རིག་གནས་ལྷུག་རྩོམ་ནང་གི་སྲོལ་རྒྱུན་དང་ལོ་རྒྱུས།
གུས་པར་འོས་པའི་འདིར་བཞུགས་ཀྱི་རྩོམ་གྲོགས་རྣམ་པ། སྔ་དྲོ་བདེ་ལེགས། ཐོག་མར་འདི་ནས་ངས་གངས་དབང་གི་ལྷུག་རྩོམ་དེབ་ཕྲེང་འགྲེམས་སྤེལ་གནང་རྗེས། མདོ་དབུས་ཁམས་གསུམ་གྱི་རྩོམ་གྲོགས་ཀུན་གདན་ཐོག་གཅིག་ཏུ་འཛོམས་ནས་བགྲོ་གླེང་གཟབ་རྒྱས་གནང་བར་རྟེན་འབྲེལ་ཞུ་བ་དང་། ཚོགས་འདུ་འཚོག་པར་མཐུན་རྐྱེན་གནང་མཁན་གྱི«མི་རིགས་ཀྱི་རྩོམ་རིག»དུས་དེབ་རྩོམ་སྒྲིག་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ། ཁུལ་རྩོམ་རིག་ལྷན་ཚོགས། «གངས་དཀར་རི་བོ»དུས་དེབ་རྩོམ་སྒྲིག་ཁང་བཅས་ལ་ཐུགས་རྗེ་ཆེ་ཞུ། ལྷག་པར་དུ་གོ་སྐབས་འདི་བརྒྱུད་དེ་སྔོན་མ་ནས་རྩོམ་རིག་བརྩམས་ཆོས་བརྒྱུད་ནས་རྒྱུས་ཡོད་ཡོད་འདྲ་ཆགས་ཡོད་ཀྱང་མངོན་སུམ་འཚོ་བའི་ཁྲོད་དེ་རིང་བར་མཇལ་སྐལ་མ་ལྡན་པའི་རྩོམ་གྲོགས་གངས་དབང་མཆོག་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། དེ་རིང་གི་དུས་ཚོད་འདི་ནི་ཁོང་ལ་མཚོན་ན་གསར་རྩོམ་གྱི་ལམ་ཀ་ནས་དམིགས་བསལ་གྱིས་ཕྱིར་དྲན་བྱེད་རིན་ཡོད་པ་ཞིག་ཡིན་ཏེ། ཚད་ངེས་ཅན་ཞིག་གི་ངོས་ནས་བལྟས་ན་འདི་ལྟར་ཁོང་གི་རྩོམ་རིག་གསར་རྩོམ་ལ་དམིགས་ནས་རྩོམ་པའི་ཁྱུ་མཆོག་མང་པོ་འཛོམས་ཏེ་ཁོང་གི་བརྩམས་ཆོས་བརྗོད་གཞིར་འཇོག་པ་ནི། ཁོང་གི་གསར་རྩོམ་གྱི་གྲུབ་འབྲས་ཤིག་ཡིན་ལ། རྒྱལ་ཁ་ཞིག་ཀྱང་ཡིན་ངེས། དེར་བརྟེན་ཁོང་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན།
འདིར་གསལ་བཤད་བྱ་རྒྱུ་ཞིག་ལ། ང་རང་གི་ལས་ཀ་དངོས་ནི་ཆོས་ལུགས་ཞིབ་འཇུག་ཡིན་པས། ད་ལྟའི་བར་བྱ་བའི་དགོས་དབང་གིས་ཆོས་ལུགས་རིག་གཞུང་གི་བགྲོ་གླེང་ཚོགས་འདུ་མང་པོར་ཞུགས་མྱོང་ཡོད་པ་ལས། རྩོམ་རིག་སྐོར་གྱི་བགྲོ་གླེང་ལ་ཞུགས་པའི་གོ་སྐབས་ཤིན་ཏུ་ཉུང་། དེ་རིང་ཚོགས་འདུ་འདིར་ཞུགས་པའི་ཚེ། དགའ་བ་དང་འཚབ་པའི་འགལ་བ་ཅན་གྱི་ཚོར་བ་འདྲ་མིན་ཞིག་བྱུང་། དགའ་བ་ནི་ང་རང་ཡུན་རིང་མ་མཇལ་བའི་གྲོགས་པོ་དང་ངོ་ཤེས་རྙིང་བ་མང་པོ་ཞིག་ལ་མཇལ་རྒྱུ་བྱུང་བ་དང་། འཚབ་པ་ནི་ང་རང་རྩོམ་རིག་གསར་རྩོམ་ལ་དགའ་མོས་ཡོད་པའི་མི་ཞིག་ཡིན་པ་ལས་རྩོམ་རིག་དཔྱད་བརྗོད་པ་སོགས་ཅི་ཡང་མིན་པས། དེ་རིང་འདི་ལྟར་མི་མང་ཚོགས་ས་ནས། ལྷག་པར་དུ་རྩོམ་རིག་དཔྱད་བརྗོད་པ། རྩོམ་རིག་ཆེད་ལས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཆེན་མོ་སོགས་ཀྱི་མདུན་ནས་རྒན་གངས་དབང་གི་བརྩམས་ཆོས་ལ་དཔྱད་བརྗོད་སྤེལ་བ་ལ། སེམས་ནས་དབང་མེད་དུ་དངངས་འཚབ་ཅིག་ལངས་ཡོང་། འདི་ལྟ་བུའི་དངངས་འཚབ་ནི་ང་རང་གིས་རྩོམ་རིག་དཔྱད་བརྗོད་པའི་ཆེད་ལས་རང་བཞིན་ལ་བརྩི་འཇོག་དང་རྗེས་སུ་ཡི་རངས་ཡོད་པའི་ངོས་འཛིན་གྱི་རྨང་གཞི་ཞིག་གི་ཐོག་ནས་བྱུང་བ་ཡིན་ཏེ། ངའི་སེམས་སུ་གསར་རྩོམ་དང་དཔྱད་འཇོག་ནི་ཟུར་ངོས་མི་འདྲ་བ། ལས་བགོ་མི་འདྲ་བ། ཤེས་བྱ་མི་འདྲ་བ་སྟེ་མི་འདྲ་བ་རྣམ་གསུམ་གྱི་ཐོག་ནས་ཁྱད་པར་ཡོད་པའི་ལས་ཀ་གཉིས་ཡིན་པར་འདོད་པས་སོ། །དེར་བརྟེན་གསལ་བྱེད་འདི་བྱེད་དོན་ཡང་ངས་གཤམ་ནས་གངས་དབང་གི་བརྩམས་ཆོས་སྐོར་ལ་སྐད་ཆ་བཤད་པ་ཡང་། ཀློག་པ་པོ་ཞིག་གི་ངོས་ནས་བཀླགས་ཚོར་ཙམ་སྤེལ་བ་ཡིན་པ་ལས། དཔྱད་བརྗོད་པ་ཞིག་གི་ངོས་ནས་བགྲོ་གླེང་བྱས་པ་མིན།
ངས་དེ་རིང་ཕྱོགས་གཉིས་ནས་ཞུ་འདོད་དེ། ཕྱོགས་དང་པོ་ནི«རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག»ཅེས་པའི་དེབ་ཀློག་དུས་དམིགས་བསལ་གྱི་སེམས་ཚོར་འགའ་བྱུང་བ་ཀུན་ལ་བཤད་པ་དང་། ཕྱོགས་གཉིས་པ་ནི་གངས་དབང་གི་གསར་རྩོམ་བརྒྱུད་ནས་རིག་གནས་ལྷུག་རྩོམ་ནང་གི་སྲོལ་རྒྱུན་དང་ལོ་རྒྱུས། དེ་མིན་འདས་སོང་སོགས་ལ་དམིགས་ནས་ཀུན་ལ་བསམ་ཚུལ་ཁ་ཤས་བགྲོ་གླེང་ཞུ་རྒྱུ་དེ་ཡིན།
དེ་ལ་ཕྱོགས་དང་པོ་ཞུ་བ་ལ། གངས་དབང་གི་ལྷུག་རྩོམ་བཀླགས་རྗེས་སེམས་ཚོར་འགའ་བྱུང་བ་སྟེ། ཐོག་མར། ལྷུག་རྩོམ་རེ་རེའི་ནང་ལྷུག་བརྗོད་བྱེད་མཁན་ལ་གངས་དབང་ཁོང་ལས་ད་དུང་གངས་དགའ་ཟེར་བ་ཞིག་ཡོད་ཅིང་། དེ་གཉིས་ནི་ཁོང་གི་གསར་རྩོམ་གྱི་མགོ་རྔ་བར་གསུམ་དུ་རེས་མོས་དང་ཆབས་ཅིག་ཏུ་མངོན་ཡོང་། ལྷུག་བརྗོད་བྱེད་མཁན་འདི་གཉིས་ནི་ཕྱར་བ་གྲུ་འདེགས་ཀྱིས་ཚུལ་དུ་གནས་ལ། འགལ་བ་ཁ་སྤྲོད་ཀྱི་ཚུལ་དུ་ཡང་གནས་པ་ནི། རྩོམ་རིག་བརྩམས་ཆོས་ཁོ་ནར་ཡོད་ཆོག་པ་ལྟ་བུའི་སྙིང་ཉེ་བའི་གསར་གཏོད་ཅིག་རེད་བསམས། དེར་བརྟེན། གངས་དབང་གི་ལྷུག་རྩོམ་རེ་རེའི་ནང་དུ་རྟོགས་པས་བཏགས་པའི་གངས་དགའ་དང་མངོན་སུམ་འཚོ་བའི་ཁྲོད་ཀྱི་གངས་དབང་། ཁེར་རྐྱང་གི་སེམས་པའི་སྐྱོ་རོགས་གངས་དགའ་དང་ཁེར་རྐྱང་དུ་ལུས་པའི་གངས་དབང་། དེ་མིན་སེམས་ཚོར་རིགས་ཤིག་གི་བསྡུས་གཟུགས་སུ་གྱུར་བའི་གངས་དགའ་དང་ཞེན་ཆགས་དང་ཕངས་སེམས་ཀྱིས་ཁེངས་པའི་གངས་དབང་བཅས་ཁོང་གཉིས་མཉམ་དུ་ལམ་ལ་ཆས་ཐེངས་རེར། ང་ཚོ་ཀློག་པ་པོར་ཁོང་གི་ལྷུག་བརྗོད་ཀྱི་བར་གསེང་ཞིག་ནས་སེམས་ཚོར་དྲག་པོ་ཞིག་བསྐྱེད་ཐུབ་པ་ནི། གས་ཆགས་དང་། གཏོལ་མེད། འགལ་འདུ་དག་ཡིན་ཏེ། དེ་ནི་ལྷུག་བརྗོད་བྱེད་མཁན་འདི་གཉིས་ལམ་དུ་བསྐྱོད་སྐབས་ཡང་ཡང་མིག་ལམ་དུ་མངོན་ཡོང་པའི་གནའ་ཤུལ་གྱི་ཞིག་རལ་དེ་དག་དང་། གསར་དུ་བརྩིགས་པའི་བཟོ་བཀོད་དེ་དག །གནའ་ཉམས་ཅན་གྱི་རྩིགས་ལྡེབས་སུ་ཚོས་མདོག་ཡལ་ལ་ཉེ་བའི་ལྡེབས་བྲིས་དེ་དག །དགོན་པའི་འདུ་ཁང་གསར་བའི་སྟེང་གི་གསེར་མདོག་གི་སྟེང་ཁེབས་དང་རྒྱ་ཕིབས་དེ་དག །ད་དུང་གནའ་མི་རྒན་པ་རེ་གཉིས་ཀྱི་གདོང་གི་གཉེར་རིས་དང་ལག་གི་མ་ཎི་འཁོར་ལོ། ལོ་ཆུང་དག་གི་དར་སྲོལ་གསར་བའི་བཟོ་ལྟ་སྣ་ཚོགས་ཏེ། རྩོམ་པ་པོའི་སྨྱུག་རྩེ་ནས་འདི་ཡོད་ཚད་ཀྱིས་ཀློག་མཁན་ལ་ཟུར་གཉིས་ནས་ངོས་གཅིག་ཏུ་བསྒྲིལ་མི་ཐུབ་པ་དང་། ངོས་གཅིག་ནས་ཟུར་མང་དུ་གྱེས་མི་ཐུབ་པའི་སྐྱོ་ངལ་ཡང་ཡང་སྤྲད་ཡོང་། ཞིབ་ཏུ་བསམ་ན། རིག་གནས་ཕྱིར་རྟོག་སྐོར་གྱི་ལྷུག་རྩོམ་ཕལ་ཆེ་བར་འདི་ལྟ་བུའི་སེམས་ཁམས་ཀྱི་རྨང་གཞི་ཞིག་ཅིས་ཀྱང་ཡོད་སྲིད་པ་འདྲ་ལ། འདི་ལྟ་བུའི་ཚོར་བའི་ཁམས་ཤིག་བསྐྲུན་པའི་ཆེད་དུ་གངས་དབང་མཆོག་གིས་གངས་དགའ་ཟེར་བའི་རྟོགས་བཏགས་ཀྱི་ལམ་གྲོགས་ཤིག་བཞེངས་བསྐྲུན་བྱས་ཤིང་། མཇུག་མཐར་གངས་དགའ་ནི་གངས་དབང་ཡིན་ལ། གངས་དབང་ཡང་གངས་དགའ་ཡིན་པ་ལྟ་བུ་ཞིག་བྲིས་འདུག །ང་རང་གིས་བལྟས་ན། འདི་ནི་ཁོང་གི་ལྷུག་རྩོམ་གསར་རྩོམ་དེར་རྩོམ་རིག་གི་ཁྱད་གཤིས་མངོན་པར་མཚོན་ཐུབ་པའི་ཐམ་ཀ་ཞིག་བརྒྱབ་པ་ལྟར་གྱི་དགེ་མཚན་འདུག་བསམས།
བར་དུ། བརྗོད་སྙིང་གི་ཆ་ནས་བལྟས་ན། གངས་དབང་ནི་ནམ་ཡང་གསར་རྙིང་གི་སོ་མཚམས་ཤིག་ནས་འགྲེང་སྟེ། རྙིང་པ་གང་ཞིག་ཡལ་བཞིན་པ་དང་གསར་བ་གང་ཞིག་ཡོང་བཞིན་པའི་སྐོར་ལ་ཚོར་སྣང་ཡང་ཡང་བྱེད་མཁན་ཞིག་རེད། ཁོང་གི་ལྷུག་རྩོམ་ནང་དུ་རང་ཡུལ་ཀྱི་གྲུ་ག་གང་མང་ཞིག་ན་ཀུན་གྱིས་དོ་སྣང་ཆེར་མི་བྱེད་ལ་དུས་ཚོད་ཀྱི་ཆར་ཆུས་འཇིག་ལ་ཉེ་བའི་གནའ་ཤུལ་མང་པོ་ཞིག་ཡོད་པ་དེ་དག་གི་ད་ལྟའི་རྣམ་པ་ཞིབ་འབྲི་ཡང་ཡང་བྱས་འདུག་ཅིང་། གནའ་ཤུལ་དེ་དག་དང་འབྲེལ་བའི་ངག་རྒྱུན་དང་། ཡིག་ཚང་གི་ཟིན་ཐོ་སོགས་ཀྱང་བཅར་འདྲི་དང་ཞིབ་འཚོལ་གང་མང་བྱས་འདུག །དེ་དང་ཆབས་ཅིག་ཏུ། གངས་དབང་གིས་གནའ་ཤུལ་དེ་དག་གི་ཉེ་འགྲམ་གང་རུང་ངམ་ཡང་ན་གནའ་ཤུལ་རང་སྟེང་དུ་ཡོད་པའི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་ཡར་རྒྱས་སུ་ཕྱིན་པའི་རྟགས་མཚན་དུ་གྱུར་ཡོད་པའི་འཛུགས་སྐྲུན་སྣ་ཚོགས་ཀྱི་རྣམ་པ་ཡང་ཞིབ་འབྲི་བྱས་འདུག །གསར་རྙིང་གི་སོ་མཚམས་ནས་བསམས་གཞིགས་ཡང་ཡང་བྱེད་པ་ནི་གངས་དབང་གིས་རང་ཡུལ་རང་གིས་བསྐོར་དུས་གཏན་ཆགས་སུ་གྱུར་བའི་བཟོ་ལྟ་ཞིག་ཡིན་པ་འདྲ་ལ། དེ་བས་ཀྱང་ཁོང་གི་ལྷུག་རྩོམ་ཡོད་ཚད་བརྗོད་སྙིང་གི་ངོས་ནས་གཞི་གཅིག་ཏུ་འབབ་ས་དེ་ཡང་ཡིན་པ་འདྲ། སྤྱིར་འདི་ནི་རིག་གནས་ཕྱིར་རྟོག་གི་ལྷུག་རྩོམ་ཡོད་ཚད་ལ་རང་ཆས་སུ་མངའ་བའི་ཐུན་མོང་གི་ཁྱད་གཤིས་ཤིག་ཀྱང་ཡིན་ངེས། བརྗོད་སྙིང་འདི་འདྲར་ཡང་ལྷུག་རྩོམ་རང་ངོས་ནས་དགེ་མཚན་མི་དམན་པ་ཞིག་ཡོད་དེ། དེ་ནི་ལྷུག་བརྗོད་ཀྱི་ཟུར་སྣེ་ཇི་ལྟར་ཕུན་སུམ་ཚོགས་པར་གྱུར་བའམ། གླེང་བར་བྱ་བའི་དོན་དག་གི་སྣ་ཇི་ལྟར་མང་ན་ཡང་། ཕྱོགས་སུ་བཞད་པའི་མེ་ཏོག་གི་འདབ་མ་མང་པོ་དབུས་ཀྱི་ཟེའུ་འབྲུ་གཅིག་གིས་གཞོགས་གཅིག་ཏུ་བསྡུ་བ་ལྟར། ཕྱི་ཡི་རྣམ་པ་སྣ་ཚོགས་ཀྱང་ནང་གི་བརྗོད་སྙིང་གཅིག་ལ་གཞོལ་དགོས་པའི་ལྷུག་རྩོམ་རྩོམ་ལུས་ཀྱི་རྩ་བའི་རེ་འདུན་དང་མཐུན་པར་གྱུར་ཡོད།
