ་གོན་དངོས་ཤིག་ཀྱང་རེད་འདོད།
གཉིས།
«འཇམ»ནི་ལྷ་བྱམས་རྒྱལ་གྱི་རིག་གཞུང་བརྩམས་ཆོས་ཆེས་དགའ་ཤོས་དེ་ཡིན་པར་འདོད་ལ། ས་ས་དང་རྡོ་རྡོ་རུ་འཇོག་པར་གོམས་པ་དང་དཀར་ནག་གཉིས་ནི་ངེས་པར་དུ་ཁ་དོག་གི་ཆ་ནས་བལྟ་དགོས་པའི་རིག་གཞུང་ཉམས་ཞིབ་པ་མང་པོ་ཞིག་ལ་མཚོན་ན། «འཇམ»ནི་གསལ་བཤད་རྩོམ་ཡིག་ཅིག་དང་ཇི་བཞིན་བརྗོད་པའི་རྩོམ་རིག་བརྩམས་ཆོས་ཤིག་ལས། “རིག་གཞུང”ཞེས་པའི་རྒྱ་ཁ་རུ་འཇོག་རིན་མེད་པ་ཞིག་ཏུ་རློམ་ངེས་ཏེ། «འཇམ»གྱི་བརྗོད་བྱ་རྗོད་བྱེད་དང་སྒྲིག་གཞི་གང་གི་ངོས་ཐད་ནས་བལྟས་ཀྱང་། འདི་འདྲའི་གོ་སླ་བ་དང་ཀློག་བདེ་བ་ཞིག རིག་གཞུང་ཆེད་དེབ་ཅིག་གི་ཚད་ལ་ཨེ་སླེབས་སམ་སྙམ་པའི་ཐེ་ཚོམ་སྐྱེ་མཁན་ཡང་མང་མང་འབྱུང་སྲིད། ཡང་གཅིག་བཤད་ན། མང་མང་གི་སྣང་ངོ་རུ། “ལུང་རིགས་བཙན་པོ”ཞིག་གམ“ཡིག་ཆ་ཚད་ལྡན”གང་རུང་ལ་གཞི་བཅོལ་མེད་ཅིང་། རྩོམ་རིག་གི་སྐད་ཆ་དང་ལྷོད་ཤ་ཆགས་པའི་ཞིབ་འབྲི་ལ་བརྟེན་པའི«འཇམ»ནི“ལོ་རྒྱུས་ཀྱི་གསང་གནད”ཅིག་དགྲོལ་བ་དང་། “ཞིབ་འཇུག་གི་སྟོང་ཆ”ཞིག་བསྐང་ལ་རེ་བའི་རིག་གཞུང་གི་ཁྲི་སར་དགོད་ཐབས་བྲལ། ཐ་ན་དེའི་གྲལ་རྔ་ཙམ་ལའང་འཁོད་ཐབས་མེད་པ་སྨོས་མེད་རེད་འདོད། གཞན་ཡང་། «འཇམ»ཞེས་པའི་ཁ་བྱང་འགྲིག་མིན་སྐོར་ལ་བྱ་རོག་སོ་རྟོག་ལྟ་བུའི་སོམ་ཉི་འཆང་བའི་སྣང་ཚུལ་ལས། མིག་སྔའི་རིག་གཞུང་ཞིབ་འཇུག་སྡེ་ཁག་གི་ཐུན་མོང་གི་བག་ཆགས་ཤིག་མཚོན་ཐུབ་པར་འདོད་པ་དང་། དུས་མཚུངས་སུ། “བདེན་རྫུན་གྱི་ཁྲུན་ཐག”གཅོད་པར་གོམས་པ་འདི་ཡང་བོད་ཀྱི་རིག་གནས་སྒྲིག་འཛུགས་ཀྱི་ལོ་རྒྱུས་ཁྲོད། སྐད་ཆའི་བདག་དབང་གང་ཞིག་ཚད་མར་སྐྲུན་མཁན་རྣམས་ཀྱི་བག་ལ་ཞ་བའི་འདུ་ཤེས་ཤིག་ཀྱང་རེད་སྙམ། ཁོ་བོ་རང་ཉིད་ལ་མཚོན་ན། ལྷ་བྱམས་རྒྱལ་གྱིས་བརྩམས་པའི«འཇམ»ནི་ལོ་རྒྱུས་དང་རིག་གནས་ཀྱི་དཀྱོགས་མཚམས་ཆེན་པོ་ཞིག་གི་ཁྲོད། ཕ་ཡུལ་དང་རིང་དུ་འགྱེ་བཞིན་པའི“ཕྱི་ཐོག་པ”ཞིག་གིས“ཕ་ཡུལ”ཞེས་པའི་ཐ་སྙད་དེའི་ཤུགས་སུ་སྦས་པའི་ཆུང་ཆུང་ཆེ་འགྱུར་གྱི་མཚོན་རྟགས་དང་དོན་སྙིང་སོགས་ཀྱིས་ཕྱུག་པའི་རིག་གཞུང་བརྩམས་ཆོས་རྣལ་མ་ཞིག་རེད་བསམས་ལ། བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་འཚོ་ཚིས་ཀྱི་བློ་གྲོས། སྡེ་བ་ཚོ་བ། གཉེན་ཉེ་དུ། ཡུལ་ལྷ་གཞི་བདག གཉེན་སྒྲིག་ཤིད་ཆོས་སོགས་ཆེས“སྤྱིར་བཏང”གི་ཡན་ལག་རེ་རེ་གུང་དུ་བསྒྲིགས་ཐོག རྩ་བ་བརྟན་ཞིང་རྩེ་མོ་རྒྱས་པའི་ཚོགས་སྤྱི་ཆེན་པོ་ཞིག་གི་ཐུན་མིན་གྱི་ཐབས་དང་ཤེས་རབ་སྟོན་འདོད་ཀྱི་ཁུར་ཆེན་པོ་དང་དུ་བླངས་ཡོད་པ་ཞིག་ཀྱང་རེད་འདོད། དེ་བས་གུས་པས་དངོས་སུ་ཐོས་སྐད་དུ། སློབ་ཆེན་དགེ་རྒན་ཁ་ཤས་ཀྱིས“མིའི་རིགས་རིག་པས་མི་རིགས་གཞན་གྱིས་གཅིན་ཇི་ལྟར་གཏོང་ཚུལ་སོགས་རིག་གནས་སུ་བརྩིས་ནས་ཞིབ་འཇུག་བྱེད་ཀྱིན་ཡོད་པ་རེད”ཅེས་དང་། “ང་ཚོར་སངས་རྒྱས་ཆོས་ལུགས་མ་གཏོགས་རིག་གནས་གཞན་ཡོད་པ་མ་རེད”ཅེས་འདོད་མཁན་དག་ནི་ཅི་འདྲའི་རང་རློམ་ཆེ་བའི་དྲག་གཏམ་མ་རེད་དམ་སྙམ། བོད་རིག་པའི་ཞིབ་འཇུག་ཅེས་པ་ཡིག་ཆ་རྙིང་མིན་དང་ཁུངས་བཙུན་མིན། གསང་བའི་གནད་གང་ཞིག་དགྲོལ་ཐུབ་མིན། ཐ་ན“ཚན་རིག་གི་ཞིབ་འཇུག་བྱེད་ཐབས”སོགས་ཐ་སྙད་ཀྱི་ཕྱི་ཤུན་ཙམ་ཞིག་ལ་བརྟེན་ནས“འགྲེལ་བརྗོད་ཀྱི་སྒྲིག་གཞི”(阐释框架)ཞིག་ཏུ་འདོད་པའི་རིགས་མཐའ་དག་ཀྱང་། ཡང་སྙིང་རིག་གནས་འཛུགས་སྐྲུན་གྱི་འཕེལ་རིམ་ཁྲོད། སྐད་ཆའི་བདག་དབང་གང་ཞིག་གསར་དུ་བསྐྲུན་པའི་འདུ་ཤེས་འཛིན་སྟངས་དེའི་ཤུལ་བཞག་ཅིག་མ་ཡིན་ནམ།
གསུམ།
«འཇམ»ནི་ཞིབ་འཇུག་ཐབས་ལམ་གྱི་ངོས་ཐད་ནས་མི་རིགས་ཀྱི་ལོ་རྒྱུས(民族志)འབྲི་བའི་ཁོངས་སུ་གཏོགས་ཤིང་། མིའི་རིགས་རིག་པའི་ནང་དར་ཁྱབ་ཤིན་ཏུ་ཆེ། དེ་ནི་ས་ཁོངས་ངེས་ཅན་དུ་གནས་པའི་མི་རིགས་ཤིག་གམ། ཚོགས་སྤྱིའམ་ཚོགས་པའི་ཁྲོད་ཕྱིན་ཏེ་དུས་ཡུན་རིང་པོར་བརྟག་དཔྱད་དང་བཅར་འདྲི། རྒྱུ་ཆ་བསྡུ་ལེན་སོགས་ཀྱི་རྣམ་པར་བརྟེན་ནས་ས་གནས་དེ་གའི་རིག་གནས་དང་སྤྱི་ཚོགས་སྒྲིག་གཞི། འཚོ་བའི་ཐབས་ལམ། རིན་ཐང་ལྟ་ཚུལ། དད་པའི་སེམས་ཁམས་སོགས་ཕྱོགས་ཡོངས་ནས་ཞིབ་འབྲི་དང་དབྱེ་ཞིབ་གནང་བ་ཞིག་ཀྱང་རེད། དེའི་དམིགས་ཡུལ་ནི་ཞིབ་འཇུག་པ་གང་ཞིག་དང་འགྲེལ་བརྗོད་མཐོང་སྣེ་གང་ཞིག་ལ་བརྟེན་པའི་གཞུང་ལུགས་ཀྱིས་ཞིབ་འཇུག་བྱ་ཡུལ་གྱི་གནས་ཚུལ་རྣམས་རང་འདོད་དུ་འབྲི་བ་ཞིག་མ་ཡིན་པར། ཞིབ་འཇུག་བྱ་ཡུལ་ཏེ“ཕ་རོལ་པོ”(他者)དང“ནང་ཁུལ་གྱི་མཐོང་སྣེ”ཕྱིར་མངོན་ཏེ། ཐུན་མིན་གྱི“སྤྱི་ཚོགས”ཤིག་གི་རིག་གནས་ཁྱད་ཆོས་དང་དཔེ་སྲོལ་རྣམས་སྟོན་པར་དམིགས་ཤིང་། “རིག་གནས་སྣ་མང་རང་བཞིན”གྱི་གནས་ལུགས་རྗེན་པར་བསྟན་པའི་མུར། རིག་གནས་གང་ཞིག་ཚད་མར་འཛིན་པ་དང“ལྟེ་བའི་བསམ་བློ”ལ་དགག་བཞག་བཏང་སྟེ། འདྲ་མཉམ་དང་བརྩི་འཇོག་གི་སྲོལ་ཞིག་རྒྱུད་ལ་གོམས་པ་རེད་ལ། དེ་ནི་རིག་ཚན་དེའི་དགེ་ཆོས་གཙོ་བོའང་ཡིན་པར་སྨྲའོ། །
