མེ་ཏོག་དང་བགྲེས་མོ།

གདོན་མིག

ལྷགས་རླུང་དང་རྡུལ་འཚུབ་ཁྲོད་འཆི་བདག་གི་ཐག་པ་ལྟར་སྣར་བའི་དཔྱིད་ཀ་འདི་ཅི་འདྲའི་རིང་བ་ལ། བུ་ཆུང་ས་མཐར་ལྡོམ་ནས་ལོ་ངོ་བཅུ་ལྷག་ཕྱིན་སོང་། ཁོ་སོང་ནས་ལོ་ངོ་བཞི་ཙམ་འདས་པའི་ལོ་དེའི་དཔྱིད་ཀར་ཁོའི་ཕ་རྒན་གཡང་སྐྱབས་འཇིག་རྟེན་མི་ཡུལ་དང་བྲལ། ཁོ་དེ་དུས་ཀྱང་ཕྱིར་ལོག་མ་བྱུང་། ཕ་རྒན་གཡང་སྐྱབས་མ་འདས་པའི་སྔར་ལོར་བུ་མོ་འཛོམས་སྐྱིད་རྨ་ཆུའི་རྟ་ར་ནས་ཡིན་པའི་རང་གི་དབུས་རོགས་ཀུན་དགའ་ཚང་ལ་བག་མར་བྱིན།

བུ་ཆུང་ཕྱི་ལ་འཁྱམས་ནས་ཡུན་རིང་འགོར་ནའང་། ནད་ཡམས་བྱུང་བའི་དགུན་ཁ་དེ་ནས་བཟུང་ཨ་མ་ལ་ཁ་པར་ཐེངས་གཅིག་ཀྱང་འབྱོར་མ་སོང་།

“མ་བུ་མོའི་གནས་ཐག་རིང་ན་བཟང”ཞེས་པའི་དཔེ་ལྟར་བུ་མོ་འཛོམས་སྐྱིད་རྨ་ཕ་རིར་གནས་ལ་བྱིན་པ་ནས་བཟུང་། ལོ་རེར་ཐེངས་རེ་མ་གཏོགས་ཡུལ་ལ་སྐོར་ཞིག་རྒྱག་དུའང་ཡོང་ཐུབ་ཀྱི་མེད་ལ། ཐུབ་རུང་མ་ཐུབ་རུང་། གནས་ལ་བྱིན་རྗེས་གཞན་གྱི་མི་རེད། དེ་འདྲའི་རང་དབང་ལ་ཡོང་བ་ཞིག་ག་ལ་ཡིན།

ཨ་མ་ཚེ་འཛིན་སྐྱིད་ཀྱི་ཁྱོ་ག་གཡང་སྐྱབས་ཚེ་ལས་འདས་པའི་ལོ་དེར། ཨ་མ་ཚེ་འཛིན་སྐྱིད་རྫོང་མཁར་དེའི་རྒན་གསོ་ཁང་དུ་མི་འགྲོ་ག་མེད་བྱུང་། ལོ་ན་བདུན་ཅུར་ཉེ་བའི་བགྲེས་མོ་ཞིག་བཟའ་ཟླ་དང་བུ་ཕྲུག་གིས་བསྐྱུར་རྗེས། མོར་སུ་ཞིག་གིས་ཁ་སྐོལ་གཉོར་སྐྱོང་བྱའམ། ཁྱིམ་མཚེས་རྒད་པོ་ཁྱི་སོ་ཡིས་བཤད་ན། རྒན་གསོ་ཁང་དུ་རྒ་རྒས་མང་པོ་ཡོད་པས། དེ་དག་དང་མཉམ་དུ་བསྡད་ན་སུན་སྣང་མི་སྐྱེ་བར་འཚོ་བ་བསྐྱལ་ཆོག་ཟེར། གང་ལྟར། ཨ་མ་ཚེ་འཛིན་སྐྱིད་རྒ་རྒས་བཅུ་དྲུག་ལྷག་ལས་མེད་པའིTརྫོང་མཁར་གྱི་རྒན་གསོ་ཁང་འདིར་ཡོང་ནས་ཟླ་འགའ་འདས་ལ་ཉེ།

རྒན་གསོ་ཁང་འདི་ནིTརྫོང་མཁར་གྱི་ཤར་ལྷོའི་གྲོང་མཐར་ཡོད། རྩི་དཀར་པོ་བྱུགས་པའི་ཐོག་ཁང་སུམ་རྩེག་ཅན་ཞིག་ཡིན། ཨར་འདམ་དང་གྱོ་མོག་གིས་བཟོས་པའི་ར་སྐོར་བརྒྱབ་ཡོད། ནང་དུ་རྒན་པོ་དྲུག་དང་རྒན་མོ་བཅུ་འདུག ཟ་མ་བསྐོལ་མི་དགོས་ལ་ལྭ་བའང་བཀྲུ་མི་དགོས། སྒལ་བ་རྡུང་མཁན་དང་རྐང་ལག་འཕུར་མཉེད་བྱེད་མཁན་ཡང་འདུག དེ་ལྟར་ཟླ་དྲུག་ཙམ་གྱི་རིང་ལ་མོ་རང་ཆེས་ལོབས་ཤིང་འདྲིས་པ་ནི་རྒན་པོ་ཤེས་རབ་རེད། རྒན་པོ་ཤེས་རབ་མོ་ལས་ལོ་ན་བཞི་ཡིས་ཆུང་བས་རྐང་ལག་ཅུང་ཙམ་བདེ་ལ། ཁ་བརྡ་བཤད་མཁས་པོ་ཡོད་པས་མོ་རྒན་པོ་ཤེས་རབ་དང་འཕྲད་པ་ནི་ལས་ངན་ནང་གི་ལས་ཡག་ཅིག་རེད་བསམ་བཞིན་ཡོད། ཡིན་ནའང་། རྒན་པོ་ཤེས་རབ་ལ་ནད་ལྕི་མོ་ཞིག་ཕོག་སྟེ་སྨན་ཁང་དུ་བུད་སོང་བས། ཨ་མ་ཚེ་འཛིན་སྐྱིད་ལ་སླར་ཡང་སུན་སྣང་དང་སྐྱོ་གདུང་བཟོད་མི་ཐུབ་པ་ཞིག་སྐྱེ་བཞིན་དུ། ཉིན་རྒྱུན་ར་སྐོར་ཆུང་ངུ་ཞིག་ལས་ཉི་མར་ལྡེ་ནས་མདོ་རྩ་མེད་པའི་གླེང་མོ་བྱས་ནས་འདུག་རྒྱུ་དང་། རྒན་པོ་ཚོས་འགྱིག་འདེད་པར་བལྟས་འདུག་པ་ལ་སུན་སྣང་མཐའ་མེད་སྐྱེ།