གསུམ་ནས། རྩོམ་རིག་གི་མཛེས་དཔྱོད་ཀྱི་ཆ་ནས་མངོན་པའི་ཁྱད་ཆོས་ནི། གངས་དབང་གི་ལྷུག་རྩོམ་གསར་རྩོམ་གྱི་རྒྱལ་ཁ་ཆེ་ཤོས་དེ་རེད་སྙམ། འདི་ལ་རྒྱུ་མཚན་གཉིས་ཡོད་དེ། དང་པོ་ནི་གངས་དབང་གི་ལྷུག་རྩོམ་ནང་ཁོར་ཡུག་ཞིབ་འབྲི་ཡིན་ན་ཡང་འདྲ། འཇགས་དངོས་དང་འགུལ་དངོས་གང་རུང་ཞིབ་འབྲི་ཡིན་ན་ཡང་འདྲ། ཁྱོན་ཆེ་ས་དང་ཞིབ་ཚགས་སའི་ཞིབ་འབྲི་གང་ཡིན་རུང་། ཁོང་ལ་མཛེས་ཤིང་སྡུག་པ་དང་། ཡི་གར་འོང་བ། སྡུ་གུར་བཀྲ་བ། སྙན་ཞིང་འཇེབས་པ། མཚར་ཅིང་སྒེག་པ་སོགས་ཏེ། མདོར་ན་ཡིད་འོང་གི་བྱ་དངོས་ཀྱི་ཕྱི་ནང་གསང་གསུམ་དུ་མངོན་ལྐོག་གང་རུང་གིས་ཡོད་པའི་མཛེས་པའི་ཆ་དེ་ལ་གཞན་དང་མི་འདྲ་བའི་ཚོར་བ་སྐྱེན་པོ་ཞིག་འདུག །བྱ་དངོས་ཀྱི་མཛེས་པའི་ཆ་དེ་ལ་ཚོར་ཤེས་རྣོ་བ་ནི་རྩོམ་རིག་གསར་རྩོམ་ལ་འཇུག་མཁན་ཞིག་ལ་འཛོམས་དགོས་པའི་ལྷན་སྐྱེས་ཀྱི་འཇོན་ཐང་ཞིག་ཡིན་ངེས། འདིའི་ངོས་ཐད་ནས་གངས་དབང་གི་ལྷུག་རྩོམ་ནང་རྒྱལ་ཁ་མང་པོ་བླངས་འདུག་བསམས། ང་ཚོས་ཁོང་དང་ལྷན་དུ་རང་ཡུལ་རང་གིས་བསྐོར་བའི་ལམ་དུ་ཞོགས་པའི་ཉི་ཟེར་དང་། དགོངས་ཁའི་མཚམས་སྤྲིན། ཆར་རྗེས་ཀྱི་ནགས་ཚལ། མཁའ་རླུང་ནང་གི་བསུང་ངད། སྨུག་པའི་ནང་གི་གླུ་སྐད་སོགས་ཉམས་སུ་མྱངས་ཐུབ་པར་མ་ཟད། རླུང་གིས་སྒུལ་བའི་ལོ་མའི་ཁུད་དུ་འདར་ཞིང་འཁྱོམ་པའི་ཟིལ་བ་རྡོག་གཅིག་གི་ཕྱི་གསལ་ནང་གསལ་དང་། ལྷིང་འཇགས་ཀྱི་ལྡུམ་རའི་མེ་ཏོག་གི་གསེང་ན་གསེར་སྦྲང་ཞིག་གིས་གཤོག་ཟུང་འགུལ་བའི་སིར་སྒྲ་སོགས་ཀྱང་ཉམས་སུ་མྱོང་ཐུབ། རྒྱུ་མཚན་གཉིས་པ་ནི་གངས་དབང་གི་ལྷུག་རྩོམ་ཕལ་ཆེ་ཤོས་ཀྱིས་སྐྱོ་སྣང་གདན་དུ་བཏིངས་ནས་སྤྲོ་སྣང་གླུ་རུ་བླངས་འདུག་པར་སྙམ་ཏེ། འདི་ནི་རྩོམ་རིག་གི་མཛེས་དཔྱོད་ཐད་རྣམ་ཀུན་རྩོམ་མཁན་མང་པོ་ཞིག་ཅུང་སླེབས་ཁག་པོ་ཡིན་པའི་མཐོ་ཚད་ཅིག་ཀྱང་རེད། མིག་ཆུ་ཤོར་བཞིན་དགོད་པ་དང་། གད་མོ་དགོད་བཞིན་ངུ་བ། སྙི་མོའི་ནང་གི་མཁྲེགས་པོ་དང་། མཁྲེགས་པོའི་ནང་གི་སྙི་མོ། དེ་བཞིན་དགའ་བཞིན་དགའ་བཞིན་སྡང་བ། སྡང་བཞིན་སྡང་བཞིན་དགའ་བ་སོགས་ཏེ། མི་ཡི་སེམས་ཟེར་བ་འདི་ལ་གཏད་སོ་དང་ཆ་འཇོག་ངེས་གཏན་ཞིག་རྩ་བ་ནས་ཡོད་མི་སྲིད་ཅིང་། འདི་ལ་མཛེས་དཔྱོད་ཀྱིས་ཁེངས་ཡོད་པ་རེད།
