སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོའི་གལ་ཆེའི་རང་བཞིན་གླེང་བ།

བོད་ལྗོངས་སློབ་གྲྭ་ཆེན་མོ། གཅོད་པ་བཀྲ་ཤིས།

སེམས་ཁམས་བདེ་ཐང་གི་སློབ་གསོ་ནི་སློབ་མའི་བྱང་ཚད་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དགེ་རྒན་དང་ཁྱིམ་བདག་གང་ཡིན་རུང་སློབ་མའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱེད་དགོས་པ་མ་ཟད། སློབ་མར་ཡང་དག་པའི་རིན་ཐང་ལྟ་བ་དང་འཇིག་རྟེན་ལྟ་བ་ཆགས་སུ་འཇུག་པར་ཁྲིད་སྟོན་བྱེད་དགོས། བདེ་ཐང་གི་སེམས་ཁམས་ཀྱིས་སློབ་མའི་ལུས་ཕུང་བདེ་ཐང་ལ་ཕན་པ་མ་ཟད། སློབ་མའི་སློབ་སྦྱོང་གི་འབྲས་བུ་མཐོར་འདེགས་དང་བསམ་བློ་ཀུན་སྤྱོད་ལེགས་པོ་ཆགས་པར་ཡང་ཕན་པ་ཡོད།  

དེར་བརྟེན། སེམས་ཁམས་བདེ་ཐང་གི་སློབ་གསོ་སྤེལ་བ་ནི་བྱང་ཚད་སློབ་གསོ་ལག་བསྟར་བྱེད་པ་དང་མི་གཤིས་བདེ་ཐང་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཁོ་བོས་ཚན་རིག་དང་མཐུན་པའི་བདེ་ཐང་སློབ་གསོའི་གཞུང་ལུགས་ལ་གཞི་བཅོལ་ཏེ། གཤམ་གྱི་ཕྱོགས་གཉིས་ནས་སློབ་མར་སེམས་ཁམས་བདེ་ཐང་གི་སློབ་གསོ་གཏོང་བའི་གལ་ཆེན་རང་བཞིན་སྐོར་རགས་ཙམ་གླེང་ཡོད།

དང་པོ། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོའི་གནས་བབ།

སློབ་གྲྭའི་ངོས་ཐད་ནས། མིག་སྔར་ས་ཁུལ་སོ་སོའི་སློབ་གྲྭ་ཁག་ལ་སེམས་ཁམས་བདེ་ཐང་གི་སློབ་གསོའི་ཕྱོགས་ཀྱི་ཆེད་ལས་དགེ་རྒན་ཉུང་བ་དང་། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོའི་བྱ་བ་གཙོ་བོ་ནི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའམ། ཡང་ན་འཛིན་གྲྭའི་འཛིན་བདག་གིས་འགན་གཅིག་ལྕོགས་སུ་འཁུར་བཞིན་ཡོད་པ་མ་ཟད། འགན་གཅིག་ལྕོགས་སུ་འཁུར་བའི་དགེ་རྒན་ལ་ཡང་ཆ་ཚང་བའི་སེམས་ཁམས་བདེ་ཐང་གི་སློབ་གསོའི་གསོ་སྦྱོང་བྱས་པ་ཉུང་། སློབ་མའི་སེམས་ཁམས་བདེ་ཐང་གི་གནད་དོན་ཐག་གཅོད་པར་ཚན་རིག་དང་མཐུན་ཞིང་ཡང་དག་པའི་སྒོ་ནས་སེམས་ཁམས་ཤེས་བྱ་སྤྱད་དེ་སློབ་མའི་སེམས་ཁམས་ཀྱི་གནད་དོན་ཐག་གཅོད་དགོས། 

གནས་ཚུལ་མང་པོ་ཞིག་གི་འོག་ཏུ“རང་ལྟ་མཆོག་འཛིན”གྱི་གནས་ཚུལ་ཐོན་ནས་སེམས་ཁམས་བདེ་ཐང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་མི་ཐུབ་པ་དང་། སེམས་ཁམས་བདེ་ཐང་གི་གནད་དོན་ལ་ཐེ་གཏོགས་བྱེད་པའི་གོ་སྐབས་ཡག་ཤོས་ཤོར་གྱི་ཡོད། དེའི་རྐྱེན་གྱིས་སེམས་ཁམས་བདེ་ཐང་གི་སློབ་གསོ་དང་ཟུར་ཁྲིད་སོགས་ཀྱི་བྱེད་ཐབས་དེ་དག་དོན་མེད་ཀྱི་གཞུང་ལུགས་སྟོང་བཤད་དུ་གྱུར་པ་དང་། ཕན་པ་མེད་པའི་བྱ་སྤྱོད་ཅིག་ཏུ་གྱུར་ནས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཚད་ལྡན་བྱེད་ཐུབ་པ་དཀོན།

སློབ་གྲྭས་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་གཏོང་བར་མཐོང་ཆེན་བྱེད་ཚད་མི་འདང་བ་དང་། ཚད་བརྒལ་གྱི་རྒྱུགས་འབྲས་བརྩོན་ལེན་བྱས་དྲགས་པས། སེམས་ཁམས་བདེ་ཐང་གི་སློབ་གསོ་དུས་ཐོག་ཏུ་སྤེལ་བའི་དགོས་ངེས་ཀྱི་རང་བཞིན་ལ་ཡང་དག་པའི་ལྟ་སྟངས་འཛིན་པ་དང་། དེ་མིན་ངོས་འཛིན་གྱི་ཐད་ནས་སྟབས་བདེའི་སྒོ་ནས་སེམས་ཁམས་བདེ་ཐང་གི་སློབ་གསོ་དེ་སེམས་ཁམས་ཀྱི་གནད་དོན་ཡོད་པའི་སློབ་མ་ཉུང་ཤས་ལ་དམིགས་ནས་ཟུར་ཁྲིད་བྱས་པ་ལས། ཕྱོགས་ཡོངས་ནས་སློབ་མ་མང་ཆེ་བའི་སེམས་ཁམས་བདེ་ཐང་གི་འཕེལ་རྒྱས་ཀྱི་སློབ་གསོའི་ཐབས་ཇུས་ལ་ནོར་འཛོལ་བྱུང་བ་མ་ཤེས་སྟབས། གནད་དོན་འདི་དག་གིས་སློབ་གྲྭའི་བྱ་བ་སྤེལ་བ་དང་འབྲེལ་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ངན་པ་ཐེབས་སྲིད།

ཁྱིམ་ཚང་གི་ངོས་ཐད་ནས། ཁྱིམ་ཚང་ནང་ཁུལ་དུ་སེམས་ཁམས་བདེ་ཐང་གི་སློབ་གསོར་ངོས་འཛིན་འདྲ་མིན་སྣ་ཚོགས་ཡོད་མོད། འོན་ཀྱང་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ཚན་རིག་གི་རང་བཞིན་ཞན་པ་རེད།  མིག་སྔར་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོའི་ཀློག་དེབ་དང་སློབ་དེབ་མང་པོ་བྱུང་བ་དང་། ཁྱིམ་བདག་མང་ཆེ་བར་རང་གི་ཤེས་བྱའི་བཀག་རྒྱའི་དབང་གིས་རྨང་གཞིའི་གོ་དོན་དང་གཞུང་ལུགས་ལ་ངོས་འཛིན་ཡང་དག་མ་བྱུང་བའི་གནས་ཚུལ་མང་པོ་ཡོད། 

དེའི་ཕྱིར་ཁྱིམ་བདག་གིས་འབྲེལ་ཡོད་ཀྱི་སློབ་གསོའི་དཔེ་དེབ་ཀློག་སྐབས་བློ་ཐག་མི་ཆོད་པ་དང་ཁ་ཕྱོགས་ཀྱང་མི་ཤེས། དེའི་རྐྱེན་གྱིས་སློབ་གསོའི་འདུ་ཤེས་མང་པོ་ཞིག་བྱུང་ཡོད་པ་སྟེ། ཁྱིམ་བདག་ལ་ལས་དཔེ་དེབ་ངོས་ཀྱི་སེམས་ཁམས་རིག་པའི་སློབ་གསོ་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་རྒྱུ་གཙོ་བོར་འཛིན་གྱི་ཡོད་པ་དང་། ཁྱིམ་བདག་ལ་ལས་ཕ་མའི་ཉམས་མྱོང་ལྟར་སེམས་ཁམས་བདེ་ཐང་གི་སློབ་གསོ་སྤེལ་རྒྱུ་གཙོ་བོར་འཛིན་གྱི་ཡོད་ལ། ཁྱིམ་བདག་ལ་ལ་ཞིག་གིས་སྣང་མེད་དུ་བསྐྱུར་ནས་སློབ་གྲྭ་ལ་རེ་བ་བཅོལ་བཞིན་ཡོད།

གཉིས་པ། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོའི་གལ་ཆེན་རང་བཞིན།

སློབ་མའི་སེམས་ཁམས་བདེ་ཐང་སྐོར་གྱི་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། ཕན་ནུས་ལྡན་པའི་སྒོ་ནས་སློབ་མའི་སེམས་ཁམས་ཀྱི་གནད་དོན་ཐག་བཅད་དེ། དེ་ཉིད་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཞིག་ཏུ་གྱུར་ཡོད་ལ། དེང་རབས་སློབ་གསོ་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ལྡོག་མེད་ཞིག་ཀྱང་ཡིན།

སློབ་གསོ་ཡག་པོ་ནི་དགེ་རྒན་བཟང་པོ་དང་ཁ་འབྲལ་ཐབས་མེད། སློབ་གྲྭས་སེམས་ཁམས་བདེ་ཐང་སློབ་གསོའི་ཆེད་ལས་ཀྱི་དགེ་རྒན་མང་དུ་བཏང་ནས་ཆེད་ལས་མི་སྣར་ཆེད་ལས་ཀྱི་ལས་ཀ་བྱེད་དུ་འཇུག་དགོས། སློབ་མ་སློབ་གྲྭར་ཞུགས་པ་ནས་སློབ་མཐར་ཕྱིན་པའི་བར་དུ་དུས་ཡུན་ཧྲིལ་པོར་སེམས་ཁམས་བདེ་ཐང་གི་སློབ་གསོའི་བསླབ་ཚན་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཏེ། ཁྱོན་ཡོངས་ལ་ཁེབས་ཤིང་དམིགས་གཏད་ཡོད་པའི་སེམས་ཁམས་བདེ་ཐང་གི་སློབ་གསོ་དང་ཟུར་ཁྲིད་བྱེད་ཐུབ་པ་བྱ་དགོས། 

ལོ་ན་མི་འདྲ་བའི་སེམས་ཁམས་བདེ་ཐང་གི་གནད་དོན་སྣ་ཚོགས་ལ་དམིགས་ཏེ། ཚང་མར་སྔོན་འགོག་རང་བཞིན་གྱི་འབྲེལ་ཡོད་ཟུར་ཁྲིད་སློབ་ཚན་ཁྲིད་དེ། མ་བྱུང་སྔོན་འགོག་དང་། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་དགའ་སྤྲོའི་ངང་སློབ་སྦྱོང་བྱེད་པར་རམ་འདེགས་བྱེད་དགོས། ད་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་ཆུ་ཚད་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་གཞོན་ནུ་སྔར་ལས་མང་པོ་གྲོང་ཁྱེར་ཆེན་མོར་སློབ་སྦྱོང་དང་ལས་ཀ་བྱེད་བཞིན་ཡོད། དེར་བརྟེན་རྫོང་མཁར་ཆུང་ཆུང་དང་གྲོང་གསེབ་ཏུ་ཕྱིར་ལོག་ནས་ལས་ཀ་བྱེད་མཁན་གྱི་ཤེས་ལྡན་མི་སྣ་ཉུང་དུ་འགྲོ་བཞིན་ཡོད་པ་དེའི་ནང་དགེ་རྒན་གྱི་གྲངས་འབོར་ཡང་གནས་ཚུལ་དེ་འདྲར་འཕྲད་བཞིན་ཡོད་པ་རེད། ས་ཁུལ་ལ་ལའི་སློབ་གྲྭས་ཤེས་ལྡན་མི་སྣ་ཅི་ལྟར་ནང་འདྲེན་དང་མུ་མཐུད་དུ་གནས་ཐུབ་པར་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད། ཅི་ལྟར་བྱས་ན་དགེ་རྒན་གྱི་གླ་ཕོགས་ཀྱི་ཆུ་ཚད་དེ་ལུགས་མཐུན་གྱི་གོ་གནས་སུ་སླེབས་པ་དང་། རིགས་སོ་སོའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ལ་བརྩི་འཇོག་གང་ལེགས་དང་ནུས་པ་འདོན་སྤེལ་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