སྒོས་སུ«འཇམ»ནི་ཨ་རིའི་མིའི་རིགས་རིག་པ་གྲགས་ཅན་རེ་ཏི་ཧྥེའར་ཏི་ཡིས1956ལོར་བཏོན་པའི“སྐྱེས་ཆེན་ཚོའི་རིག་གནས”(大传统)དང“དམངས་ཕལ་བ་ཚོའི་རིག་གནས”(小传统)ཞེས་པའི་རིགས་ལམ་སྤྱད་དེ“དམངས་ཕལ་བ”ཡི་ཆ་རུ་གཏོགས་པའི་རིག་གནས་ཀྱི་རྣམ་པ་དེར་ཞིབ་འཇུག་བྱས་ཡོད་པ་དང་། རིགས་ལམ་དེའི་ཁ་གཏད་ས“Mགྲོང”ནི་རོང་འབྲོག་གཉིས་ཀྱི་མཚམས་ན་གནས་པའི་བོད་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་སྟེ། རོང་འབྲོག་གཉིས་ཀྱི་མཚམས་ཞེས་པ་འདི་ཡང་ས་མཚམས་ཆུ་མཚམས་ཀྱི་ངོས་ཐད་ནས་བལྟས་པ་ཁོ་ན་ཙམ་མ་ཡིན་པར། སྤྱི་ཚོགས་དོན་དངོས(社会事实)དང་འབྲེལ་བའི་དཔལ་འབྱོར་སྒྲུབ་སྟངས་དང་སྲོལ་ལུགས་སྐྱོང་སྟངས་སོགས་སྒྲིག་སྲོལ་གང་མང་གིས་གྲུབ་པའི“སྤྱི་ཚོགས”ཤིག་ལ་བལྟས་ཡོད་པ་དེ་ཡིན། ལྷ་བྱམས་རྒྱལ་གྱི་སྐད་ཆ་ལྟར་ན། “འཇམ་གྱི་རིག་གནས་ནི་འཚོ་གནས་ཀྱི་ཤེས་རབ་ཅིག་ཡིན་ཞིང་། ཤེས་རབ་འདི་ནི་ང་ཚོས་ད་ལྟའི་བར་དུ་བོད་ཀྱི་ཆོས་ལུགས་ཀྱི་ཤེས་རབ་དེ་དག་ནང་བཞིན་མི་ཚོགས་ནང་གི་བློ་རིག་ཅན་དེ་དག་གིས་ཆེད་མངགས་ཀྱིས་ཡིག་ངོར་བཀོད་ཅིང་། སློབ་སྦྱོང་། རྒྱུད་འཛིན། ཉར་འཇོག་བྱས་མེད་ཀྱང་། དམངས་ཁྲོད་ཀྱི་མི་ཕལ་བ་དག་གིས་མ་ཉམས་པར་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་ཡོང་ཡོད། དམངས་ཕལ་བ་དེ་དག་གི་འཚོ་གནས་ཀྱི་ཉམས་མྱོང་དང་བློ་རིག་དེ་དག་ལ་ང་ཚོས་ད་ལྟའི་བར་དུ་སྣང་མེད་བྱས་ནས་ཡོང་བའམ་མ་མཐའ་ཡང་དེ་ལ་མཐོང་ཆེན་ཅི་ཡང་བྱས་མེད་པ་འདྲ། ཡིན་ན་ཡང་། ཏག་ཏག་དེ་ལྟ་བུའི་འཚོ་གནས་ཀྱི་ཤེས་རབ་ནི་བོད་ཅེས་པའི་མཐོ་སྒང་གི་མི་རིགས་འདི་རང་བྱུང་གི་ཁོར་ཡུག་གང་གིས་ཀྱང་འཚོ་གནས་ལ་དཀའ་ཁག་ཡང་ཡང་བཟོས་ཡོང་བའི་ཡུལ་གྲུ་ཞིག་ནས་འཚོ་ཞིང་གནས་ཐུབ་པའི་ནང་རྐྱེན་གལ་ཆེན་དེ་ཡིན”ཞེས་པ་ལྟ་བུ་རེད། དེས་ན། དམངས་ཕལ་བས་བསྐྲུན་པའི“འཇམ་གྱི་རིག་གནས”ནི་སྟོང་རྟེན་འབྱུང་དང་། དབུ་ཚད། བྱམས་སྙིང་རྗེ། མྱང་འདས་སོགས་བདེན་ལུགས་མཐར་ཐུག་སྙེག་པའི“སྐྱེས་ཆེན་ཚོའི་རིག་གནས”ཀྱི་གྲས་སུ་མི་གཏོགས་ཤིང་། «འཇམ»གྱི་སྤྱི་ཚོགས་ཁྲོད་མངོན་པའི་དཔྱིད་ཀྱི་སོ་ནམ་བྱེད་སྟངས་ནས་དབྱར་གྱི་ཡུར་མ་ཡུར་སྟངས། སྟོན་གྱི་ལོ་ཏོག་བསྡུ་ཚུལ་ནས་དགུན་གྱི་ལོ་སར་བསུ་སྟངས་སོགས་དུས་ཚིགས་དང་བསྟུན་པའི་འཚོ་བའི་གོམ་འགྲོས། སྐྱེ་རྒ་ན་འཆི་ལས་མངོན་པའི་མི་ཚེའི་ཆོ་ག རུ་ཁ་ཁྱིམ་མཚེས་ལས་མངོན་པའི་སྒེར་ངོས་ཀྱི་འབྲེལ་བ། སྡེ་དཔོན་ཚོ་དཔོན་ལས་མངོན་པའི་སྤྱི་པའི་སྒྲིག་གཞི། ཕུ་ནུ་མིང་སྲིང་ལས་མངོན་པའི་གཉེན་ཉེའི་འབྲེལ་བ། ཡུལ་ལྷ་གཞི་བདག་ལས་མངོན་པའི་རིག་གནས་ཀྱི་བག་ཆགས། རི་ཆུ་ནགས་གསུམ་ལས་མངོན་པའི་ཚེ་སྲོག་གི་ལྟ་བ། དགོན་པ་ལྷ་སྡེ་ལས་མངོན་པའི་མཆོད་ཡོན་གྱི་འབྲེལ་བ་བཅས། མདོར་ན། འདི་དག་གང་ཡང“སྟོང་རྟེན་འབྱུང”དང“ཐབས་ཤེས་རབ”མིན་ཞེས་སུ་ཞིག་གིས་ཁ་ཚོན་གཅོད་ནུས་སམ།