ཕྱི་དྲོ་ཞིག་ལ། མོ་རྒན་གསོ་ཁང་གི་ལྕགས་ཀྱི་དྲ་བ་མཐུད་པའི་སྒོ་ཆེན་ལས་ཕྱིར་འབུད་སྐབས། གློ་རྡེག་ཏུ་རྒྱབ་ཀྱི་རྡོག་ཁྲེས་སར་བཞག་སྟེ། “ངས་མེ་ཏོག་གི་བུམ་པ་བརྗེད་སོང”ཞེས་ཕྱིར་ཁང་བའི་ནང་བརྒྱུགས། མ་གཞི་རྒྱ་སེ་མེ་ཏོག་གི་འདབ་མ་བཞད་པའི་རྫ་བུམ་དེ་ནི་རྒན་པོ་ཤེས་རབ་ཀྱིས་འགྲོ་ཁར་མོ་ལ་བྱིན་པ་རེད། མོས་མེ་ཏོག་གི་བཀྲག་མདངས་འཚེར་བའི་རྒྱ་སེ་མེ་ཏོག་གི་རྫ་བུམ་དེ་པང་དུ་བཟུང་ཞིང་། དངོས་པོ་རྩག་རྩིག་གི་ཁྲེས་པོ་ཁུར་ནས།ནུབ་ནས་ཤར་དུ་འཐེན་པའི་རྡོ་ཟེགས་ཀྱི་སྲང་ལམ་ཕྲ་མོ་ཞིག་བརྒྱུད་དེ་ཁོ་ཚང་གི་གཞིས་ཁུལ་དུ་ལོག མོས་ཤིང་གི་ཨ་དྲ་བ་དྲར་བཟོས་པའི་རྒྱ་སྒོ་དེ་ཚུར་ཕྱེ་ནས་ར་སྐོར་གྱི་དཀྱིལ་དུ་སླེབས་མ་ཐག ཁྱོ་ག་དང་བུ་བུ་མོ་གསུམ་གྱི་ཞལ་རས་དང་བྱ་བྱེད་མང་པོ་ཞིག་ཡིད་ཀྱི་སྣང་ངོར་རི་མོ་ཇི་བཞིན་ཤར། ར་མཐིལ་དུ་སྐྱེས་པའི་རྩྭ་དང་ལྡུམ་བུ་དག་བར་སྣང་དུ་གཡོ། མོར་ཏབ་ཅིག་ལ་སྐྱོ་སྣང་གི་ལྷགས་རླུང་ཞིག་ལྡང་སྟེ་ལུས་སེམས་ཐམས་ཅད་འཁྱག་སིབ་བེར་བཏང་ནའང་། རང་ཁྱིམ་དུ་ལོག་པ་ནི་རྒན་གསོ་ཁང་ལས་སྐྱིད་སྣང་ལྡབ་ཅིག་ཡོད་པའི་ཉམས་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན།

མོས་རྡོག་ཁྲེས་ས་ལ་བཞག་ཅིང་མེ་ཏོག་གི་རྫ་བུམ་མདུན་ལ་བཞག་སྟེ། ར་སྐོར་དཀྱིལ་གྱི་དར་ཤིང་དེར་རྒྱབ་བསྙེས་ནས་ཡུན་རིང་ལ་ཙོག་ནས་བསྡད། ར་སྐོར་འདིའི་ནང་གི་སྔོན་ཆད་ཀྱི་སྣང་བརྙན་དང་འུར་ཟིང་མཐའ་དག་ལ་སེམས་ཉུལ་ཐེངས་ཤིག་བྱས། དེའི་རྗེས་སུ། དངན་པ་རིང་མོ་ཞིག་འཐེན་ཏེ“དཀོན་མཆོག་གསུམ་པོས་མཁྱེན”ཞེས་ངག་ནས་ཐལ། སྨིན་མ་སེ་བོའི་འོག་གི་མིག་ཟུང་སྐྱ་ལོང་ངེ་བ་དེ་ལས་མིག་ཆུའི་ཕྲེང་རྡོག་འགའ་སྲབ་ལ་གཉེར་མས་ཁེངས་པའི་མཁུར་ཚོས་སྐྱ་བོ་དེ་བརྒྱུད་ནས་ས་རུ་ལྷུང་བ་མོའི་དབང་བོས་མ་ཟིན་པ་འདྲ། དེ་ནས་དལ་མོར་ཁང་བའི་སྒོ་ཡི་ལྕགས་ལུང་བརྟོལ་ནས་ནང་དུ་འཛུལ།

ཁང་བའི་ནང་དུ་བརླན་གཤེར་གྱི་དྲི་མ་ཞིག་འཐུལ་ཡོང་། སྒེའུ་ཐེམ་ཁར་གལ་འགྲིག་པོར་བསྒྲིགས་པའི་མེ་ཏོག་གི་རྫ་བུམ་དེ་དག་ཡོད་ཚད་རྙིད་ཅིང་སྐམ། མཆོད་སྟེགས་དང་ཁྲིའུ། སྣོད་དང་ཅ་ལག་ཐམས་ཅད་ས་རྡུལ་གྱིས་མནན་འདུག མོས་དེ་མུར་སྒོ་ཕྱིར་སོང་ནས་དོང་ཆུ་ལས་ཆུ་རྫ་གང་ཁྱེར་ཡོང་སྟེ་རྫ་བུམ་རེ་རེའི་ནང་ལ་བླུགས་རྗེས། རྒན་པོ་ཤེས་རབ་ཀྱིས་བྱིན་པའི་མེ་ཏོག་གི་རྫ་བུམ་དེ་ཕྲེང་བསྟར་བསྒྲིགས་པའི་རྫ་བུམ་དག་གི་གྲལ་མགོར་བཞག སྔོན་གྱི་ཚེ་ན། ཁང་བའི་ནང་གི་ཅ་དངོས་ཡོད་ཚད་ལ་འཚོ་བའི་དོན་སྙིང་གིས་འོད་སྣང་ཀྲིག་ཀྲིག ཁྱམས་རའི་གདུང་མའི་བར་དུ་བྱེའུ་ཆུང་གི་ཅ་ཅོ་ལྷང་ལྷང་། སྒོ་ཕྱི་ཁྱིམ་གང་ནས་བསྡད་ཀྱང་དྲོད་ཁོལ་འཁྱིལ་ལེར་འདུག ད་ནི་གནམ་གཅལ་ཆུ་ཡིས་བརྡིབ་ལ་ཁད། གྱང་བུག་དག་ཏུ་ཙི་གུའི་ཁུང་བུ་ཤུར་རེར། ཁང་ཀླད་དང་གྱང་སྲུབས་དག་ལ་རི་རྩྭ་ཕན་ཕོན་ཕྱིར་འཕྱུར་ཏེ་འདུག

སྨི་རྒྱ་དཔང་གྲུ་བཞི་མ་བརྒྱ་ལྷག་ལས་མེད་པའི་ཁང་ཆུང་འདི། Tརྫོང་མཁར་གྱི་ཤར་ཕྱོགས་ཀྱི་གཙང་འགྲམ་ཞིག་ཏུ་ཡོད། གཙང་འགྲམ་འདི་རུ་ཁྱོན་བསྡོམས་དུད་ཚང་བཅུ་ལྷག་ཡོད། དུད་ཚང་རེར་ས་གྱང་གི་ར་སྐོར་ཆུང་ངུ་རེ་ཡོད། དབྱར་ཁར་སྔོ་ཚོད་བཏབ་སྟེ་གྲོང་གསེབ་ཏུ་ཁྱེར་ནས་འཚོང་གིན་ཡོད་ལ། ཁྱིམ་ཚང་ལ་ལས་ར་སྐོར་ནང་དུ་ཕག་དོང་བརྐོས་ཏེ་ཕག་གཅིག་གཉིས་རེ་གསོས་ནས་ཕག་ཤ་འཚོང་གིན་ཡོད། གང་ལྟར། འཁྱགས་རོམ་གྱི་སྒྲོག་ཏུ་ཚུད་པའི་འབའ་ཆུའི་ངོགས་ཀྱི་དུད་ཚང་འདི་དག་གི་འཚོ་བ་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག་མིན་པར། དཀའ་སྡུག་གི་རྔུལ་ཆུ་མང་རུང་བདེ་སྐྱིད་ཀྱི་ཡོང་འབབ་ཉུང་བའི་འཚོ་བ་ཞིག་རེད།

བགྲེས་མོ་ཚེ་འཛིན་སྐྱིད་ལ་མཚོན་ནའང་དེ་ལས་མ་འདས། ལུས་སྟོད་ཅུང་སྒུར་ཞིང་རྐང་བ་འཐེང་། དུང་ལྟར་དཀར་བའི་སྐྲ་ལོ་སིང་ཞིང་འཐོར། དབང་བོ་རྟུལ་བར་ཡང་དུས་མི་རིང་བའི་བགྲེས་མོ་ཞིག་ཡུན་རིང་དུ་འཚོ་བའི་རེ་བ་མེད་ཀྱང་། དབུགས་ཀྱི་རྒྱུ་བ་མ་འགག་བར་དུ་སྐྲ་ལོ་དུང་ལྟར་དཀར་ཡང་། དུང་སོ་སུམ་ཅུ་ཐོར་ཡང་སྔར་བཞིན་འཚོ་བ་རོལ་དགོས་པ་རེད། འདི་ནི་འཇིག་རྟེན་མི་ཡི་སྲོག་གི་བདེན་པ་ཉག་ཅིག་ཅི་ལ་མིན།

ཁང་ཆུང་ནང་དུ་དངོས་པོ་མཐོང་རི་བ་གཞན་མེད་ནའང་། མོས་མཆོད་སྟེགས་དང་ལྕགས་ཐབ། མལ་ཁྲི་དང་འཁྱག་སྒམ། དུད་དྲེག་གིས་སྦགས་པའི་སླ་ང་དང་ཇ་དེམ་སོགས་ལ་གད་བརྡར་བྱས། མཆོད་རྐོང་ཕྱིས་ནས་མཆོད་མེ་བསྒྲོན། ཐབ་ལ་མེ་བཞག ཇ་བསྐོལ། ཁྱིམ་ལ་ཤུག་པ་བདུགས། ཉལ་ཐུལ་དང་མལ་གདན་ཡོད་ཚད་གསར་དུ་བརྗེས། ར་སྐོར་ནང་གི་རྩྭ་ལྡུམ་བྲེགས་ཏེ་གཙང་མར་བཟོས།མོས་དེ་ལྟར་ཁང་བའི་ཕྱི་ནང་གསང་གསུམ་ལ་བྱི་དོར་བྱེད་པའི་ངང་ཚུལ་ལ་བལྟས་ན་སུ་ཞིག་གི་ལོག་ཕེབས་ལ་གྲ་སྒྲིག་བྱེད་ཀྱིན་བསྒུགས་ཡོད་པ་དང་འདྲ། ཡིན་ནའང་། སྙིང་ཉེ་བའི་བུ་ཆུང་ལ་ད་དུང་གྲག་འགུལ་ཅི་ཡང་མི་འདུག

མཚན་མོ་ཞིག་ལ། མོ་རང་སྐྱོ་གདུང་གིས་ནོན་བཞིན་སྒྲོན་འོད་ངོགས་སུ་ཅི་ཞིག་ལ་བསམ་བློ་ནན་ཏན་གྱིས་གཏོང་གིན་མཆི། དབུལ་སྐྱོར་དངུལ་ཡང་ཚར་སོང་། རྒན་གསོའི་དངུལ་ཡང་ཚར་ལ་ཉེ་བས། ད་ནི་དངུལ་འགའ་ཅི་ལྟར་འཚོལ་བའི་ཕྱོགས་སུ་ཐབས་ཤེས་བཙལ། མོ་སྟོང་འཇགས་སེར་གནས་པའི་ཁང་ཆུང་དེ་རུ། ལག་ཟུང་བྲང་ཁར་བསྣོལ་ཏེ་རེས་འགར་སྐྱོ་ལ་རེ་འགར་གདུང་སེམས་ཀྱིས་མནར་བཞིན། བུ་ཆུང་གི་ཞལ་རས་སྨུག་པོ་དེ་ཡིད་ལ་དྲན། སྣ་གཟེངས་མཐོ་ལ་སྨིན་མ་སྟུག་པོ་དེ་ཡིད་ལ་དྲན། རང་འདོད་མཐར་ཆགས་སུ་སྒྲུབ་པའི་གཤིས་ཀ་དེ་ཡིད་ལ་དྲན། ང་རང་ཕྱི་ལོག་ཏུ་སོང་ནས་ཕྱུག་པོ་བྱས་ཏེ་ཕྱིར་འོངས་ཞེས་པའི་འགྲོ་ཁའི་སྐད་ཆ་དེ་ཡིད་ལ་དྲན། དེ་ལྟར་མོ་ཞག་གང་བོར་གཉིད་ཀྱང་མ་ཁུགས་པར་མིག་མཐའ་ནས་མཆི་མའི་མུ་ཏིག་འཐོར།

