ཉི་མའི་འོག་གི་བྱིའུ་ཆུང་།

མདོ་སྨད་ཧེ་རུ་ཀ

        བྱིའུ་ཆུང་ཁྱུ་ཞིག་ཁ་བའི་ཁྲོད་དུ་ཞོགས་ཡོང་སྟེ་རྒུམ་བུ་འཚོལ། དཀར་གཙང་གི་ཁ་བའི་ངོས་སུ། བྱིའུ་ཆུང་གི་གྲིབ་མ་འཁྱུག་འཁྱུག་འགུལ། འཚོལ་འདོད་ཀྱི་མཆུ་འདབ་ཡང་མོ་གང་སར་འབྲད། གཡའ་དག་པའི་ཨ་སྔོན་གྱི་དབྱིངས་སུ། འོད་འཚེར་བའི་ཉི་མའི་དྲོད་ཁོལ་གྱིས་ཁ་བ་ཞུ་བས། བྱིའུ་ཆུང་ཚོས་སྡོང་རྒན་སྐྱེས་པའི་ལམ་འགྲམ་ནས་རྒུམ་བུ་རྙེད་བྱུང་། རྔ་སྒྲོ་ལྡེམ་ལྡེམ་གྱིས་བཏུས་བྱུང་། སྒྲོ་གཤོག་མཉེན་མཉེན་གྱིས་སྤྲུགས་བྱུང་། མིག་མདངས་རྣོ་ལ་བརྡར་བའི་འོད་ཟེར་གྱི་ཀློང་ནས། རྣམ་རིག་རྒྱང་ལ་གཏད་པའི་རྒྱང་རིང་མཐོང་ཡོང་།

        དུས་ཚོད་ཀྱི་རྩིད་སྐུད་འཐག་པའི་ཡོལ་བའི་ངོས་སུ། དབྱངས་གསལ་གྱི་རི་མོ་དཀར་ནག་ཕབ། དེ་ནི་ཁ་བའི་ཁྲོད་དུ་བབས་པའི་བྱིའུ་ཆུང་དང་འདྲ་སྟེ། སྙན་ཞིང་འཇེབས་པའི་གྲེ་འགྱུར་གྱི་ཁུགས་སོར་མི་ཡུལ་གྱི་གཏམ་རྒྱུད་བསྒྲོན། ཡིད་དུ་འོང་བའི་སྒྲོ་སྤུའི་མཛེས་སྡུག་གི་བར་ལ་དབྱངས་གསལ་གྱི་རི་མོ་འབྲི།

        དུས་ཚིགས་ཀྱི་འགྱུར་བག་ཅི་འདྲའི་རྒོད་ཀྱང་། བྱིའུ་ཆུང་གི་གྲེ་འགྱུར་མཐོ་སྒང་གི་ལྷིང་འཇགས་དཀྲོགས་པའི་རོལ་མོ་དང་འདྲ་སྟེ། ཉི་ནུབ་དང་ཞོགས་པ། ས་སྲོས་དང་སྐྱ་རེངས། ཁ་ཆར་དང་བུ་ཡུག་གང་གིས་ཀྱང་མ་ཟིན་པའི་ལོ་ཟླའི་འགྱུར་ཁུགས་རིང་མོ་ཡིན།

        རྒྱང་རིང་ནི་དཔྱིད་ཀ་ཡིན། རྒྱང་རིང་ནི་བྱིའུ་ཆུང་ཚོའི་གཤོག་ཟུང་གི་རི་མོ་ཕབ་སའི་ཉི་འོད་འོག་གི་ནམ་མཁའ་ཡིན། དངོས་ཡོད་དང་རྨི་ལམ་གྱི་མཚམས་སུ་རྒུམ་བུ་འཐུ་སའི་རྟག་བརྟན་གྱི་ས་གཞིའང་ཡིན། འགག་ཏུ་མེད་པའི་སྙན་འཇེབས་ཀྱི་གྲེ་འགྱུར་ཕྲ་མོ། ཟད་དུ་མེད་པའི་དུས་ཚོད་ཀྱི་ཆུ་མོའི་རྒྱུན་ལ་བཅོལ་ཏེ་བཞུར།

        ཞོགས་པར། དཔེ་ཁུག་ནང་ལ་ཉི་ཟེར་གྱི་འཛུམ་མདངས་བཅུག་པའི་བྱིས་པ་ཁྱུ་ཞིག་ཞོགས་ཡོང་སྟེ། ལམ་འགྲམ་གྱི་བྱིའུ་ཆུང་ཁྱུ་ཞིག་དཀྲོགས་སོང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号