བཞི།
ཡིག་ཚང་དག་གི་ཁྲོད། “ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས”ཞེས་གྲགས་ཤིང་། སྒྲུང་ལྡེའུ་བོན་གསུམ་གང་ལ་མཚོན་ན་ཡང་དམངས་ཕལ་བའི་སྤྱི་ཚོགས་དང་ཐག་ཉེ་བ་ཞིག་ཡིན་པ་ངང་གིས་ཤེས་ཐུབ། དེའི་རྗེས་ཀྱི་དུས་མཚམས་ཤིག་ཏུ། སྲིད་འབྱོར་རིག་གསུམ་ལ་དམིགས་པའི་ཆ་ནས་ནང་བའི་ཆོས་ལུགས་བོད་དུ་གདན་དྲངས་པ་དང་། ཚུལ་དེས་བོད་ཀྱི་ཤེས་རིག་ལ་འཕེལ་རྒྱས་ཀྱི་གཤོག་ཟུང་ཡངས་མོ་ཞིག་སྤྲད་པ་ནི། “གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་ཀྱི་ནི་མགོ་བོ།། རྀ་མཐོ་ས་གཙང་། ཡུལ་བཟང་། མྱི་འཛངས་ཤིང་དཔའ་དུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བ་འྀ་གནསུ་།”ཞེས་མགོ་བོ་དམའ་བའི་དུས་སུ་དབུ་འཕང་སྟོད་བྱེད་ཀྱི་ང་རྒྱལ་དང་སེམས་ཤུགས་ཆེན་པོ་ཞིག་བསྩལ་ཡོད་པ་སྨོས་མེད་རེད་ལ། སྐྱེས་ཆེན་གསེར་རི་འདྲ་བ་དག་གི་བཀའ་དྲིན་དང་རྩོལ་བ་ལ་བརྟེན་ནས་བོད་ཀྱི་ཤེས་རིག་གི་བང་མཛོད་དེ་རིན་ཆེན་གསེར་དངུལ་གྱིས་བཀང་ཞིང་འཛམ་གླིང་མི་རིགས་གང་ལ་ཡང་ཡིད་སྨོན་འཆོར་མི་དགོས་པའི་ཚད་ལ་སླེབས་པའང་རིག་པའི་གཞུང་ལུགས་དེ་དང་སྐྱེས་ཆེན་དེ་དག་གི་བཀའ་དྲིན་ཡིན་པ་ཐེ་ཚོམ་ཅི། ཡིན་ནའང་། འདི་ནས་སྐབས་བབ་ཀྱི་བརྗོད་བྱ་དང་འབྲེལ་ཏེ། ཁོ་བོས«འཇམ»གྱི་གནས་བབ་དང་འབྲེལ་བའི“སྐད་ཆའི་བདག་དབང”གི་སྐོར་ལ་དྲན་ཚུལ་བརྗོད་པར་འདོད་དེ།
“སྐད་ཆའི་བདག་དབང”ཞེས་པ་ནི་སྐྱེས་ཆེན་དེ་དག་གི་རིག་གནས་འཛུགས་སྐྲུན་དང་འབྲལ་ཐབས་མེད་པ་ཞིག་གམ། ཡང་ན་དེ་ལས་བསྐྱེད་པའི་འབྲས་བུ་ཞིག་ཏུ་སེམས།སྐྱེས་ཆེན་དག་གིས་རིག་གནས་ཀྱི་སྒྲིག་གཞི་གསར་པ་ཞིག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་གཞི་གསར་པ་ཞིག་བཏོད་ཡོད་ལ། ཆེས་མ་མཐའ་ཡང་ནང་བའི་ཆོས་ལུགས་གདན་འདྲེན་ཞུས་པ་དེ་ནས་བཟུང་། “ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས”ཞེས་མཚོན་པའི་བརྗོད་པ་དེའི་རིགས་ཤུགས་ཇེ་ཆུང་དུ་བཏང་ཞིང་།ལོ་རྒྱུས་ཀྱི་འགྲེལ་བརྗོད་མཐོང་སྣེ་ཡང་སྐྱེས་ཆེན་ཚོས་བསྐྲུན་པའི“སྐྱེས་ཆེན་གྱི་རིག་གནས”ཞེས་པའི་ལམ་ཁར་སྣེ་ཁྲིད་ཡོད་ལ། «དབའ་བཞེད»དང«རྦ་བཞེད»སོགས་ཆོས་འབྱུང་དེབ་ཐེར་དག་ཀྱང་སྐྱེས་ཆེན་རིག་གནས་ཀྱི་སྐད་ཆའི་བདག་དབང་བསྐྲུན་པའི་གཡུལ་ས་ལྟ་བུར་ཆགས་འཕྲོར། “སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའི་བཞེད་པ་བཞུགས་སོ”དང“དམ་པའི་ཆོས་ངོས