ཕྱི་ཉིན་ཞོགས་པར། མོས་ཚོང་རར་སོང་ནས་གློ་ཁུག་ཏུ་ཤོག་སྒོར་བརྒྱ་དང་དྲུག་ཅུ་ཡོད་པ་དེའི་ཕྱེད་ཀས་རིན་གོང་ཧ་ཅང་སླ་བའི་རྐང་འབོབ་ཆ་ཉི་ཤུ་ལྷག་ཉོས་ཤིང་། སྔོན་ཆད་རྒན་གསོ་ཁང་ནས་འཚེམ་དྲུབ་བྱས་པའི་ལྷམ་གདན་བཅུ་ལྷག་ཡོད་པ་དེ་ལྷན་ཅིག་ཏུTརྫོང་མཁར་གྱི་སྲང་མདོ་ཞིག་ཏུ་ཐང་གཅལ་དུ་བཤམས་ནས། རྐང་འབོབ་དེ་དག་དང་ལྷམ་གདན་དེ་དག་ལས་ཁེ་སྤོགས་ཨེན་ཙམ་འཐོབ་པར་རེ་བ་བྱས།

ཉིན་གཅིག་འདས། ཉིན་གཉིས་འདས། ……

ཉིན་གཅིག་ལ་ལྷམ་གདན་གཅིག་བཙོངས། ཉིན་གཉིས་ལ་རྐང་འབོབ་གཉིས་བཙོངས། དེ་ལྟར་ཉིན་དང་དུས་ཚོད་ཕར་འདས་ནའང་། རྐང་འབོབ་དང་ལྷམ་གདན་དེ་དག་བཙོངས་པའི་ཁེ་སྤོགས་ཀྱིས་མོའི་འཚོ་བ་ལ་ཡུན་རིང་གི་ཁ་གསབ་ཅིག་མ་ཐུབ།

སྨག་ཧ་ཅང་སྟུག་པའི་མཚན་མོ་ཞིག་ལ། མོ་སླར་ཡང་སྟོང་ལྷང་ལྷང་གི་ཚོར་བའི་གཏིང་རིང་དུ་བྱིངས། ཁྱོ་ག་མེད་ལ་བུ་ཕྲུག་མེད། རྒྱུ་ནོར་མེད་ལ་བདེ་སྐྱིད་ཀྱང་མེད་པའི་དཀའ་སྡུག་གི་ཁེར་གདུང་དེ་སེམས་ཀྱིས་དངོས་སུ་མྱངས། མཚམས་མཚམས་སུ་འཚོ་བ་ལ་རེ་ཐག་ཆད་པའི་སྣང་བ་ཞིག་ཀྱང་སྐྱེས། བལྟས་ཚོད་ཀྱིས་གདུག་རྩུབ་ཀྱི་ལོ་ཟླ་དེ་དག་གི་ནང་ལ། མོ་རང་གི་ཁྱོ་ག་གཡང་སྐྱབས་དང་འགྲོགས་ནས་ཕ་ས་ཕ་ཡུལ་རྒྱབ་ཀྱིས་གཡུགས་པར་འགྱོད་སེམས་ཤིག་ཀྱང་སྐྱེ་བཞིན་ཡོད་པ་འདྲ།མོས“ཤུ……”ཞེས་དབུགས་རིང་རེ་ཕྱུང་རྗེས། མིག་ཟུང་ཀེམ་ཀེམ་གཡོ་བཞིན་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་སྟེ་ཁང་བའི་བར་སྣང་དུ་བལྟས་འདུག སྟོབས་ཤུགས་དེ་ཙམ་མེད་པའི་མོའི་དབུགས་ཀྱི་འབྱིན་རྔུབ་དེས། ཁང་བའི་ནང་གི་གྲང་རླུང་ལ་དྲོད་ཁོལ་ཅི་ཡང་སྟེར་མ་ཐུབ་ནའང་། མོས་ལག་ཟུང་ལྟོ་བར་བཞག་ནས་ཁྱིམ་མཚེས་རྒད་པོ་ཁྱི་སོ་ཡིས་ཁ་སང་མོ་ལ་ཚིག་རྒྱག་ཅིག་བྱས་པ་དེ་ཡིད་ལ་དྲན།

རྒད་པོ་ཁྱི་སོ་ནི་མོའི་ལོ་མང་རིང་གི་ཁྱིམ་མཚེས་རེད། ཁོའི་ཆུང་མ་ཆུང་ཐོག་ལ་མེད་སོང་། དེ་ནས་བཟུང་མི་རྐྱང་ལ་བསྡད་པ་རེད། ཁོ་ལ་བུ་གཅིག་ཡོད་མོད་བུ་གཅིག་པུས་ཆུང་མ་རྒྱ་མོ་ཞིག་བླངས་ཏེ་ཐོག་ཁང་དུ་བསྡད་ཟིན། རྒད་པོ་ཁྱི་སོ་ཡི་རུས་ལིས་ཡིན་ཡང་བོད་ནས་སྐྱེས་ཤིང་བོད་ནས་འཚར་བས་བོད་དང་ཨ་ན་མ་ན་རེད། ཁོའི་སེམས་ནང་དུའང་བོད་པ་རྣམ་དག་ཅིག་གི་ཡིད་ཆེས་ཀྱིས་ཁེངས་ཡོད། ཡིན་ནའང་། མདུན་ཕྱོགས་སུ་ཅུང་ཙམ་བརྒྱངས་པའི་མཆེ་བ་དེ་གཉིས་ལས་ནམ་རྒྱུན་གཞན་ལ་ཚིག་རྒྱག་བྱེད་པར་མཁས་པས། ཨ་མ་ཚེ་འཛིན་སྐྱིད་ཁོ་ལ་ཧ་ཅང་མི་དགའ། ཨ་མ་ཚེ་འཛིན་སྐྱིད་ཀྱིས་དེ་ཉིན་སྲང་གཅལ་དུ་རྐང་འབོབ་དང་ལྷམ་གདན་བཙོང་དུས། ཁོས“སྦྱིན་བདག་མ། ཁྱོད་ལ་ཚོང་རྫས་རྩ་ཆེན་མང་པོ་འདུག སེམས་ཆུང་མ་བྱས་ན་སྲང་དཀྱིལ་འདི་ནས་རླུང་གིས་འཁུར་ན་ཐང”ཞེས་བཤད་རྗེས། ལྕགས་རྟ་ཞོན་ནས་ག་ལེར་བུད་སོང་།