ཕྱོགས་གཉིས་པ་ནི། རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་ཅེས་པའི་དེབ་འདི་བརྒྱུད་ནས་སྲོལ་རྒྱུན་དང་ལོ་རྒྱུས། དེ་མིན་འདས་སོང་སོགས་རྩོམ་རིག་གསར་རྩོམ་དུ་ཇི་ལྟར་མངོན་མཚོན་བྱེད་པའི་སྐོར་ལ་དམིགས་ནས་ཀུན་ལ་བསམ་ཚུལ་ཁ་ཤས་བགྲོ་གླེང་ཞུ་འདོད་བྱུང་། དེ་ཡང་བཤད་སྟངས་ཤིག་ལ། ད་ལྟ་བའི་མི་སྒེར་བ་རེ་རེ་ནི་མི་རང་ཉིད་སོ་སོའི་འདས་སོང་གི་བཙོན་མ་ཡིན་ལ། ད་ལྟ་བའི་མི་རིགས་ཤིག་ལ་མཚོན་ན་ཡང་མི་རིགས་དེའི་ལོ་རྒྱུས་ཀྱི་བཙོན་མ་ཡིན་ནོ་ཞེས་སྐད་དོ། །བསྡོམས་ཚིག་འདི་ལ་གོ་རྒྱུ་གཏིང་ཟབ་མོ་ཞིག་ཡོད་དེ། ང་ཚོ་ཇི་ལྟར་མདུན་དུ་བསྐྱོད་ཀྱང་ང་ཚོས་ཇི་ལྟར་གསར་བ་བསྙེགས་ཀྱང་། ནམ་ཡང་བཀག་རྒྱ་ཞིག་ལས་ཐར་མི་ཐུབ། བཀག་རྒྱ་དེ་ནི་ང་ཚོའི་འདས་ཟིན་པའི་ལོ་རྒྱུས་དང་བརྒྱུད་མྱོང་བའི་ལམ་བུ་དེ་དག་ཡིན་ཏེ། ཞིབ་ཏུ་བསམས་ན། དེ་ལ་བཀག་རྒྱ་ཞེས་བཏགས་ན་ཡང་འཚམས་པོ་མིན་པ་འདྲ་ཞིང་། དོན་དམ་དུ་ང་ཚོར་ཇི་ལྟ་བུའི་ད་ལྟ་བ་ཞིག་ཡོད་པ་དེ་ནི་ང་ཚོའི་འདས་ཟིན་པའི་ལོ་རྒྱུས་ཀྱིས་ཐག་གཅོད་པ་དེའི་དོན་རེད། དེར་བརྟེན་ང་ཚོ་སོ་སོ་རང་ཉིད་ཀྱི་འདས་སོང་གི་མི་ཚེ་ཡི་བཙོན་མར་གྱུར་བ་དང་མི་རིགས་ཤིག་ཀྱང་རང་གི་འདས་སོང་པའི་ལོ་རྒྱུས་ཀྱི་བཙོན་མར་གྱུར་བ་ནི། དོན་དམ་དུ་རྒྱལ་ཁ་ཞིག་ཡིན་ནམ་ཕམ་ཁ་ཞིག་ཡིན་པ་ཕལ་ཆེར་མཚན་ཉིད་རིག་པ་སྨྲ་བ་སུ་ལ་ཡང་ཁྲུན་ཐག་ཆོད་པའི་ལན་ཞིག་ཡོད་མི་སྲིད་པ་འདྲ། ངོས་འདི་ནས་བགྲོ་གླེང་བྱས་ན། སྒྱུ་རྩལ་རྩོམ་རིག་གིས་མཚམས་རེར“ཁ་ཕྱིར་འཁོར་བའི”ཉམས་ཀྱིས་གསར་རྩོམ་བྱེད་པ་སྟེ། ཞིང་གྲོང་དང་གྱེས་ཏེ་གྲོང་ཁྱེར་དུ་སླེབས་མཁན་དག་གིས་ཞིང་གྲོང་དྲན་པའི་རྩོམ་འབྲི་ཞིང་། མི་རྒན་པར་གྱུར་བའི་རྩོམ་མཁན་དག་གིས་བྱིས་དུས་ཀྱི་གནས་སྐབས་མང་པོ་འབྲི་བ། དེང་རབས་ཅན་གྱི་གསར་གཏོད་གང་མང་ལ་ཁ་གཏད་ནས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པར་གསལ་འདེབས་བྱེད་པ་སོགས་ཏེ། འདིའི་སྐོར་ལ་སྨྱུག་ཁ་གཞོལ་མཁན་ཤིན་ཏུ་མང་། དེ་རིང་ང་ཚོས་འདི་གར་བགྲོ་གླེང་བྱེད་པའི་གངས་དབང་གིས་རིག་གནས་ལྷུག་རྩོམ་ཡང་ཁྱབ་ཁོངས་འདི་རུ་གཏོགས་པ་ཞིག་རེད། སྤྱིར་རྩོམ་རིག་གསར་རྩོམ་ཁྲོད་ཇི་ལྟར་འདས་སོང་དང་། སྲོལ་རྒྱུན། ལོ་རྒྱུས་སོགས་མངོན་མཚོན་བྱེད་པ་དང་། དེར་རྩོམ་རིག་གི་ངོས་ནས་ཇི་ལྟར་གདེང་འཇོག་བྱེད་པ། ཡང་ན་དེ་ཡི་སྐོར་ལ་རྩོམ་རིག་གི་ཁྱད་ཆོས་ཡོད་པའི་བསམ་གཞིགས་ཇི་ལྟར་བྱེད་པ་སོགས་ནི། རྩོམ་རིག་བརྩམས་ཆོས་དེ་བརྩམས་ཆོས་ཕལ་བ་ཞིག་ནས་སྤུས་ལེགས་ཤིག་ཏུ་མཐོར་འདེགས་བྱེད་པ་དང་། སྤྱིར་བཏང་གི་རྩོམ་རིག་གི་སྤྲོས་བརྗོད་ཅིག་ནས་མཚན་ཉིད་རིག་པའི་ཟབ་ཚད་ཡོད་པའི་རྩོམ་རིག་བརྩམས་ཆོས་ཐུན་མོང་མ་ཡིན་པ་ཞིག་ཏུ་འགྲོ་བའི་གནད་འགག་རེད་སྙམ་ཏེ། ལྷག་པར་རིག་གནས་ཕྱིར་རྟོག་གི་ཁྱད་ཆོས་ཡོད་པའི་ལྷུག་རྩོམ་དག་ལ་མཚོན་ན་དེ་བས་ཀྱང་དེ་འདྲ་རེད་སྙམ། འདིའི་སྐོར་ལ་ང་རང་ཉིད་ལ་བསམ་ཚུལ་འདི་འདྲ་གསུམ་འདུག