་བཟུང་བ”ཞེས་དེབ་ཐེར་གྱི་དབུ་དེ་ཐད་ཀར“སྐྱེས་ཆེན་ཚོའི་རིག་གནས”ཀྱི་ལོ་རྒྱུས་བརྗོད་པ་ནས་བརྩམས་པ་དང་། “བོད་ཡུལ་མཐའ་འཁོབ”དང“སྤྱན་རས་གཟིགས་ཀྱི་གདུལ་ཞིང་།” “སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ”སོགས་མཚོན་བྱེད་དུ་དྲངས་པའི་སྐད་ཆའི་མ་ལག་གསར་པ་ཞིག་གིས“གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་ཀྱི་ནི་མགོ་བོ།། རྀ་མཐོ་ས་གཙང་། ཡུལ་བཟང་། མྱི་འཛངས་ཤིང་དཔའ་དུ་སྐྱེ།……”ཞེས་པའི་བརྗོད་པ་དེར་ཚ་ལམ་ལམ་གྱི་འགྲམ་ལྕག་ག་ཚོད་ཅིག་གཞུས་ཡོད་དམ། དེ་ཡང«རྒྱལ་རབས་གསལ་བའི་མེ་ལོང»དུ། “དེའང་འཇིག་རྟེན་གྱི་ཁམས་འདིར་དགེ་ལེགས་དང་ཕན་བདེ་ཐམས་ཅད་འབྱུང་བའི་གཞི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡིན་ལ། དེ་དར་ཞིང་རྒྱས་པར་བྱེད་པའི་རྐྱེན། རྒྱ་བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་དྲིན་ཡིན་པས། དེ་རྣམས་ཀྱི་ལོ་རྒྱུས་རྒྱས་པར་བྱ་ཞིང་། ཁྱད་པར་དུའང་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་འདིར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་ལུང་བསྟན་པ་བཞིན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེས། གང་ལ་གང་འདུལ་གྱི་སྤྲུལ་པས་སེམས་ཅན་ཐམས་ཅད་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་མཛད་ཅིང་། ཁྱད་པར་འཕགས་པ་དེའི་ཐུགས་ཀྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་སོགས་པ། ཆོས་རྒྱལ་མེས་དབོན་རིམ་པར་བྱོན་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའི་རྣམ་ཐར་མདོར་བསྡུས་པ་ཅིག་བཤད་ན། ཡིད་ཆེས་ཤིང་ཐེ་ཚོམ་སེལ་བ་ལ། ཆོས་འབྱུང་གི་ལོ་རྒྱུས་འདི་ཐུགས་ལ་བཞག་འཚལ”ཞེས“སྐྱེས་ཆེན་ཚོའི་རིག་གནས”དེར་ཐུན་མིན་གྱི་ཆོ་ལོ་གང་མང་གནང་ཞིང་། “ཡིད་ཆེས་ཤིང་ཐེ་ཚོམ་སེལ་བ”ནི་འགྲེལ་བྱེད་མཁན་པོ་དག་གིས་གདམ་གསེས་བྱས་ཤིང་དམིགས་སུ་བཟུང་ནས་གསར་དུ་བཙུགས་པའི་སྐད་ཆའི་བདག་དབང་ཞིག་ཡིན་པ་དང་། “སངས་རྒྱས་ཀྱི་བསྟན་པ”དང“བོད་ཀྱི་རིག་གནས”ཞེས་པ་ངོ་བོ་གཅིག་ཏུ་བལྟ་བའི་རིགས་ལམ་ཞིག་མངོན་ལྐོག་གང་རུང་ནས་གཏན་ལ་ཕབ་འགྱུར་གྱི་རྩོལ་བ་མཐོང་དང་ཐོས་མུས་ཡིན།
