སྡེ་ཆེན་རྩེད་ར།
གླུ་མ་ལྕགས་མོ་རྒྱལ་ལ་ཕུལ་བ།
ཐུ་བོ་ཆེ།
༡
བྱང་ཐང་གི་ཀླུང་ནས་མཆེད་པའི་གླུ་སྐད་དེ་སུའི་རེད། དབྱར་ཁའི་སྨུག་ཀློང་དང་དགུན་གྱི་ཁངས་སྐྱའི་ཁྲོད་འཕྱོ་བའི་གླུ་སྐད་དེ་སུའི་རེད། མཚན་མོར་སྦར་བའི་ཨོང་བའི་མེ་ཕུང་ལ་བརྩེ་འདང་གི་གླུ་སྐད་ཐོག་མ་བསྒོ་མཁན་དེ་སུ་རེད། སྐར་ཚོགས་ཐང་མར་བརྡལ་པའི་གནམ་འོག་ཏུ་ནང་ན་ཟླའི་རྩེ་མགོ་འཛིན་མཁན་དེ་སུ་རེད། ནོར་ལུག་གཟན་ལ་བཀྲམ་པའི་རི་གཤོང་དེར་ལ་གཞས་སྙན་མོ་གྲེ་འགྱུར་དབྱངས་ལ་འགུགས་མཁན་དེ་སུ་རེད། ནམ་རྒྱུན་དྲི་བ་འདི་དག་ཡིད་ལ་དྲན་ཐེངས་རེ་རེར། ངས་རང་དབང་མེད་པར་ཕ་ཡུལ་འབྲོག་རི་ན་འཚོ་བའི་རུ་ཁ་ཁྱིམ་མཚེས་དག་དང་ཁ་ཡ་ན་ཟླ་ཚོ་དྲན་འོང་ལ། དེ་དང་ཆབས་ཅིག་སྡེ་ཆེན་རྩེད་ར་ཞོལ་མ་ན་སྔར་ལྟར་འཚོ་ཞིང་གཞེས་པའི་གླུ་མ་ཞིག་གི་སྐད་ངག་དང་སྨྲ་རྗོད་དག་མོའི་ཚིག་འབྲུ་དག་ཀྱང་ཝ་ལེར་དྲན་ཡོང་བར་མ་ཟད། ལྕགས་མོ་རྒྱལ་ཞེས་པའི་མིང་འདིས་སྡེ་ཆེན་པོའི་རྩེད་ར་ཞོགས་པའི་སྐྱ་རེངས་བཞིན་འུར་གྱིས་དཀྲོགས་ཚུལ་ཡང་ཝ་ལེར་དྲན་བྱུང་།
༢
ངས་གནམ་འོག་གི་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་མཐའ་དག་སློབ་དཔོན་དམ་པ་གང་ཞིག་གི་བུ་སློབ་ཏུ་བརྩི་མི་ཕོད་ཅིང་། སྲིད་པ་འདིའི་ལྷན་སྐྱེས་ཀྱི་བློ་རིག་མངའ་མཁན་ཚང་མའང་རྩ་འཛུགས་གང་ཞིག་གིས་ཆེད་དུ་གསོ་སྐྱོང་བྱས་པར་བརྗོད་མི་འདོད། རྒྱུ་མཚན་ནི་མི་ཡུལ་འདིར་གདོད་མ་ཉིད་ནས་རང་བྱུང་ངང་གིས་གྲུབ་ཅིང་འབད་མེད་ལྷུན་གྱིས་བྱུང་བ་ནི། ང་ཚོའི་འབད་འབུངས་དང་ཧུར་བརྩོན་ཁོ་ནས་གཞར་ཡང་འགྲུབ་ཐབས་བྲལ་པས་སོ། །ངས་ཀྱང་དེང་སང་གི་གསར་འགོད་པ་ཁ་ཅིག་ལྟར་ལྕགས་མོ་རྒྱལ་ལ་ས་གནས་དང་སྲིད་གཞུང་གིས་ཆེད་དུ་གསོ་སྐྱོང་དང་ཟུར་ཁྲིད་བྱས་པར་བསྒྲགས་ཆོག་ཅིང་། གཉེན་ཉེ་དང་ཁྱིམ་མཚེས་དག་གིས་བསམ་གཟས་ནས་ལ་གཞས་བསླབས་པར་ཡང་འུར་ཆོག་ཆོག་ཡིན་མོད། འོན་ཀྱང་དོན་དངོས་ནི་དེ་དག་དང་རྒྱང་ཐག་ཤིན་ཏུ་རིང་། གལ་སྲིད་ལྕགས་མོ་རྒྱལ་ལ་ངེས་པར་སློབ་དཔོན་ལྟ་བུའི་ཕྱི་རོལ་ཡུལ་གྱི་མཐུན་རྐྱེན་གང་ཞིག་ཚང་དགོས་ཟེར་ན། སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་མོའི་ལྷན་སྐྱེས་ཀྱི་དགའ་ཁ་འཁྱེར་ཕྱོགས་སོགས་ནི་མོ་སྡེ་ཆེན་པོའི་རྩེད་རར་འཁྲིད་པའི་ཤུགས་རྐྱེན་དང་སྔོན་འགྲོ་ཉག་གཅིག་ལོས་ཡིན་བསམས། ངས་བསམས་ན་ལྕགས་མོ་རྒྱལ་ནི་ཆུང་དུས་སུ་ནོར་ལུག་གི་རྨིག་རྗེས་ལ་བསྙེགས་པའི་ཞི་མོ་བསམ་མེད་ཅིག་ལས། སློབ་གྲྭའི་ར་བར་དགེ་རྒན་གྱི་སྙུག་ལྕག་འོག་འཚོ་བའི་སྐལ་ལྡན་སློབ་བུ་ཞིག་ཅིས་ཀྱང་ཡིན་མི་སྲིད་ལ། མགོ་སྐྲ་ལན་བུར་བསླེས་ཤིང་སློག་པར་ཁ་ཆོན་བརྒྱབ་པའི་ཕྱུགས་རྫི་བུ་མོ་ཞིག་ལས། གླང་རྫིའི་དོར་མ་གྱོན་ཞིང་ནུ་ཕྱེད་མངོན་པར་སྟོན་པའི་དེང་གི་གར་སྟེགས་སྟེང་འཕྱོ་བའི་གླུ་མ་ཤོམ་ཅན་དེ་ཚོ་དང་ཁྱོན་ནས་བསྡུར་ཐབས་མེད། ངས་འདི་ལྟར་བསམ་གྱིན་བསམ་གྱིན་ལྕགས་མོ་རྒྱལ་གྱི་བྱིས་དུས་ཡིད་ལ་འཁོར་ཡོང་། མོ་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་འབྲོག་ཁུལ་ཞིག་ནས་འཚར་ལོངས་བྱུང་ཞིང་། གཞོན་པའི་ལང་ཚོ་གཉོམ་པོ་སྦྲ་ནག་གི་ཐུ་འོག་ལ་བཅོལ་ཏེ། སྐར་ཚོགས་ལྷམ་མེར་བཞད་པའི་མཚན་མོ་རིང་བོར་སྡེ་ཆེན་པོའི་གྲག་འགུལ་ལ་རྣ་བ་བླགས་ཡོད། ཁྲིགས་ཁྲིགས་མེད་ན། སྐྱ་མི་དར་མ་ཞིག་གིས་ལམ་ཁ་ནས་གོ་བའི་གླུ་སྐད་དྭངས་མོ་དེ་ནི་མོའི་གླུ་སྐད་ཡིན་སྲིད་ཅིང་། མནའ་མ་ཡར་གསེག་ཅིག་གིས་སྦྲ་སྒོར་འོ་མ་དཀྲོག་སྐབས་སུ་ཐོས་པའི་སྨུག་ལོང་ཁྲོད་ཀྱི་སྨེང་གླུ་ལེན་མཁན་དེའང་མོ་ཡིན་སྲིད། ད་དུང་རྡང་མཐའི་ལྕི་བ་ཕུད་སར་སེམས་ཀྱི་དུངས་པ་གང་ཡོད་སྣ་གླུར་འདྲེན་མཁན་ནི་མོ་ཡིན་སྲིད་ལ། རི་ཁའི་ཨོང་བ་འཐུ་སར་ཡིད་ཀྱི་བརྩེ་བ་མཐའ་དག་རྫི་གླུར་འགུགས་མཁན་ཡང་མོ་ཡིན་སྲིད། རེད་ཡ། བསམ་ཞིང་བསམས་