རྩྭ་སྲུང་གི་ཟླ་ཕོགས་འགའ་རེ་ལེན་གྱིན་པའི་རྒད་པོ་ཁྱི་སོ་ཡི་སྐད་ཆ་དེས་ཨ་མ་ཚེ་འཛིན་སྐྱིད་ཀྱི་སེམས་ལ་སྡུག་བསྔལ་གང་རུང་ཞིག་བཞག་པས། མོ་ཕྱིར་དྲན་གྱི་ན་ཟུག་ཁྲོད་དུ་མལ་ལས་འགྲེ་ལོག་རྒྱག་དུས་གཟུགས་མེད་ཀྱི་གནོན་ཤུགས་ཤིག་གིས་ནོན་པར་གྱུར་ལ། གློ་བུར་དུ་རྒན་གསོ་ཁང་གི་རྒད་པོ་ཤེས་རབ་དྲན་པའི་གདུང་བ་ཞིག་ཡ་ཆུང་ཁོག་ལ་སྨུག་པ་བཞིན་འཐིབ་པའི་མོད་མགོ་བོ་དགྱེས་ནས་རྒྱ་སེ་མེ་ཏོག་གི་རྫ་བུམ་ལ་ཐེངས་ཤིག་བལྟས། དེ་ནས་སྔས་འབོལ་འོག་ནས་ཁ་པར་ཚུར་བླངས་ཏེ། གཅིག་ལྔ་གཅིག-ལྔ་གཉིས་དགུ་བཞི-xxxxམནན་པ་ན། “ཁྱེད་བདེ་མོ།ཁྱེད་ཀྱིས་གཏོང་བཞིན་པའི་ཁ་པར་གྱི་ཁ་གཏན་འདུག”ཟེར། དེ་ནི་བུ་ཆུང་ནོར་བུ་ཡི་ཁ་པར་ཨང་གྲངས་རེད། མོའི་མིག་ཟུང་སྐྱ་བོ་དེ་གཉིས་ལས་སླར་ཡང་མིག་ཆུ་རྡོག་པོ་འགའ་ཟ་འགྲམ་བརྒྱུད་ནས་སྔས་འབོལ་དུ་ཐིམ།

སྔོན་ཆད་རྒད་པོ་ཁྱི་སོ་ཡིས་མོ་ལ་སེམས་ཁུར་དང་རོགས་རམ་མང་པོ་བྱས་ཏེ། “འུ་གཉིས་ཁྱིམ་གཅིག་ཏུ་འཆི་ཁ་བྱས་ན་ཨེ་མི་དགའ”ཞེས་བཤད་ཀྱང་། མོས་ཁ་ཡ་དེ་འདྲ་མ་བྱས་པས་རྒད་པོ་ཁྱི་སོ་ཡིས་དོན་དེ་སེམས་ལ་བཟུང་ནས་སྐྲན་དུ་གྱུར་ཡོད་པ་འདྲ། ད་ལྟ་མོའི་ཁེར་རྐྱང་གི་སེམས་པ་དེ་ལ་གཏམ་སྙན་མོ་ཞིག་གི་ཁོལ་དྲོལ་ཨེན་ཙམ་སྟེར་མཁན་ཡང་མི་འདུག ནམ་གསལ་ནས་ཉི་མ་ཤར་བྱུང་། ཨ་མ་ཚེ་འཛིན་གྱིས་མེ་ཏོག་གི་རྫ་བུམ་དག་སྒོ་ཕྱིའི་ཉིན་ཁར་བཞག་སྟེ། ལན་རེར་ཉི་མར་ལྡེ་ཞིང་སྐབས་རེར་ལས་ཀ་ཙག་ཙིག་རེ་ལས་ནས་ཕྱི་དྲོ་ལོན་སོང་། མོས་མེ་ཏོག་གི་རྫ་བུམ་དག་གཅིག་རེ་གཅིག་རེ་བྱས་ནས་ཕྱིར་ནང་དུ་ཁྱེར།

ས་སྲོད་ཀྱི་དུས་སུ། ཨ་མ་ཚེ་འཛིན་གྱིས་ཐག་པ་ཞིག་སྐེད་པར་དཀྲིས་ཤིང་འགྱིག་ཁུག་ཅིག་ལྟེབ་ནས་མཆན་ལ་བཙུར་ཏེ་ལམ་ལ་ཆས་སོང་། མོས་ལམ་འགྲམ་གྱི་གད་སྙིགས་སྒམ་དག་ལས་སྐོམ་ཆུའི་སྣོད་སྟོང་དག་བཏུས་ནས་འགྱིག་ཁུག་ཏུ་བཅུག་ཅིང་། ཆེ་ཆུང་མི་འདྲ་བའི་ཤོག་སྒམ་སྣ་ཚོགས་གོ་རིམ་ལྡན་པའི་ངང་བརྩེགས་ནས་ཐག་པས་བསྡམས། དེ་ལྟརTརྫོང་མཁར་གྱི་ཕྱི་ནང་གསང་གསུམ་ལ་ཁྱི་ཕག་བཞིན་ཉུལ་ཉུལ་མཐར་སྐོམ་ཆུའི་སྣོད་སྟོང་གིས་འགྱིག་ཁུག་གི་ཁ་གང་ཞིང་། ཤོག་སྒམ་ཡང་ཕལ་ཆེར་ཁལ་གཅིག་ལོངས་སོང་། མོས་རྔུལ་ཆུ་ཁྲོམ་ཁྲོམ་གཏོར་བཞིན་ཤོག་སྒམ་དེ་དག་ཁུར་ཞིང་འགྱིག་ཁུག་དྲུད་ནས་ཕྱིར་ཁྱིམ་དུ་འབྱོར་དུས་ནམ་གུང་གི་དུས་ཚོད་གཅིག་ལ་སླེབས་འདུག མཚན་མོ་དེར། མོས་ཁ་ལག་ཀྱང་བཟའ་མ་ཐུབ། ཐ་ན། ལྗན་ལྗིན་གྱི་དྲི་མས་སྦགས་པའི་ལག་ཟུང་དེ་ཐེངས་ཤིག་བཀྲུ་བའི་སྟོབས་ཤུགས་ཀྱང་མི་འདུག མལ་ཁྲིའི་སྟེང་དུ་ལོག་མ་ཐག་རྨི་ལམ་གྱི་གཏིང་རིམ་དུ་ཕྱིན་སོང་།