དགེ་རྒན་དང་ཁྱིམ་བདག་ཕྱོགས་སོ་སོ་ནས་སློབ་གསོའི་འདུ་ཤེས་བསྒྱུར་ནས་སློབ་མའམ་བུ་ཕྲུག་གི་སེམས་ཁམས་བདེ་ཐང་ཐད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་ཐུག་པས། སློབ་གྲྭ་དང་ཁྱིམ་ཚང་གིས་སློབ་མའི་སེམས་ཁམས་བདེ་ཐང་དང་བུ་ཕྲུག་གི་སེམས་ཁམས་བྱང་ཚད་མཐོར་འདེགས་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་བསམ་བློ་བཏང་ནས་ཚན་རིག་དང་མི་མཐུན་པའི་སློབ་སྦྱོང་བྱ་ཐབས་བེད་སྤྱོད་མི་གཏོང་བར་ལུགས་མཐུན་གྱི་འགྲོ་ལམ་རྒྱུན་འཁྱོངས་བྱ་དགོས།

སློབ་གྲྭ་དང་ཁྱིམ་ཚང་སོགས་ཕྱོགས་མང་པོའི་སློབ་གསོ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སློབ་གསོ་གཏོང་ཐབས་ཤིག་འཛུགས་དགོས། དཔེར་ན། སློབ་གྲྭས་ཁྱིམ་ཚང་གི་སེམས་ཁམས་སློབ་གསོའི་བྱ་འགུལ་སྤེལ་བར་ཁྲིད་སྟོན་བྱེད་པ་དང་། དུས་ཡུན་རིང་པོར་ཁྱིམ་བདག་དང་མཉམ་འབྲེལ་བྱས་ཏེ། ཁྱིམ་བདག་ལ་སེམས་ཁམས་བདེ་ཐང་གི་སློབ་གསོའི་གཞི་རྩའི་ཤེས་བྱ་རྒྱུས་ལོན་དང་ཁོང་དུ་ཆུད་པར་རོགས་རམ་བྱེད་དགོས། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་གྲྭ་དང་ཁྱིམ་ཚང་གི་སློབ་གསོའི་སྟོབས་ཤུགས་དེ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སློབ་མའི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། སློབ་མ་རྣམས་བདེ་ཐང་གི་ཁོར་ཡུག་ནང་སློབ་སྦྱོང་དང་འཚར་ལོངས་ཡོང་བ་བྱེད་དགོས།

སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཐད་དགེ་རྒན་གྱིས་འགན་འཁུར་ཕོད་པ་བྱས་ནས་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོར་ནུས་པ་གང་ཡོད་འདོན་དགོས་ལ། དུས་རབས་གསར་པའི་སློབ་མ་ཚོས་དེ་ལས་ལྷག་པའི་བདེ་ཐང་གི་སེམས་ཁམས་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ལེགས་འགྲུབ་ཡོང་ཕྱིར་རྒྱུན་ཆད་མེད་པར་བདེ་ཐང་ངང་ཤེས་བྱའི་རྒྱ་མཚོར་བསྐྱོད་དགོས།

མདོར་ན། སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོ་ནི་སློབ་མའི་སེམས་ཁམས་བྱང་ཚད་མཐོར་འདེགས་དང་། སེམས་ཁམས་གནད་དོན་སྔོན་འགོག ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད། དགེ་སློབ་ཀྱི་འབྲེལ་བ་ལེགས་བཅོས། དེ་བཞིན་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་འགན་འཁྲི་སོགས་ཀྱི་ཕྱོགས་ཚང་མར་དོན་སྙིང་གལ་ཆེན་ལྡན། དེའི་ཕྱིར། ང་ཚོས་སློབ་མའི་སེམས་ཁམས་བདེ་ཐང་གི་སློབ་གསོར་མཐོང་ཆེན་བྱས་ཏེ། སློབ་མར་སྔར་ལས་ལྷག་པའི་སེམས་ཁམས་བདེ་ཐང་གི་ཞབས་ཞུ་མཁོ་འདོན་བྱེད་དགོས། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号