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་སྐབས་ཀྱི་དབེན་ཞིང་འཇགས་པའི་རུ་སྡེ་དེར། མོས་མི་ཡུལ་འདིར་བཤད་འདོད་པ་མང་བོ་ཞིག་ད་དུང་བཤད་ཐབས་མེད་ཅིང་། མོས་འཇིག་རྟེན་འདིར་བཅངས་པའི་དགའ་སྐྱོ་ཆགས་སྡང་མང་བོ་ཞིག་ལ་གཞན་གྱིས་རྒྱུས་ལོན་བྱེད་ཐབས་བྲལ། དེའི་ཕྱིར། མཐོན་པོའི་རི་དང་དམའ་མོའི་གཤོང་། སྔོན་མོ་སྤང་དང་ཡངས་པའི་ཐང་། ཆུ་བོའི་འགྲམ་སོགས་གང་ཞིག་ཏུའང་། མོས་ནོར་ལུག་གི་རྨིག་རྗེས་སྙེག་བཞིན་རང་གི་དགའ་སྐྱོ་དང་སྐྱིད་སྡུག མཛའ་དུངས་དང་སྨྲེང་ཞེན་གང་ཡོད་གཞས་ལ་དྲངས་ཤིང་གླུ་རུ་གྱེར་པ་དང་། མི་ཚེའི་ཆགས་སྡང་གི་གསང་བ་མང་བོའང་ལ་གཞས་ལས་བཤད་ཅིང་ལ་གཞས་ལས་རྟོགས་ཐུབ། དུས་དེ་ནས་བཟུང་སྟེ། མོས་འཇིག་རྟེན་འདིར་བཤད་འདོད་ཅིང་མ་ཤོད་པའི་སེམས་འགྱུ་ཡོད་ཚད། མོས་མི་ཡུལ་འདིར་བསྒྲུབ་འདོད་ཅིང་མ་འགྲུབ་པའི་བྱ་བཞག་མཐའ་དག འཁོར་བའི་དྭངས་གཙང་གི་བགྱི་བ་གང་མང་། སྲིད་པའི་སྐྱུར་རྫོབ་ཀྱི་ལས་དོན་སྣ་ཚོགས་གླུ་ངག་ཏུ་བཀོད་དེ། སྡེ་ཆེན་པོའི་རྩེད་ལམ་རིང་མོར་མོའི་ལ་གཞས་ཀྱི་དབྱངས་སྙན་ལྷང་ལྷང་མཆེད་ལ། མོས་མི་ཚེའི་འདུན་མ་གང་ཞིག་ལ་གཞས་ཀྱི་གླུ་སྐད་དྭངས་མོར་བཅོལ། དུས་དེ་ནས་བཟུང་སྟེ། ལ་གཞས་ཀྱི་ཁྲོད་ན་མོའི་མི་ཚེ་དང་འདུན་མ་ཡོད།རེ་བ་དང་ཕུགས་བསམ་ཡོད། སྨྲེང་སེམས་དང་སྐྱོ་ངལ་ཡོད། དགའ་བ་དང་སྤྲོ་སྣང་ཡོད། སྐྱིད་སྡུག་དང་ཆགས་སྡང་ཡོད། མདོར་ན་ལ་གཞས་ནི་མོའི་བདེན་དོན་དང་སེམས་གཏམ་ཡོད་ཚད་ཡིན་ཞིང་། ལྷད་མེད་སེམས་ཀྱི་ཟབ་ས་ནས་འཕོས་པའི་དོན་ཆེན་ཚིག་གི་མགུར་མའང་ཡིན་ནོ། །
༣
ལྕགས་མོ་རྒྱལ་ལ་མཚོན་ན། ལ་གཞས་ནི་འཚོ་བའི་རོལ་རྩེད་དང་བྱ་བའི་ཆེད་ལས་ཤིག་མིན་ལ། རྡོ་ཆག་བཙན་བསྒྲིགས་དང་ཨུ་ཚུགས་ལྕག་འདེད་ཀྱིས་བསྒྲིགས་པ་ཞིག་ནི་དེ་བས་ཀྱང་མིན། མོར་མཚོན་ན་ལ་གཞས་ནི་མི་ཚེར་བགྲོ་གླེང་དང་དཔྱད་འཇོག་བྱེད་པའི་སྐད་བརྡ་གཞན་ཞིག་སྟེ། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་སྤྱོད་ཅིང་གོམས་པར་གྱུར་པའི་སྒྱུ་རྩལ་མཚོན་ཐབས་ཀྱིས་ཕྱུག་པའི་སྐད་བརྡ་ཁྱད་པར་བ་ཞིག་རེད། སྐད་བརྡ་དེ་ཉིད་སྤྱད་ནས་མོས་བདེན་པའི་ངོ་སོ་བསྟད་ཆོག་ཅིང་རྫུན་གྱི་རྐུབ་ཁུང་ཡང་བསྔོག་ཆོག རང་གི་སྐྱེས་ཁུངས་དང་ལོ་རྒྱུས་བཤད་ཆོག་ལ། གཞན་པའི་བསམ་ཕྱོགས་དང་ལྟ་བའང་དྲི་ཆོག སྡང་སར་སྡིགས་མོ་བྱ་ཆོག་ལ་དགའ་སར་སེམས་གཏམ་ཡང་བརྗོད་ཆོག མོར་མཚོན་ན་མེས་པོས་བསྐྱུར་པའི་ལ་གཞས་ནི་འཇིག་རྟེན་ཞིག་སྟེ། འཇིག་རྟེན་དེ་ཁོ་ནར་ད་གཟོད་སུས་ཀྱང་ཚུལ་འཆོས་དང་སྤམ་རྫུ་ཡོད་ཚད་དོར་ནས་རང་སེམས་ཀྱི་སྙིང་གཏམ་དྲོན་མོ་སྨྲ་ཆོག་པ་ཡིན། དོན་དམ་གྱི་འབྲོག་རིའི་གླུ་མ་ཞིག་ལ་མཚོན་ན། ལ་གཞས་ནི་ནང་སེམས་ཀྱི་གསང་བ་བརྗོད་པའི་སྐད་བརྡ་གཞན་ཞིག་ཡིན་པ་ལས། དེ་ནི་གར་སྟེགས་སྟེང་ངོ་སོ་ངོམ་སྤྱད་ཅིག་དང་། ཕ་རོལ་པོ་ཕམ་པར་བརྒྱབ་སྟེ་བྱ་དགའ་ལེན་སྤྱད་ཅིག་ཏུ་གཏན་ནས་བསམ་གྱིན་མེད། སྐད་ཆ་བཤད་ནས་མཚམས་འདིར་སླེབས་དུས། ངས་སྐྱེ་བོ་གཞན་གྱི་ནང་རྒྱུས་མི་ལོན་པར་བསྟོད་སྨད་ཀྱི་གདེང་འཇོག་བྱ་རྒྱུར་དགའ་བའི་དྲིལ་སྒྲོག་པ་ཚོར་གཏམ་འདི་འདྲ་ཞིག་ཀྱང་སྨྲ་འདོད་དེ། གལ་སྲིད་ཁྱོད་འབྲོག་སའི་རི་ཀླུང་ལ་ཆ་རྒྱུས་མེད་ཕྱིར། སྔོ་ལྗང་ལྗང་གི་སྒང་གཤོང་རིང་མོར་ངོ་མཚར་སྐྱེ་སྲིད་ལ་ཨ་ཐང་ཆད་ཀྱང་སྲིད། གདོད་མའི་དབྱངས་རྟར་བཀུག་པའི་ལ་གཞས་ལའང་ངོ་མཚར་སྐྱེ་སྲིད་ལ་སུན་སྣང་ཡང་སྐྱེ་སྲིད། ཁྱོད་ཚོས་རི་ཁའི་ལ་གཞས་ཀྱང་དེང་གི་རིག་ཚན་བྱེ་བྲག་སོ་སོ་དང་འདྲ་བར། སློབ་གྲྭ་གང་ཞིག་ནས་ཁྲིད་ཅིང་དགེ་རྒན་སུ་ཞིག་གིས་བསླབས་པར་ཡང་སྙམ་སྲིད་པ་ནི་ནོར་འཁྲུལ་གྱི་ཕུང་བོ་འབའ་ཞིག་ལས་མ་འདས་སོ། །ཁ་བརྡའི་ཚིག་ལ་འཛད་མཐའ་མེད་པ་དེ་བཞིན་དུ། ལྕགས་མོ་རྒྱལ་གྱི་ལ་གཞས་ལའང་འཛད་མཐའ་མེད་ཅིང་། འཚོ་བའི་དགའ་སྐྱོ་དང་ཆགས་སྡང་གི་སྲིད་པའི