གཅིག་ནི། རྩོམ་རིག་བརྩམས་ཆོས་ཀྱི་ནང་གི་འདས་སོང་དང་ལོ་རྒྱུས། སྲོལ་རྒྱུན་སོགས་ནི་དུས་ཀྱི་བཅད་མཚམས་ཁོ་ན་ཙམ་མ་ཡིན་པར། འགྲོ་བ་མིའི་རིགས་ཀྱི་རྒྱུད་དུ་བག་ལ་ཞ་བའི་རྙིང་ཞེན་རིགས་ཤིག་ལ་ངོས་བཟུང་ནས་བྲིས་ན་རྩོམ་རིག་གི་ནང་དོན་ཇེ་ཟབ་ཏུ་འགྲོ་བ་འདྲ། སྤྱིར་ང་ཚོར་ཐུན་མོང་གི་ཉམས་མྱོང་ཞིག་ཡོད་པ་ནི། གཞིས་ན་གནས་མཁན་དག་ནི་བྱེས་ལ་རེ་སྨོན་བྱེད་ཅིང་། བྱེས་ན་ཡོད་མཁན་གིས་གཞིས་ལ་ལོག་འདོད་བྱེད་པ། དམིགས་སར་བསྙེག་མཁན་དག་གིས་མདུན་གྱི་ལམ་བུར་རྒྱང་ལྟ་དང་། དམིགས་སར་སླེབས་མཁན་དག་གིས་རྒྱབ་ཀྱི་ལམ་ལ་ཕྱི་མིག་བྱེད་པ་སོགས་ཏེ། མདོར་ན་ང་ཚོ་བཞུར་ནས་འགྲོ་བའི་དུས་ཚོད་དང་འགྱུར་ནས་འགྲོ་བའི་བྱ་དངོས་ཀྱི་ཁ་གཏད་ནས་དུས་ནམ་ཡང་མངོན་འགྱུར་མ་བྱུང་བའམ་ཐོབ་མ་ཐུབ་པ་དེར་འདོད་འདུན་གྱིས་ཁེངས་ཤིང་། དེ་བས་ཀྱང་ཤོར་ཟིན་པ་དང་འགྱུར་ཟིན་པ་དེར་དམིགས་བསལ་གྱི་འཁྲེང་ཞེན་ཞིག་གིས་ཁེངས་ཡོད་པ་རེད། འདི་ནི་མི་ཟེར་བའི་སྲོག་ཆགས་འདིའི་གདོད་མའི་རང་གཤིས་ཤིག་ཡིན་སྲིད། གནད་འདིའི་ངོས་ནས་ང་ཚོར་བསམ་བློ་གཏང་རྒྱུ་ཞིག་ཡོད་པ་ནི། མིག་ཐོག་ལག་ཟིན་དུ་གྱུར་བའམ་ཐོབ་ཟིན་པའི་ད་ལྟའི་བྱ་དངོས་འདི་ཡོད་ཚད་ཡང་དག་པ་ཡིན་པའི་ངེས་པ་མེད་ལ། ཡང་ཚང་མ་ནོར་ཡོད་པའི་ངེས་པ་ཡང་མེད། དེ་བས་ཀྱང་འདས་ཟིན་པའམ་ཤོར་ཟིན་པའི་བྱུང་བ་ཡོད་ཚད་ཡང་དག་པ་ཡིན་པའི་ངེས་པ་མེད་ལ། ནོར་ཟིན་པའི་ངེས་པ་ཡང་མེད། ང་ཚོ་ཅིའི་ཕྱིར་འདི་ལྟར་མདུན་ཐད་ཀྱི་འབྱུང་འགྱུར་གྱི་ཆ་དེར་རེ་ལྟོས་ཀྱིས་ཁེངས་ཤིང་། རྒྱབ་ཕྱོགས་ཀྱི་འདས་ཟིན་དུ་གྱུར་བའི་ཆ་དེར་འཁྲང་ཞེན་གྱིས་ཁེངས་པ་རེད་དམ་ཅེ་ན། འདི་ནི་མི་ཟེར་བའི་སྲོག་ཆགས་འདིའི་གདོད་མའི་རང་གཤིས་སམ། རང་གཤིས་ནང་གི་འགལ་འདུའི་ཆ་དེར་འབྲེལ་བ་ཡོད། འདི་ནི་མདོར་དེད་ན་མི་རང་སྟེང་ནས་ལན་བཙལ་དགོས་པ་ཞིག་རེད། མ་མཐའ་ཡང་རྩོམ་རིག་བརྩམས་ཆོས་ཀྱིས་བརྗོད་བྱ་འདི་རིགས་སྔོག་འདོན་བྱེད་དུས་གཏིང་འདི་ལྟར་ཇེ་ཟབ་ཏུ་གཏོང་ཐུབ་ན། གཞི་ནས་རྩོམ་པ་པོའི་བློ་གྲོས་ཀྱ་ཕུག་ཤིན་ཏུ་རིང་བ་རྟོག་ཐུབ་པ་འདྲ། དེར་བརྟེན། གངས་དགའ་མཆོག་གིས་ཀྱང་རིག་གནས་ལྷུག་རྩོམ་གྱི་བརྩམས་ཆོས་འདི་དག་འབྲི་དུས། རྩོམ་ནང་གི་སྲོལ་རྒྱུན་དང་སྲོལ་རྒྱུན་གྱི་བརྡ་རྟགས་སུ་གྱུར་བ་ཡོད་དོ་ཅོག་ལ་དམིགས་པ་བསྐོར་དུས་འདི་ལྟ་བུའི་ངེས་རྟོགས་ཤིག་ཡོད་པར་བྱས་ཏེ། བརྗོད་པར་བྱ་བ་རང་ཡུལ་རང་གིས་བསྐོར་བའི་མཐོང་ཐོས་དེ་དག་ཡིན་ན་ཡང་། སྟོན་པར་བྱེད་པའི་མྱོང་བ་བཅས་ནི་ས་ཁོངས་ངེས་ཅན་དང་། མི་རིགས་ངེས་ཅན། རྒྱལ་ཁོངས་ངེས་ཅན་ལས་ཡོངས་སུ་བརྒལ་ནས་འགྲོ་བ་མིའི་རིགས་ཐུན་མོང་གི་རྒྱུད་ན་བག་ལ་ཞ་བའི་གསར་དད་རྙིང་ཞེན་གྱི་ཆ་ཞིག་སྔོག་པ་དང་། དེ་ལ་བགྲོ་གླེང་བྱེད་ཐུབ་ན་དངོས་ནས་ཁྱད་མཚར་པོའི་གསར་རྩོམ་སྤུས་དག་གང་མང་འགྲུབ་ངེས་པ་གདོན་མི་ཟ།
