མཚོ་བྱང་གི་མི་རིགས་ཞབས་བྲོ་ཟློས་གར《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》ཅེས་པ་མཚོ་སྔོན་ཟློས་གར་ཁང་དུ་ཐོག་མའི་འཁྲབ་སྟོན་བྱ་རྒྱུ་རེད།
ཟླ6པའི་ཚེས5ཉིན། མཚོ་བྱང་མི་རིགས་གླུ་གར་ཚོགས་པའི་མི་རིགས་ཀྱི་ཞབས་བྲོ་ཟློས་གར《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》ཅེས་པ་མཚོ་སྔོན་ཟློས་གར་ཁང་དུ་ཐོག་མའི་འཁྲབ་སྟོན་བྱ་རྒྱུ་རེད། ཉིན་ཤས་གོང་མཚོ་བྱང་ཁུལ་མི་རིགས་གླུ་གར་ཚོགས་པས་ཐོག་མའི་འཁྲབ་སྟོན་གྱི་དུས་མགོའི་གྲ་སྒྲིག་དང་བྱ་བའི་གོ་རིམ། ཚན་ཆུང་སོ་སོའི་ལས་བགོས་བྱ་བ་སོགས་ཞིབ་ཕྲའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་འབྲེལ་སྔོན་སྦྱོང་ནན་ཏན་བྱས་ཏེ་བྱ་བའི་སྦྲེལ་མཐུད་གོ་རིམ་ལྡན་པའི་འགན་ལེན་བྱས།
ཟླ6པའི་ཚེས5ཉིན་གྱི་དགོང་མོར། མི་རིགས་ཀྱི་ཞབས་བྲོ་ཟློས་གར《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》ཅེས་པ་མཚོ་སྔོན་ཟློས་གར་ཁང་དུ་ཐོག་མའི་འཁྲབ་སྟོན་བྱ་རྒྱུ་ཡིན་ལ། ཟློས་གར་དེའི་ནང་དུ། 1958ལོར། གསེར་དངུལ་མེ་ཏོག་རྣམ་པར་བཞད་པའི་དུས་སུ། ལུའོ་ཏིན་གསེར་དངུལ་རྩྭ་ཐང་དུ་རྩད་ཞིབ་བྱེད་པར་ཡོང་པ་དང་། ཁོ་རང་རྩྭ་ཐང་ནས་ཉེན་ཁར་འཕྲད་སྐབས་ས་གནས་དེ་གའི་འབྲོག་པ་བསོད་ནམས་ཀྱིས་བསྐྱབས་པ་རེད། བོད་རིགས་སྤུན་ཟླའི་སྲོག་སྐྱོབ་ཀྱི་བཀའ་དྲིན་དང་ཁོ་ཚོའི་ཁྱིམ་ཚང་གི་བབ་ཆགས་པའི་སྤྲོ་སེམས་ཀྱིས་ལུའོ་ཏིན་གྱི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག དུས་ཐུང་གི་འབྲེལ་འདྲིས་ཁྲོད་བསོད་ནམས་དང་ལུའོ་ཏིན་དབར་ལ་བརྩེ་དུང་ཟབ་མོ་ཆགས་ནས་ཁོང་གཉིས་ཀྱིས་སླར་ཡང་ཐུག་འཕྲད་བྱ་རྒྱུའི་ཁ་ཆད་བཞག་ཡོད། འོན་ཀྱང་རྗེས་སུ་ལུའོ་ཏིན་དཔུང་ཁག་ཆེན་པོ་ཞིག་དང་མཉམ་དུ་སླར་ཡང་གསེར་དངུལ་རྩྭ་ཐང་དུ་སླེབས་པ་ན་བསོད་ནམས་དང་ནང་མི་ཚང་མ་ས་ཐག་རིང་བོར་གནས་སྤོར་བྱས་ཡོད། སྟབས་ལེགས་པ་ཞིག་ལ་ལོ་བཞིའི་རྗེས་སུ་རྟེན་གཞིས་བསྡུས་པའི་འབྲོག་པ་ཚོའི་ནང་དུ་བསོད་ནམས་དང་ཁོའི་བཟའ་ཟླ་ལྷ་མོ་གཉིས་ཡོད་མོད། བློ་ཕམ་པ་ཞིག་ལ་ཁོར་ཡུག་གི་གསང་སྲུང་རང་བཞིན་ཆེ་བའི་རྐྱེན་གྱིས་ཁོ་གཉིས་ཕན་ཚུན་བཙལ་ཀྱང་ངོ་ཐུག་མ་ཐུབ་པ་རེད། མཇུག་མཐར་བྱ་བཞག་གལ་ཆེན་ཞིག་གི་རྐྱེན་གྱིས་ཁོ་གཉིས་ལ་ཕན་ཚུན་ངོ་ཐུག་པ་དང་། རླབས་ཆེན་གྱི་བྱ་བཞག་དེའང་འགྲུབ་སོང་བའི་མི་སེམས་སྒུལ་བའི་གཏམ་རྒྱུད་ཅིག་ངོ་སྤྲོད་བྱས་ཡོད།