དེ་བས་ཀྱང་རང་རེའི་ཁ་ལ་བྱང་ཚད་དང་མིག་ལ་མཐོང་ཚད་དུ་གྱུར་པའི“རིག་གནས”ཏེ། ཤེས་པར་བྱ་བའི་གནས་སམ་ཡུལ་ཞེས་པའི་ཐ་སྙད་དེའི་འཇུག་ཡུལ་ཡང་སྐྱེས་ཆེན་དག་གིས་དུས་ཡུན་རིང་པོར་བརྟག་དཔྱད་དང་ཉམས་སུ་བླངས་མཐར། སྒྲ་ཚད་བཟོ་གསོ་ནང་རིག་བཅས“རིག་གནས་ཆེ་ཆུང་བཅུ”ཡི་རྣམ་གཞག་སྲོལ་དུ་བཏོད་པ་དང་། འགྲེལ་བྱེད་མཁན་པོ་དག་གིས་དེར་སྲོག་གི་དབང་བོ་བཅུག་པ་ནས་བཟུང་། “རིག་གནས”ཞེས་པའི་ཐ་སྙད་འདིས་དམངས་ཁྲོད་ཀྱི་གཏམ་རྒྱུད། བཤད་པ། སྒྲུང་། གླུ་གར་སོགས་ཀྱིས་མཚོན་པའི“འཇམ་གྱི་རིག་གནས”མང་པོ་ཞིག་བོད་ཀྱི་རིག་གནས་ཀྱི་ཁྱིམ་གཞི་ཆེན་པོའི་ཁྲོད་ནས་རྒྱང་འཕུད་བཏང་བ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། “བོད་ཀྱི་རིག་གནས”ཞེས་པའི་སྒྲོམ་གཞི་ཆེན་པོ་དེའི་ནང་དམངས་ཕལ་བ་དག་གི་ཤེས་རབ་ནི་ཡུལ་གྱར་རྡུང་ལེན་པ་ཞིག་གི་ལས་དབང་ལྟར། ཅུང་ཅུང་ཁེར་ཆད་དང་སྐྱོ་སྣང་ཆེ་བ་ཞིག་ཏུ་གྱུར་པ་ལགས།
དེ་ཡང«འཇམ»གྱི་ནང་དུ། “ད་ལྟ། ཕལ་ཆེར་གནད་འགག་གི་དུས་རབས་ཤིག་ལ་སླེབས་ཡོད་པ་འདྲ། ང་ཚོ་ད་ནི་ཧོར་འདུག་ཅིག་བྱས་ཏེ་འགྲམ་པ་ལག་པས་སྐྱོར་ནས་བསམ་བློ་ཡག་པོ་ཞིག་གཏང་དགོས་པའི་དུས་ལ་རན་འདུག ད་ནི་བོད་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་ཆེན་པོ་གཉིས་ཏེ་སྐྱེས་ཆེན་ཚོའི་རིག་གནས་དང་དམངས་ཕལ་བ་ཚོའི་རིག་གནས་གཉིས་ཀྱི་འགལ་འབྲེལ་སྐོར་ལ་དང་དོད་ཅི་འདྲ་བྱེད་དགོས་པར་བསམ་བློ་རྣལ་མ་ཞིག་གཏང་དགོས་པ་འདྲ། ད་ལྟའི་བར་དུ། ང་ཚོས་བོད་པའི་མི་རིགས་འདི་སྐྱེས་ཆེན་དག་གིས་བསྐྲུན་པའི་རིག་གནས་ཀྱི་དཔལ་ཡོན་དེ་ལ་བརྟེན་ནས་འཚོ་ཞིང་གནས་པ་དེར་ཆེད་དམིགས་ཀྱིས་དྲིལ་སྒྲོག་དང་ངོས་འཛིན་ཡང་ཡང་བྱས་ནས་ཡོང་པ་རེད། ཡིན་ན་ཡང་ང་ཚོས་དམངས་ཕལ་བ་དག་གིས་བསྐྲུན་པའི་འཚོ་གནས་ཀྱི་ཤེས་རབ་དེ་དག་ལ་དང་དོད་ནན་མོ་བྱས་མེད་པའམ་བྱེད་པའི་འདུ་ཤེས་སྐྱེས་མེད་པ་འདྲ། གལ་སྲིད། འདས་ཟིན་པའི་ལོ་ངོ་སྟོང་ཕྲག་གི་རིང་ལ། ང་ཚོས་སྐྱེས་ཆེན་ཚོའི་ཤེས་རབ་དེ་ལ་མཐོང་ཆེན་པོ་བྱེད་པ་བཞིན་དམངས་ཕལ་བ་དག་གི་ཤེས་རབ་ལ་ཡང་མཐོང་ཆེན་པོ་བྱས་ཡོད་ཚེ། མཐོ་སྒང་གི་མི་རིགས་འདི་གོ་ལ་ཟླུམ་པོ་འདིའི་ཡང་རྩེ་ནས་ཡང་ཡང་ཕམ་མི་སྲིད་པ་འདྲ།”ཞེས་སྐྱེས་ཆེན་ཚོའི་སྐད་ཆའི་བདག་དབང་གིས་བསྐྲུན་པའི་བྱས་འབྲས་དེར་དམིགས་སུ་བསམ་བློ་བཏང་ཡོད་པ་ནི“གྲོང་ཁྱེར་དུ་སྡོད་པའི་ཞིང་གྲོང་གི་མི”འམ། ཕ་ཡུལ་དང་རིང་དུ་འགྱེ་བཞིན་པའི“ཕྱི་ཐོག་གི་མྱི”ཞེས་པའི་ཚོགས་སྤྱི་དེས་མཐོ་སྒང་དུ་འཚོ་བའི་བོད་ཅེས་པའི་མི་རིགས་འདིའི་མི་རབས་ནས་མི་རབས་བར་བརྒྱུད་པའི་ཤེས་རབ་ལ་བརྩི་འཇོག་དང་། བོད་ཅེས་པའི་མི་རིགས་འདིའི་ཕུན་སུམ་ཚོགས་པའི་རིག་གནས་དེའི་སྤྱི་ཁོག་རྒྱ་བསྐྱེད་ཀྱི་མིག་རྒྱང་དང་བློ་སྤོབས་ཤིག་ཡིན་པ་དང་། མཐར་ཐུག་ནས་བརྗོད་ན་འདི་ནི«འཇམ»ཞེས་པའི་རིག་གཞུང་ཆེད་དེབ་འདིའི་བློ་ཁོག་དང་ནང་སྙིང་གལ་ཆེན་དེ་ཡིན་པ་རེད།