དེ་ལྟར་གཟའ་འཁོར་གཅིག་ལྷག་ལ་བསྟུད་མར་མཚན་མོ་རེ་རེར་ཕྱི་ལ་སོང་ནས་གད་སྙིགས་མང་པོ་བསྒྲུགས་ཡོང་བས་ཁོ་མོ་དངོས་གནས་ཐང་ཆད་སོང་། ད་ནི་སྟོབས་ཤུགས་ཡོངས་སུ་ཟད་དེ་འགྱེལ་གྲབས་བྱེད་པར་ཐག་མི་རིང་བ་འདྲ། གཟུགས་པོའི་ལྗིད་ཚད་མར་ཆག རྒྱ་གྲངས་མུ་མཐུད་དུ་ཇེ་དམའ་རུ་སོང་། མཚམས་འཇོག་མེད་པར་ཇེ་དམའ་རུ་སོང་། རིམ་བཞིན་མོའི་མཁུར་རུས་འབུད་དུ་དོད། ཟ་རྐོང་ནང་དུ་ཞོམ། མིག་འབྲས་གཏིང་དུ་བརྡིབས། སྒོ་ཕྱི་ཁྱིམ་བར་དུའང་ལག་རྟེན་ལ་ཁེན་ནས་འགྲོ་དགོས་པ་ཞིག་ཏུ་གྱུར། ཡིན་ནའང་། ཉིན་འགའ་ལ་ངལ་གསོ་བྱས་པ་དང་ཟ་མ་དུས་ལྟར་དུ་བཟའ་རྒྱུ་བྱུང་བས་ན། འདར་ལྕུག་ལྕུག་གི་ལུས་པོ་ཨེན་ཙམ་ཕྱིར་འཁོར་བྱུང་།

ཉིན་ཞིག་གི་ཕྱི་དྲོར། མོས་ཡུན་རིང་དཀའ་སྡུག་གི་རྔུལ་ཆུས་བསགས་པའི་གད་སྙིགས་མཐའ་དག་བཙོངས་ཟིན། མི་དམངས་ཤོག་དངུལ་སུམ་བརྒྱ་བརྒྱད་ཅུ་གྱ་བདུན་དང་ཟུར་བརྒྱད་ཁུག་སོང་། མོས་ཤོག་སྒོར་དེ་དག་གྲང་རེག་གིས་ཟིན་པའི་ལག་ཟུང་དུ་བསྡམས་པ་ན། ལུས་སེམས་གཉིས་ལ་བདེ་སྣང་གཞན་ཞིག་གིས་ཁྱབ་པར་གྱུར། ཕྱི་དྲོ་དེར། མོ་ལམ་སེང་ཚོང་རར་སོང་ནས་ཕག་ཤ་རྒྱ་མ་གང་དང་ཞོག་ཁོག་རྡོག་མ་དྲུག སྒོག་ལོག་འགའ་ཉོས་ཡོང་སྟེ་ནུབ་ཇ་ཞིམ་པོ་ཞིག་བསྐོལ་ནས་འཐུང་།ཕྱོགས་གཞན་ཞིག་ནས་བཤད་ན། མཚན་མོ་དེ་ནི་ཨ་མ་ཚེ་འཛིན་སྐྱིད་ཀྱི་མི་ཚེའི་ནང་གི་ལུས་སེམས་གཉིས་ཀ་བདེ་སྐྱིད་ཀྱི་སྣང་བས་ཁྱབ་པའི་དུས་ཚོད་ཆེས་རིང་ཤོས་དེ་རེད།

ཕྱི་ཉིན། ཨ་མ་ཚེ་འཛིན་སྐྱིད་ཀྱིས་ཧ་ཅང་སིང་བའི་སྐྲ་ལོ་སེ་བོ་དེ་ལྟག་གཞུག་ལ་ལེགས་པོར་ཤད་ཅིང་། གོས་སྒམ་ལས་ལྭ་རིང་ཐལ་མདོག་ཅིག་ཡོད་པ་དེ་གྱོན། ནང་དུ་སྤུ་རིས་ཡོད་པའི་གོ་ལྷམ་ཡུ་བ་ཅན་དེ་གོན་ནས་ལམ་ལ་ཆས། ཁོ་མོTརྫོང་མཁར་གྱི་ཟ་ཁང་དང་མགྲོན་ཁང་རེ་རེ་བཞིན་ཉུལ་ནས་ལས་གཡོག་དགོས་མིན་རྩད་བཅད་མོད། ཡིད་སྐྱོ་བ་ཞིག་ལ“ཁྱོད་རང་ལོ་ན་ཆེ་སོང་། རྒན་པ་ཚོས་ལས་ཀ་ལས་ཐུབ་ནི་མ་རེད”ཅེས་པའི་སྐད་ཆ་དེས། མོའི་རེ་བ་ཡོད་ཚད་སྟོང་ཟད་དུ་བཏང་སོང་།

རླུང་དམར་འུར་འུར་དུ་གཡུག་པའི་དཔྱད་ཀ་འདིར། མོས་མྱུར་དུ་འཁྱགས་རོམ་གྱི་སྒྲོམ་ལ་བཅུག་པའི་ས་གཞི་ཡོངས་སུ་དྲོས་ཏེ། རི་ཐང་དང་ཉིན་སྲིབ་ཀུན་ཏུ་རྩྭ་ལྗང་གི་མྱུ་གུ་འབུས་པར་རེ་སྒུག་ཅི་ཙམ་བྱས་ཀྱང་། ད་ལོའི་དཔྱིད་ནག་འདིའི་དངོས་ཡོད་ནི་སྔར་བཞིན་མྱ་ངན་གྱིས་གཙེས་པའི་ལྗོངས་ཁམས་སྐྱ་བོ་ཞིག་ལས་མ་འདས།

“ད་ནི་བུ་ཆུང་ཡུལ་ལ་ལོག་གྲབས་ཡོད”མོས་མེ་རྡུལ་གྱི་ཕུང་བོ་ཞིག་ཏུ་རྩམ་པ་ཁེམ་བུ་གང་གཏུལ་ནས་དེ་ལྟར་ཁེར་ལབ་བརྒྱབ། དེའི་རྗེས་ནས་མ་ཎི་ཟློ་ཞོར་ཁྱིམ་དུ་འཛུལ།

ད་ནི་ཅི་ཞིག་བྱ་ཨང་། འདར་ལྕུག་ལྕུག་གི་ལུས་པོ་འདིས་ལས་གཞན་ཞིག་བགྱི་མི་ཐུབ་པ་ནམ་ལངས་ཉི་ཤར་རེད། ད་ནི་གློ་ལུ་རྒྱག་པ་དང་སྣབས་ཆུ་འཛག་པའང་ཇེ་མང་རེད། ལན་རེར་ཁྲག་ཁུ་འདྲེས་པའི་ལུད་པའང་ཡོང་རྒྱུ་ཡོད། ཡིན་ནའང་། མོས་མི་ལོ་བདུན་ཅུར་ཉེ་བའི་དབུགས་ཀྱི་རྒྱུ་བ་ཕྲ་མོ་འདི་མ་ཆད་བར་དུ་བུ་ཆུང་ལ་བསྒུག་དགོས། བག་ལེབ་དང་ཞོག་ཁོག་འགའ་རེ་ཉོས་ནས་ངེས་པར་དུ་ཚེ་སྲོག་བསྲིང་དགོས། དེ་མིན། སའི་གོ་ལའི་ཤར་ངོས་ཀྱི་ལུང་པ་ཞིག་ཏུ་བགྲེས་མོ་ཞིག་བཀྲེས་ལྟོགས་ཀྱིས་འཆི་མི་སྲིད་མོད། ནང་སེམས་ལྷན་འཛོམས་ཀྱི་རེ་སྙེག་གིས་ཁེངས་པའི་ཨ་མ་ཞིག་ལ་མཚོན་ན། འཇིག་རྟེན་འདིར་སྐྱེས་པའི་ཐ་མར་མིག་བཙུམ་མི་ཐུབ་པའི་དོན་ཞིག་ཡོད་པ་འཆི་ཁར་བུ་ཆུང་གམ་དུ་མེད་པ་དེ་རེད། དེ་བས། མོ་ད་དུང་ངེས་པར་དུ་ལོ་ཟླ་ཁ་ཤས་ལ་གསོན་དགོས། ལྕགས་ཐབ་ལོགས་སུ་ཙོག་པའི་ཁོ་མོས་དེ་ལྟར་བསམ་བློ་བཏང་། སླར་ཡང་། “ཤུ……”ཞེས་ཤུགས་རིང་ཞིག་ངག་ནས་དབང་མེད་ཤོར་བའི་སྒྲ་དེ་ལ་རབ་ཏུ་གཙེས་པའི་སྐྱོ་གདུང་གི་ངུ་ངག་ཅིག་འདྲེས་འདུག

མཚན་མོར་དེར། རྒྱུན་ལྡན་ལྟར་ཨ་མ་ཚེ་འཛིན་སྐྱིད་ཀྱིས་སྔས་མགོའི་རྩིག་ལྡེབས་ངོས་སུ་བཀལ་བའི་ཐང་ག་རྙིང་བ་དེར་ཕྱག་གསུམ་འཚལ་རྗེས་མལ་དུ་ཉལ། མོའི་རྨི་ལམ་དུ་རྒན་པོ་ཤེས་རབ་སླེབས་པ་རྨིས། བུ་ནོར་བུ་ཡུལ་ལ་ལོག་པ་རྨིས། ཁྱོ་བོ་གཡང་སྐྱབས་ཀྱིས་ཁ་བརྡ་བྱེད་པ་རྨིས། བུ་མོ་འཛོམས་སྐྱིད་ཀྱིས་ཚ་བོ་གཉིས་ཁྲིད་ཡོང་བ་རྨིས། མོ་དེ་ལྟར་རབ་རིབ་མག་མོག་གི་འཁྲུལ་སྣང་རིང་མོ་ཞིག་ཏུ་རྒྱུ། ལྕགས་ཐབ་སྟེང་གི་ཇ་དེམ་ལས་ཆུ་ཁོལ་གདུ་བའི་སྒྲ་དང་རླངས་པ་ཁང་བའི་བར་སྣང་དུ་ཐིམ།

ཉི་འོད་ས་གཞི་ཡོངས་ལ་འཕྲོས་སོང་། ཨ་མ་ཚེ་འཛིན་གྱིས་ཉི་ཁྱམས་སུ་བསྒྲིགས་པའི་མེ་ཏོག་གི་རྫ་བུམ་དེ་དག་གི་ནང་ལ་འདར་མ་འདུར་གྱིས་ཆུ་གཏོར་གྱིན་འདུག རྫ་བུམ་ཆེ་ཆུང་མང་པོའི་ནང་གི་རིགས་དང་ཁ་དོག་མི་འདྲ་བའི་མེ་ཏོག་གི་ལྗོན་ཤིང་ཆུང་ངུ་དེ་དག་ལ་ལྗང་མདོག་གི་མྱུ་གུ་ཆུང་ཆུང་རེ་འབུས་ཏེ་གསོན་སྟོབས་རྒྱས་འདུག མོས་མེ་ཏོག་གི་རྫ་བུམ་གཉིས་འགྱིག་ཁུག་ཅིག་ཏུ་བཅུག་སྟེ་ཁ་མདུད་རྗེས། ལྭ་བ་གོན་ཏེ་མེ་ཏོག་གི་རྫ་བུམ་དེ་གཉིས་ཁྱེར་ནས་བདེ་སྐྱིད་གཞིས་ཁུལ་གྱི་སྒོ་ཆེན་ཁར་སོང་། མོས་མེ་ཏོག་གི་རྫ་བུམ་དེ་གཉིས་འགྱིག་ཁུག་ལས་བླངས་ནས་ཐང་དུ་བཞག་སྟེ་སུ་ཞིག་གིས་ཉོ་བར་བསྒུགས་ནས་བསྡད། སྒོ་ཆེན་དེ་ལས་མི་མང་པོ་ཞིག་ཕར་འགྲོ་ཚུར་འོང་བྱས་མོད། མེ་ཏོག་གི་རྫ་བུམ་དེ་གཉིས་ལ་ལྟ་ཙམ་ལྟ་ཙམ་བྱེད་པ་ལས་དངོས་སུ་འདྲི་མཁན་མ་བྱུང་། ཡུད་ཙམ་གྱི་རྗེས་སུ།  བུ་མོ་གཞོན་ནུ་མ་ཞིག་མོ་དང་མེ་ཏོག་གི་རྫ་བུམ་གཟས་ནས་གམ་དུ་ཡོང་སྟེ། “ཨ་ནེ། མེ་ཏོག་འདི་གཉིས་བཙོང་རྒྱུ་ཡིན་ནམ”ཟེར།