མི་རིགས་ཀྱི་ཞབས་བྲོ་ཟློས་གར《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》ཅེས་པ་ནི་དངོས་བྲིས་རྩོམ་རིག་བརྩམས་ཆོས་ཀྱི་ཉམས་འགྱུར་དང་དངོས་མཚོན་གློག་བརྙན་གྱི་སྒྱུ་རྩལ་རྣམ་པའི་བརྩམས་ཆོས་ཤིག་ཡིན་པ་དང་། ཟློས་གར་ཧྲིལ་པོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཆོས་ལྡན་ལ། རིགས་སོ་སོའི་མི་དམངས་རྣམས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་རིགས་ཀྱི་བརྩེ་དུང་ལ་བསྟོད་གླུ་འབུལ་བ་དང་། ཚན་རིག་པའི་རྒྱབ་ཀྱི་མི་དཀྱུས་མ་རྣམས་ལ་བསྟོད་བསྔགས་བྱས་ཏེ། མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་གྱིས221བཟོ་གྲྭའི་འཛུགས་སྐྲུན་དང་ཀྲུང་གོའི“མདེལ་གཉིས་སྐར་གཅིག”གི་བྱ་གཞག་ཆེད་དུ་གྲགས་འགུལ་མེད་པར་ལེགས་སྐྱེས་ཕུལ་བའི་གནས་ཚུལ་དེའི་ཐོག་ནས་གྲངས་ཉུང་མི་རིགས་དང་རྒྱ་རིགས་སྤུན་ཟླ་རྣམས་ཀྱིས་འོད་སྟོང་འབར་བའི་བྱ་གཞག་རླབས་པོ་ཆེའི་ཆེད་དུ་བློས་གཏོང་དང་ལེགས་སྐྱེས་ཕུལ་བ་ཁྱད་པར་དུ་མཚོན་ཡོད།
ཞབས་བྲོ་ཟློས་གར《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》ཅེས་པ་འཁྲབ་སྟོན་བྱས་ཚུན། རོལ་དབྱངས་དང་ཞབས་བྲོའི་སྒྲིག་རྩོམ། གློག་འོད་ཞབས་བྲོ་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་པ་དང་། བརྩམས་ཆོས་ནང་སྒྱུ་རྩལ་གྱི་མཚོན་ཐབས་ཕུན་སུམ་ཚོགས་པོ་ཡོད་ལ། ཁྱད་འཕགས་ཀྱི་རང་གཤིས་དང་རྩྭ་ཐང་གི་ངང་ཚུལ་ལྡན་པའི་ཞབས་བྲོའི་ཉམས་འགྱུར། བརྗིད་ཉམས་ཆེ་བའི་རྩྭ་ཐང་གི་རོལ་དབྱངས་བཅས་ཀྱིས། གསེར་དངུལ་རྩྭ་ཐང་དུ་སོང་མ་མྱོང་བའི་ལྟད་མོ་བ་རྣམས་ཀྱིས་ཀྱང་རྩྭ་ཐང་གི་མི་རིགས་དཔའ་བོའི་དཔའ་ཉམས་དང་བརྗིད་ཉམས་ཚོར་ཐུབ་པར་བྱེད།
ཞབས་བྲོའི་འགུལ་སྟངས་ཐད《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》ཅེས་པར་ཐུན་མོང་མ་ཡིན་པའི་གསར་རྩོམ་བྱས་པ་རེད། འཁྲབ་སྟོན་ཁྲོད་མི་སྣའི་འགུལ་སྟངས་དང་སྣང་བརྙན། བྱུང་རིམ་བཅས་ཞིབ་ཚགས་ཇུས་འགོད་བྱས་ཡོད་པས། འཁྲབ་སྟོན་པ་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་འཁྲབ་སྟོན་གྱིས་མི་སེམས་ལ་གཡོ་འགུལ་ཐེབས་པ་དང་། ཡུལ་ལྗོངས་དང་མི་སྣ་འོ་ཆུ་བཞིན་མཉམ་འདྲེས་བྱེད་པའི་གར་སྟེགས་ཀྱི་ཕན་འབྲས་མངོན་ཡོད།
ད་ལོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཡིན་ལ། ལོ་ངོ70འཁོར་བར་ལེགས་སྐྱེས་འབུལ་ཆེད། མཚོ་བྱང་ཁུལ་མི་རིགས་གླུ་གར་ཚོགས་པས་ལོ་མགོར་འཁྲབ་སྟོན་གྱི་འཆར་གཞི་རབ་དང་རིམ་པ་བཟོས་ཤིང་། ཟླ2པའི་ཟླ་སྟོད་ནས་བཟུང་འཁྲབ་སྟོན་པ་དང་གསར་གཏོད་ཚོགས་པས་དུས་ཆེན་དང་གུང་གསེང་ཡོད་ཚད་དོར་ཏེ། ལས་སྣོན་བྱས་ནས་མི་རིགས་ཀྱི་ཞབས་བྲོ་ཟློས་གར《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》ཅེས་པ་གསར་གཏོད་བྱས་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注