ལྔ།
“སྐྱེས་ཆེན་ཚོའི་རིག་གནས”དང“དམངས་ཕལ་བའི་རིག་གནས”གཉིས་ནི་བོད་ཀྱི་རིག་གནས་ཞེས་པའི་སྒྲོམ་གཞི་འདིའི་ཤ་ཁྲག་རྒྱུས་གསུམ་དང་རྣམ་ཤེས་ལྟ་བུ་ཡིན་ལ། དེ་གཉིས་གཅིག་ལ་གཅིག་རྟེན་གྱི་ཚུལ་གྱིས་བོད་ཀྱི་རིག་གནས་གྲུབ་ཡོད་པས་ན། ངོས་གཅིག་གིས་སྤྱི་ཡོངས་ཀྱི་ཚབ་བྱེད་པ་ནི“འགྲེལ་བྱེད་མཁན་པོ”དག་གིས་ངེས་པར་དུ་འདོར་དགོས་པའི་ལྟ་སྟངས་ཤིག་རེད་སྙམ། དེ་བས། “རིག་གནས”ཞེས་པའི་མཚན་ཉིད་དང་དེའི་ཁྱབ་ཁོངས་ཀྱང་སྲོལ་རྒྱུན་གྱི་རིག་གནས་ཆེ་ཆུང་བཅུའི་རྣམ་གཞག་ལས་རིང་དུ་བརྒལ་ནས་བལྟ་དགོས་ཤིང་། ཆེ་བ་སྟོང་ཉིད་འཚོལ་བའི་ཤེས་རབ་ནས་ཆུང་བ་ཐ་ལ་འགུག་པའི་གླུ་ཆུང་ཡང“སྤྱི་ཚོགས་དོན་དངོས”(社会事实)དང“རིག་གནས”ཞེས་པའི་ངོས་ཐད་ནས་འདྲ་མཉམ་གྱིས་བལྟ་དགོས་པ་ལས། གཅིག་ལས་གཅིག་མཐོ་དང་ཁྱོད་ལས་ང་བཟང་ཞེས་པས་མི་འོང་ཞིང་། རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ། །ཅེས་པ་ནི་རྩ་བའི་རྩ་དོན་དུ་འཛིན་གལ་ཤིན་ཏུ་ཆེའོ། །
ང་ཚོར་གོམས་གཤིས་སུ་ཆགས་པའི་བསམ་པའི་འཁྱེར་སོ་ཁྱད་མཚར་ཞིག་མཆིས་ཏེ། བོད་ཀྱི་རིག་གནས་ཞེས་གླེང་འོང་དུས་སྐྱེས་ཆེན་ཚོས་བསྐྲུན་པའི་རིག་པའི་གནས་དེ་མ་གཏོགས། དམངས་ཕལ་བས་བསྐྲུན་པའི་འཚོ་ཚིས་ཀྱི་ཤེས་རབ་དེར་མཐོང་ཆེན་པོ་མི་སྤྲོད་པ་དང་། སྐྱེས་ཆེན་ཚོའི་རིག་གནས་ཀྱི་སྒྲོམ་གཞི་ཞིག་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས། སྤྱི་ཚོགས་བཅས་ལ་བལྟ་བ་ལས། སྐྱེས་ཆེན་ཚོའི་རིག་གནས་ནི་ལོ་རྒྱུས་སམ་རིག་གནས། སྤྱི་ཚོགས་བཅས་པའི་སྒྲོམ་གཞི་ཆེན་པོ་དེའི་བྱེ་བྲག་ཏུ་བརྩིས་ཏེ་བསམ་བློ་གཏོང་མཁན་ཉུང་ཉུང་རེད། དེ་ནི་ནོར་འཁྲུལ་དང་ཕྱོགས་ལྷུང་གི་བསམ་བློ་ཞིག་སྟེ། ང་ཚོས་སྐྱེས་ཆེན་ཚོས་བསྐྲུན་པའི་རིག་གནས་དེར་སྐད་ཆ་བསྐྲུན། ཐོབ་ཐང་སྤྲད། ཆོ་ལོ་གནང་གནང་མཐར། བོད་ཀྱི་རིག་གནས་དང་ཆོས་ལུགས་རིག་གནས། ཡང་ན“བོད་མི་བྱིངས་ནི་ནང་བའི་ཆོས་ལ་དད་མཁན་ཤ་སྟག་རེད”ཅེས་ཀྱི་བརྗོད་པ་སོགས་ལ་བདེན་ཁ་ཅོག་ཅོག་གིས་མོས་མཐུན་བྱེད། མཐེ་བོང་སྒྲེང་། མཐའ་མར་ང་ཚོའི་རྒྱུད་ལ་གོམས་ཤིང་གཤིས་སུ་གྲུབ་པའི་རིག་གནས་ཀྱི་གཤིས་ཀ་མང་པོ་ཞིག་ཀྱང་གཉོམ་ཆུང་ཆུང་གིས་བག་ལ་ཞ་བར་བཏང་ཞིང་། རང་དང་གཞན་གྱིས་བསྐྲུན་པའི་སྐད་ཆའི་མ་ལག་གང་མང་ཞིག་ལ་བླང་དོར་མེད་པར་བཏང་སྙོམས་སུ་བཞག་མཐར། རང་ཉིད་ཀྱང་འགྲེལ་བརྗོད་ཀྱི་འགལ་འདུའི་ཁྲོད་རིག་གནས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཁ་ཤས་ལ་ཅི་མི་སྙམ་པའི་བརྟུལ་ཞུགས་འཛིན་པའི་གནས་སྟངས་འདི་ཨ་རེ་སྐྱོ།