“ཡིན”

“མེ་ཏོག་གཅིག་ལ་སྒོར་ག་ཙམ་ཡིན”

“འདི་ལ་སུམ་ཅུ་དང་འདི་ལ་སྒོར་བཞི་བཅུ་བྱོས”ཟེར་བཞིན་གྲང་རེག་གིས་ཕྱིད་པའི་ལག་གཡས་ཀྱིས་རྫ་བུམ་དེ་གཉིས་ལ་གོ་རིམ་བཞིན་རེག་ཙམ་བྱས། དེའི་རྗེས་ལག་མཐིལ་གྱིས་ཁ་བསུམ་ནས་གློ་ལུ་འགའ་བརྒྱབ་པ་ན། གཉེར་རིས་ཤིག་ཤིག་གི་ལག་མཐིལ་འཁྱག་པོ་དེར་ཁྲག་ཐིགས་འགའ་བབས་འདུག

“ཡ་ཡ”

“ཁྱེད་ཀྱིས་ང་ལ་སྒོར་ལྷག་བྱིན་འདུག”

“ལྷག་མ་དེ་ཁྱེད་ལ་བྱིན་པ་ཡིན”

“བཀའ་དྲིན་ཆེ”ཞེས་མོས་ཁ་ནས་གློ་བུར་དུ་དང་ལེན་བྱས་པའི་སྐད་ཆ་ཞིག་ཤོར་སོང་།

ཨ་མ་ཚེ་འཛིན་སྐྱིད་ཀྱིས་སྒོར་རྡོག་དེ་དག་ཁུག་མའི་ནང་དུ་བཅུག་སྟེ། གྲང་རླུང་གི་གདུག་རྩུབ་ཁྲོད་ནས་རྐང་བ་ཡ་གཅིག་གྱོལ་བཞིན་རུས་སྦལ་ནུར་འགྲོས་ཀྱིས་རང་ཁྱིམ་དུ་འབྱོར།

དེ་ལྟར་གཟའ་འཁོར་འགའ་འདས་པའི་རྗེས་སུ། མོས་ལོ་ངོ་དུ་མར་འཚོ་བའི་གྲོན་དངུལ་གྱི་ཞོར་དུ་ཟུར་དང་སྐར་བསགས་ནས་ཉོས་པའི་མེ་ཏོག་གི་རྫ་བུམ་དེ་དག་རེ་རེ་བཞིན་བཙོངས་ཚར་སོང་། དུད་དྲེག་གིས་ཡོངས་སུ་ཁྱབ་པའི་ཁང་ཆུང་འདི་ལས། ད་ནི་ལྕགས་ཐབ་དང་ཇ་དེམ། སླ་ང་ཡུ་མེད་ཅིག ཆོས་དཔེ་འགའ་དང་ཐང་ག་ཞིག མཆོད་རྐོང་གསུམ་དང་ཐེབ་ཙེ་བདུན་ཚར་གཅིག གཞན་ད་དུང་རྡོ་སོལ་ཁུག་མ་ཕྱེད་ཅིག་དང་ཀ་ཏོ་ར་འགའ་ལས་ཅི་ཡང་ལྷག་མི་འདུག གོ་རིམ་མེད་པར་བཞག་པའི་དངོས་པོ་འདི་དག་ནི། ཉིན་རྒྱུན་གོ་རིམ་ལྟར་བསྒྲིགས་པའི་མེ་ཏོག་གི་རྫ་བུམ་དེ་དག་གི་ཤུལ་དུ་ཅི་འདྲའི་མཁོ་མེད་ཀྱི་དངོས་པོ་འབའ་ཞིག་ཏུ་གྱུར་འདུག་ཨང་།

ཨ་མ་ཚེ་འཛིན་སྐྱིད་ཀྱི་སེམས་པ་སྔར་ལས་ཀྱང་སྟོང་ལྷང་ལྷང་དུ་གྱུར། ཁྱིམ་འདིར་ཡུན་རིང་ཉར་བའི་སྙིང་ཉེ་བའི་མེ་ཏོག་དེ་དག་བཙོངས་རྗེས། མོ་ལ་ཁྱིམ་མི་ཚོ་རེ་རེ་བཞིན་སླར་ཡང་མོ་དང་གཏན་དུ་གྱེས་འདྲའི་ཉམས་སྣང་གིས་ནོན་ཞིང་རེ་ཞིག་ཉལ་སར་ལྷུང་། མཚན་མོ་དེར། མོ་གཞི་ནས་སད་མཐའ་མེད་པའི་གཉིད་ཀྱི་གཏིང་རིང་དེར་ཁུག་འདུག གདོང་ལ་ལོ་ཟླ་ཡིས་བརྙས་པའི་ཤུར་མ་བབས་འདུག རེ་སྒུག་དང་སླར་གསོན་གྱི་རྣམ་འགྱུར་བབས་འདུག ཕར་བལྟས་ཚོད་ལ་ཞེན་ཆགས་སེམས་ཐོགས་ཀྱི་སྡུག་བསྔལ་མངོན་འདུག

རྒྱ་སེ་མེ་ཏོག་གི་རྫ་བུམ་དེ་གཅིག་པོ་བཞུད་ཟིན་པའི་མོའི་སྔས་མགོ་རུ་བཀྲག་མདངས་ཀྱི་ཁ་དོག་རབ་ཏུ་འཚེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号