་སྒྲུང་རིང་ནི་བཤད་ཀྱང་རྫོགས་མཐའ་བྲལ་པ་བཞིན་དུ། ལྕགས་མོ་རྒྱལ་གྱི་ལ་གཞས་ལ་ཡང་རྫོགས་མཐའ་བྲལ་པ་རེད། གནའ་བོའི་ལོ་རྒྱུས་ཀྱི་གནའ་ཤུལ་འགའ་རེ་ནི་ལོ་ངོ་ཁྲི་སྟོང་འགོར་ཡང་རང་བྱུང་ལ་རང་བྱུང་ཐིམ་པའི་ཚུལ་ལས། སད་སེར་རླུང་གསུམ་གྱིས་འཇིག་པའི་སྐབས་མ་མཆིས་པ་དེ་འདྲ་ཡོད་སྲིད་ན། གླུ་མ་ལྕགས་མོ་རྒྱལ་གྱི་ལ་གཞས་ཀྱང་མོ་ལ་མཚོན་ན་འཚོ་བ་ལ་འཚོ་བ་ཐིམ་པའི་ངང་ཚུལ་ལམ། ཁ་བརྡ་ལ་ཁ་བརྡ་འདྲེས་པའི་ཚུལ་དུ་མོའི་སྐད་བརྡ་གཞན་ཞིག་ཏུ་གྱུར་ཡོད་པས། སྤྱི་ཚོགས་ཀྱི་འཚོ་བ་མ་ཚར་ན་མོའི་ལ་གཞས་ཀྱང་བླངས་ནས་འཛད་མི་སྲིད་དོ། །
༤
ད་ལྟ་དུས་ཀྱི་འཕོ་འགྱུར་གྱི་དབང་གིས། དེང་མའི་སྦྲ་ནག་དང་ནོར་ཁྱུ། མཚན་མོའི་མེ་ཕུང་དང་རྫི་གླུ་མཐའ་དག་སྤྱི་ཚོགས་ཀྱི་བས་མཐར་ལུས་ཤིང་དུས་ཀྱིས་བསྐལ་པར་གྱུར་ལ། གླུ་མ་ཡང་གཞོན་པའི་ན་ཚོད་ལས་བརྒལ་ཏེ་སྡེ་ཆེན་པོའི་གྲོང་ལ་གྱེས་བྲལ་ཞུ་བའི་སྐབས་སུ་སླེབས་མོད། དེ་ལྟ་ནའང་སྡེ་ཆེན་པོའི་གྲོང་ལ་ཕྱི་མིག་དང་འཁྲེང་སེམས་རྫོགས་མེད་ཅིག་གིས་མནར་བས། ལྕགས་མོ་རྒྱལ་ལ་མཚོན་ན་སྔར་བཞིན་རི་ལུང་དྲ་རྒྱ་ཆེན་པོའི་དོལ་ལ་ལྷུང་ཐེངས་རེར། གླུ་ངག་ལྡེམ་པོ་རེ་ངག་ནས་དབང་མེད་དུ་འཆོར་བཞིན་ཡོད་ལ། ཁ་ཡ་ན་ཟླ་འཛོམས་སའི་ཁྲོམ་ནས་ཀྱང་། ཇ་ཆང་གི་མཆོད་ཁ་ལྟ་བུའི་གླུ་གཞས་དྭངས་མོ་བར་མེད་དུ་རིགས་མཐུན་ཚོའི་རྣ་བའི་གསོས་སུ་འབུལ་གྱིན་མཆིས། དུས་དེང་སང་ནི“སྟོད་གངས་དཀར་གངས་རི་ཞུ་སོང་། །སྨད་གཡུ་མཚོ་ཕྱུག་མོ་བསྐམས་སོང་། །ནགས་ལོ་མས་ཤུགས་གླུ་བླངས་སོང་། །སྦྲ་མཐིང་སྨུག་ཆོན་ཁ་བརྡིབས་སོང་། །”བའི་ཚུལ་དུ་བདོག་པས། སྤྱིར་ཡིན་ན་མོས་ཀྱང་རང་གི་ན་སོ་གཞོན་པའི་དགའ་ཕྱོགས་དང་ཕུགས་རེ་དེ་ཉིད་མདང་གི་རྨི་ལམ་ལྟར་དགོང་ཁའི་འཇའ་ཚོན་ལ་བསྟིམ་འོས་མོད། ཡིན་ནའང་ཆུང་དུས་ཕ་མེས་ཚོས་བཞག་པའི་བག་ཆགས་སམ། གཞོན་དུས་རང་ཉིད་གོམས་པའི་སྣང་བའམ། རྒས་དུས་རང་སེམས་འཁྲེང་བའི་སྨྲེང་བ་ཞིག་གིས་མོ་སྔར་ལྟར་ལ་གཞས་འདི་ལ་དུངས་ཤིང་སྤྲོ་བས། ཉིན་མོའི་འཕྲུལ་སྣང་དང་མཚན་མོའི་རྨི་ལམ་གང་དུའང་རི་ཀླུང་བྱེ་བར་བསྲིངས་པའི་ལ་གཞས་ཀྱིས་མོའི་མི་ཚེའི་ལམ་གྲོགས་བྱེད་བཞིན་ཡོད་པ་རེད།