ཏུན་ཧོང་གི་འཇིག་རྟེན་ཆགས་རབས་ཀྱི་ལོ་རྒྱུས་བརྗོད་པའི་ཡིག་ཆ་ཞིག་ཏུ། “གནའ་མྱི་མཛངས་པའི་དཔེའ་ལ་གསོ”ཞེས་པའི་ཚིག་འབྲུ་འགའ་ཐོན་པ་དང་། རྡོ་རིང་གི་ཡི་གེ་ཞིག་ཏུའང་། “ལྷའི་གཙུག་ལག་མ་ཉམས། གནམ་སའི་ཆོས་དང་མཐུན”ཞེས་པའི་ཚིག་འབྲུ་ཞིག་ཀྱང་བྱུང་ཡོད། ཁོ་བོས“དཔེ”ཞེས་པའི་ཐ་སྙད་འདིའི་ཤུགས་ཀྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཞིག་དང་། འཇིག་རྟེན་ཆགས་རིམ་གྱི་བསམ་བློའི་ངོས་ཐད་ནས“གནམ་སའི་ཆོས་དང་མཐུན”ཞེས་པའི་ལྟ་སྟངས་གཉིས་མཉམ་དུ་སྦྱར་ནས་ལྟ་དུས། ཐོག་མར་སེམས་སུ་འཆར་འོང་བ་ནི་སྐྱེས་ཆེན་ཚོ་དང་དམངས་ཕལ་བ་ཞེས་པའི་རིག་གནས་ཀྱི་རྣམ་པར་དབྱེ་ལུགས་དེ་མ་ཡིན་པར། སྤྱི་ཚོགས་དང་ལོ་རྒྱུས་ཞེས་པའི་སྒྲིག་གཞི་ཆེན་པོ་དེའི་རང་སྟེང་དུ་མཆིས་པའི་སྒྲིག་སྲོལ་འཛུགས་སྐྲུན་དང་སྤྱི་ཚོགས་གཅིག་འདུ་འཕེལ་རྒྱས་ཀྱི་མིག་རྒྱང་ཞིག་མཐོང་བ་དང་། «འཇམ»ཞེས་པའི་གྲོང་ཚོ་ཆུང་ཆུང་འདིའི་རང་སྟེང་དུ་སིམ་ཡོད་པའི་ཐབས་དང་ཤེས་རབ་ཆེན་པོ་ཞིག་རང་བཞིན་གྱིས་དྲན་ཡོང་། དེ་ནི་རི་རྒྱུད་ཀྱི་ལབ་ཙེའམ། སྲིད་པའི་གནའ་གཏམ་མམ། སྡེ་བ་ཚོ་བའམ། ཁྱིམ་ཁ་རུ་མཚེས་སམ། ཕུ་ནུ་མིང་སྲིང་ངམ། ཡུལ་ལྷ་གཞི་བདག་གམ། ཐབས་དང་ཤེས་རབ་ཀྱིས་ཁེངས་པའིMགྲོང་ཚོ་ཞེས་པའི་མཚོན་བྱེད་རང་བཞིན་ལྡན་པའི་ཡུལ་གྲུ་ཞིག་གིས་ང་ཚོར་བྱིན་པའི་འཁོར་བའི་གནས་ལུགས་འབའ་ཞིག་སྟེ། ང་ཚོ་ཁོར་ཡུག་དེའི་ནང་ནས་བྱུང་ཞིང་འཚར་བ་དང་། ནང་ནས་ཕྱི་རུ་འཁྱར་བའི་གོ་རིམ་ཁྲོད། རང་སེམས་རྣལ་དུ་ཕབ་ནས་བསམ་བློ་ཞིག་བཏང་བ་ཡིན་ན། ང་ཚོས“འཇམ་གྱི་རིག་གནས”དེར་དྲིན་གྱི་བུ་ལོན་ག་ཚོད་སྤྲད་ཡོད་དམ།
མདོར་དེད་ན། «འཇམ»ནི་ལྷ་བྱམས་རྒྱལ་གྱི་བརྩམས་ཆོས་ཤིག་རེད་ལ། ང་ཚོ་ཐུན་མོང་ལ་དབང་བའིMགྲོང་ཚོ་དེ་ཡང་རེད་དེ། ང་ཚོས་གཏམ་རྒྱུད་ལ་མཉན་མཉན་ནས་མཚམས་ཤིག་ལ་སླེབས་དུས། གཞི་ནས་གཏམ་རྒྱུད་འཆད་མཁན་གྱི་མི་དེ་དང་མི་དེའི་འགྲོ་འདུག་སྤྱོད་གསུམ་སོགས་རང་བཞིན་གྱིས་སྣང་མེད་དུ་བཏང་འདུག་སྟེ། གཏམ་རྒྱུད་དེ་ནིMགྲོང་ཚོའམ་འཇམ་ཞེས་པ་འདིར་གཏོགས་ནའང་། གཏམ་རྒྱུད་འཆད་མཁན་ནི་ལྷ་བྱམས་རྒྱལ་ཁོ་ན་ག་ལ་ཡིན་ཏེ། «འཇམ»གྱི་རི་དང་ཆུ། ད་དུང་དེ་རུ་འཚོ་བའི་སྙིང་ཉེ་བའི་དམངས་ཕལ་བ་དག་ཀྱང་ཡིན་ནོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注