གཉིས་ནི། རྩོམ་རིག་བརྩམས་ཆོས་ནང་འདས་སོང་དང་ལོ་རྒྱུས། སྲོལ་རྒྱུན་སོགས་གླེང་བ་ནི་གནའ་ཤུལ་དང་གནའ་མི་དེ་དག་གླེང་བ་ཁོ་ན་ཙམ་མ་ཡིན་པར། ང་ཚོས་འབོར་བཞིན་པའི་བསམ་བློ་ཞིག་གམ་སྙིང་སྟོབས་རིགས་ཤིག་གླེང་དགོས་པ་དེ་གཙོ་སྙམ། ད་ལྟ་ཀུན་ལ་གཅིག་མཐུན་གྱི་ལྟ་ཚུལ་ཞིག་ཡོད་པ་ནི། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་འགྱུར་གྱི་ངོས་ནས་བལྟས་ན། རིག་གནས(文化)དང་དཔལ་ཡོན(文明)གཉིས་ནི་ཁྱད་པར་ཡོད་པའི་ཐ་སྙད་གཉིས་ཡིན་ཏེ། དེ་ཡང་རིག་གནས་ལ་ལེགས་ཉེས་དགེ་སྡུག་གི་ཁྱད་པར་ཡོད་ན། དཔལ་ཡོན་ནི་མིའི་རིགས་འདི་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་བཀག་རྒྱ་ལས་ཐར་བར་མཐའ་གཅིག་ཏུ་རོགས་འདེགས་ཀྱི་ནུས་པ་ཐོན་པའི་གསར་གཏོད་དེ་རིགས་ལ་སྟོན་པར་བྱེད། ཁྱད་པར་འདི་ནི་ང་ཚོས་རང་གི་ལོ་རྒྱུས་དང་འདས་སོང་། རིག་གནས་སོགས་ལ་དཔྱད་འཇོག་བྱེད་པའི་རྩ་བའི་རྣམ་འགྱུར་ཅིག་ཀྱང་ཡིན་ཆོག་པ་འདྲ། གནད་འདི་འདྲ་ཞིག་གི་ངོས་ནས་དཔྱད་ན། ང་ཚོས་རྩོམ་རིག་གསར་རྩོམ་དང་ལྷག་པར་དུ་རིག་གནས་ལྷུག་རྩོམ་ནང་དུ། ལོ་རྒྱུས་སམ་ལོ་རྒྱུས་ཀྱི་ཤུལ་བཞག་ཅིག །སྲོལ་རྒྱུན་ནམ་སྲོལ་རྒྱུན་གྱི་གོམས་སྲོལ་ཞིག །འདས་སོང་ངམ་འདས་སོང་གི་ངག་རྒྱུན་སོགས་འབྲི་དུས། འདི་དག་གི་ད་ལྟའི་གནས་སྟངས་ཞིབ་འབྲི་དང་བྱུང་རབས་འབྱུང་ཁུངས་ཕུག་འདེད་བྱེད་རྒྱུ་ལས་གཞན། རིག་གནས་ཀྱི་ཤུལ་བཞག་འདི་དག་ནང་གི་དཔལ་ཡོན་གྱི་ཆ་དེར་བཅུད་ལེན་དང་ཉིང་བསྡུ་བྱེད་རྒྱུ་གལ་ཤིན་ཏུ་ཆེ་བར་བསམས། ལྷག་པར་དུ་རིག་གནས་གང་ཞིག་གིས་བསྐྱེད་པའི་ལེགས་ཉེས་དགེ་སྡུག་གི་ཆ་ལ་རྩོམ་མཁན་རང་གི་རྣམ་དཔྱོད་ཀྱི་ཉེར་ལེན་ཡོད་དགོས་ལ། ད་ལྟའི་ཆར་ང་ཚོས་འབོར་བཞིན་པའི་སྲོལ་རྒྱུན་གྱི་སྙིང་སྟོབས་རིགས་ཤིག་གམ། བསམ་བློ་རིགས་ཤིག །དཔའ་གདེང་རིགས་ཤིག །ཤེས་རབ་རིགས་ཤིག་སོགས་ལ་ཕྱིར་འགུག་པའི་ལག་བརྡ་སྦྲན་དགོས། དཔེ་བཞག་ན། ང་ཚོས་ཡུལ་ཐག་རིང་ཞིག་གི་གྲུ་ག་ན་ཆར་ཆུས་འཇིག་བཞིན་པའི་གནའ་བོའི་ལྷ་ཁང་ཆུང་ངུ་ཞིག་འབྲི་བ་ལ་ཡང་། སྨྱུག་ཁ་ཕྱི་བསྐོར་ནང་བསྐོར་གང་མང་བྱས་ཆོག་སྟེ། ལྷ་ཁང་དེའི་འདས་མ་ད་གསུམ་གྱི་འཕེལ་འགྲིབ་བྲིས་པ་བརྒྱུད་ནས་འདི་ལྟ་བུའི་ཆགས་འཇིག་གིས་མངོན་པར་སྟོན་པའི་ཆེ་བ་འཇིག་རྟེན་གྱི་ལྡོག་ཏུ་མེད་པའི་ཆོས་ཉིད་ཆེན་པོ་དང་། འབྲིང་བ་ལྷ་ཁང་དེས་མཚོན་པའི་རིག་གནས་ཀྱི་ནང་སྙིང་། ཆུང་བ་ལྷ་ཁང་དེ་ད་དུང་མ་འཇིག་པར་གནས་ཡོད་པའི་དགོས་མཁོ་སོགས་ལ་ཡང་བསམ་གཞིགས་ཞིབ་ཏུ་བཏང་ནས་བྲིས་ན་ཅིས་མི་བཟང་ངམ། མདོར་ན། རྩོམ་རིག་གི་ནང་དུ་རིག་གནས་ཕྱིར་རྟོག་གི་ལྷུག་རྩོམ་འབྲི་བ་ལ། མཐོང་ཐོས་མྱོང་གསུམ་གང་བྱུང་བ་དེ་ཚིག་སྙན་མོས་ལྷུག་བརྗོད་ཁོ་ནའི་ངོས་ནས་མི་བསྐྱུར་བར། རྒྱ་ཆེ་ལ་གཏིང་ཟབ་པའི་དཔྱད་འཇོག་གི་བགྲོ་གླེང་ཡོད་ཆོག་ཅིང་། བསམ་པའི་དུང་ཞེན་གྱི་དབང་དུ་གྱུར་བའི་དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་འགྱུར་བ་སྟོན་པ་ཁོ་ནས་མི་ཚིམ་པར། དཔྱོད་ཤེས་ཀྱི་བསམ་གཞིགས་ཀྱང་རྩོམ་གྱི་བར་བར་དང་མཚམས་མཚམས་སུ་འོད་དུ་འཚེར་ཡོང་ན་ཆོག་སྟེ། མཐར་གཏུགས་ན་སྲོལ་རྒྱུན་གྱི་སྐོར་ལ། རྩོམ་པ་པོས་དངོས་ལུགས་རང་བཞིན་གྱི་འགྱུར་ལྡོག(物理层面的变化)ཁོ་ནར་བློ་མི་ཕྱོགས་པར། རྫས་འགྱུར་རང་བཞིན་གྱི་གཞན་འགྱུར(化学层面的变异)ལ་ཡང་དོ་སྣང་ཡོད་པར་བྱ་དགོས་པར་སྙམ།
གསུམ་ནི། རིག་གནས་ལྷུག་རྩོམ་ནང་སྲོལ་རྒྱུན་དང་ལོ་རྒྱུས་ནི་ཕྱིར་དྲན་ཁོ་ན་བྱེད་པའི་འདས་སོང་ཙམ་།
མ་ཡིན་པར། མ་འོངས་པ་ལ་རྒྱང་ལྟ་དང་དོ་ཁུར་བྱེད་སའི་སྒེའུ་ཁུང་ཞིག་ལ་ངོས་བཟུང་ནས་བྲིས་ན་རིན་ཐང་དེ་བས་ཀྱང་ཆེ་སྙམ། ང་ཚོ་སུས་ཀྱང་ཤེས་པ་ནི་ལོ་རྒྱུས་འབྲི་བ་ནི་ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་འབྲི་བ་མ་ཡིན་ལ། དེ་བཞིན་སྲོལ་རྒྱུན་འབྲི་བ་ཡང་སྲོལ་རྒྱུན་གྱི་ཆེད་དུ་སྲོལ་རྒྱུན་འབྲི་བ་མ་ཡིན། ང་ཚོས་འདས་སོང་ལ་བློ་ཕྱོགས་པ་ཡང་མ་འོངས་པར་ཡང་དག་པར་འགྲོ་བའི་ཆེད་ཡིན་ལ། ང་ཚོས་རྒྱབ་ཕྱོགས་ལ་ཕྱི་མིག་སློག་པ་ཡང་མདུན་ཕྱོགས་ལ་རྒྱང་ལྟ་བྱེད་པའི་ཆེད་རེད། དེར་བརྟེན། ལོ་རྒྱུས་ནི་བྱུང་རབས་དང་དོན་དངོས་གཙིགས་སུ་འཛིན་པ་ལས་ད་དུང་གལ་འགངས་ཆེ་བ་ཞིག་ཡོད་པ་ནི་ཉམས་མྱོང་དང་བསླབ་བྱ། སྣ་སུན་དང་བློ་སྐྱེད་སོགས་ལ་སྤྱི་བསྡོམས་བྱེད་པ་དེ་རེད། སྲོལ་རྒྱུན་ཡང་དེ་བཞིན་དེ། འགྲོ་སྟངས་འདུག་སྟངས་སོགས་ཀྱི་གོམས་སྲོལ་གྱི་བྱུང་འཕེལ་ཕུ་འདེད་ལུང་འདེད་བྱེད་པ་ལས་ད་དུང་གལ་འགངས་ཆེ་བ་ཞིག་ཡོད་པ་ནི་ད་ལྟའི་ཆར་སྲོལ་རྒྱུན་འདི་དག་ལས་འདོར་ལེན་ཅི་འདྲ་ཞིག་བྱེད་དགོས་པ་དེ་ཡིན་པ་འདྲ། གནད་འདིའི་ངོས་ནས་བཤད་ན། རིག་གནས་ལྷུག་རྩོམ་ནང་ལོ་རྒྱུས་དང་སྲོལ་རྒྱུན་འབྲི་བ་ལ། ཀུན་སློང་གི་ཉེར་བསྡོགས་འདི་འདྲ་ཞིག་ཡོད་པར་བྱས་ན། གཞི་ནས་གནའ་བོའི་མི་རིགས་འདིའི་ཁང་རྙིང་གི་སྒེའུ་ཁུང་ཆེ་རུ་བརྒྱངས་ཐུབ་ལ། སྒེའུ་ཁུང་དེ་ལས་ཕྱི་རོལ་གྱི་ཡུལ་ལྗོངས་ཀྱང་མང་ཙམ་མཐོང་སྲིད་ངེས།
རྩོམ་གྲོགས་རྣམ་པ། གོང་གི་ཕྱོགས་གཉིས་ཀྱི་བསམ་ཚུལ་ནི་ངས་རྩོམ་པ་པོ་གངས་དབང་མཆོག་གི་རིག་གནས་ལྷུག་རྩོམ་བཀླགས་པའི་མྱོང་ཚོར་ཙམ་ཡིན།
མཐར། ཡོད་ཚད་བོད་སྐད་ཡིག་མི་ཉམས་གོང་དུ་འཕེལ་བ་དང་བོད་ཀྱི་རྩོམ་རིག་ཡར་ངོའི་ཟླ་ལྟར་འཕེལ་བའི་རྒྱུ་རུ་བསྔོའོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注