༥
གླུ་མ་ལྕགས་མོ་རྒྱལ་གྱིས་འདི་ལྟར་སྡེ་ཆེན་པོའི་གྲོང་ལ་ཕྱི་མིག་འཕེན་བཞིན་འུ་ཅག་དང་ཁ་ཐག་རིང་དུ་འགྱེད་བཞིན་འདུག མོས་བརྩེ་དུངས་སྙིམ་གང་འཐུས་ཤིང་འཁྲེང་སེམས་རུམ་གང་ཁྱེར་ཏེ་སྡེ་ཆེན་པོའི་རྩེད་རར་གྱེས་ཕྱག་ཞུ་བཞིན་མཆིས། མོས་རང་གི་མི་ཚེ་རིང་མོ་ལ་གཞས་ཀྱི་གླུ་ངག་ལ་དྲངས་ཤིང་སྙིང་གཏམ་གྱི་སོ་ཁ་རུ་བརྡར་ནས་གང་དུ་འགྲོ། འབྲུག་ཕོ་ཆུང་སིང་སིང་གྲག་སའི་རྨ་རྒྱལ་སྦོམ་རར་ལྷ་དར་བསྒྲོན་ཅིང་། བྱ་ཁུ་ལོས་གསུང་སྙན་འཇོ་སའི་ཡར་ཀླུང་གཙང་བོར་སྙན་དར་འཐེན་ནས་གང་དུ་འགྲོ། རྟ་འདོ་བར་སྒ་སྙེད་བརྒྱབ་ཅིང་གཡུ་བྱི་རུ་རྒྱབ་ཏུ་ཁུར་ནས་ཐག་རིང་གི་ཡུལ་ཕྱོགས་གང་དུ་འགྲོའམ། མོ་དངོས་གནས་འགྲོ་རན་འདུག མོ་ག་ལེར་བཞུད་ཤུལ་དུ། ང་ཚོས་ད་དུང་སྔར་བཞིན་སྔོ་ལྗང་ཀློང་དུ་འཁྱིལ་བའི་མུ་མེད་ཀྱི་རྩྭ་ཐང་མཐོང་ཐུབ་བམ། རྩྭ་ཐང་གི་ཁུགས་པར་རུས་སྦལ་ལྟར་སྡོད་པའི་སྦྲ་ནག་གི་དྲོལ་ཁོལ་མྱོང་ཐུབ་བམ། རི་ཐང་གི་མཚམས་སུ་གཟན་ལ་བཀྲམ་པའི་རྟ་ནོར་དང་ལུག་ཁྱུ་མཐོང་ཐུབ་བམ། ད་དུང་ལུག་ཁྱུའི་མཐའ་ནས་མཆེད་པའི་ལ་གཞས་སྙན་མོ་དེ་གོ་ཐུབ་བམ། མོ་གཞི་ནས་འགྲོ་རན་སོང་། དུས་རབས་འདིའང་མོའི་གླུ་སྐད་དང་ལྷན་དུ་ཆས་འགྲོ། མི་རབས་ཤིག་ཀྱང་མོའི་སྙིང་གཏམ་དང་འགྲོགས་ནས་བཞུད་འགྲོ། ང་ཚོར་ཡང་བསྐྱར་རྩྭ་ཐང་ནས་འཇོལ་མོ་ལྟར་གྲེ་འགྱུར་སྒྲོག་པའི་གླུ་མ་གཞན་ཞིག་འབྱུང་སྲིད་དམ། ང་ཚོས་མཚན་མོའི་རྩྭ་ཐང་གི་ཕང་བར་བསྒྲོན་པའི་ཨོང་བའི་མེ་ཕུང་དང་ནང་ན་ཟླའི་རྩེད་ར་དེ་ཡང་བསྐྱར་མཐོང་སྲིད་དམ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注