ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས“དྲུག་གཅིག”བྱིས་པའི་དུས་ཆེན་སྐབས་ལོ་ཆུང་བྱིས་པ་རྣམས་ལ་འཚམས་འདྲི་གནང་པ།


    ཟླ6པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་སོ་སོར་མདའ་བཞི་རྫོང་ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་དང་མདོ་ལ་རི་བོ་སློབ་ཆུང་དུ་བསྐྱོད་དེ“དྲུག་གཅིག”གི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་ནས་བྱིས་པ་ཚོས་བདེ་ཐང་ངང་འཚོ་བ་སྐྱེལ་བ་དང་སྤྲོ་སྣང་ཆེན་པོས་སློབ་སྦྱོང་བྱེད་པ། བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་ཀྱི་སྨོན་འདུན་ཞུས་པར་མ་ཟད། དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་རྒྱ་ཆེའི་དགེ་རྒན་དང་ལས་བཟོ་བ་རྣམས་ལ་བྱམས་བརྩེའི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས།    

     ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་ཤ་བོ་སྐྱབས་ཀྱིས་སློབ་གྲྭའི་སློབ་ཁྲིད་ཁོར་ཡུག་དང་སློབ་གཉེར་གཞི་ཁྱོན། དགེ་རྒན་གྱི་དཔུང་སྡེ། སློབ་གཉེར་ཁྱད་ཆོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་པར་མ་ཟད། བྱིས་པ་ཚོར་འཚམས་འདྲིའི་དངུལ་དང་སྨོན་འདུན་བཟང་པོ་ཕུལ། ཤ་བོ་སྐྱབས་ཀྱིས་བྱིས་པ་ཚོར་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ་ཁོ་ཚོར་ཏང་དང་མེས་རྒྱལ་གྱི་བཀའ་དྲིན་དྲན་པ་དང་། སློབ་སྦྱོང་ཡག་པོ་དང་འཇོན་ཐང་ཆེ་རུ་བཏང་སྟེ་འཚར་ལོངས་བྱུང་རྗེས་སྤྱི་ཚོགས་ལ་ལེགས་སྐྱེས་དབུལ་དགོས་པའི་སྐུལ་ལྕག་གནང་ཞིང་། སློབ་གྲྭའི་འཇུ་རེས་ཚོགས་སྡེའི་འགྲེམས་སྟོན་ལ་བལྟས་རྗེས་སློབ་གྲྭའི་ཚོགས་སྡེའི་བྱེད་སྒོར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད་པས་མུ་མཐུད་འབད་བརྩོན་དང་ཤུགས་བསྣན་ནས་སྣ་མང་ཕུན་སུམ་ཚོགས་པའི་ཚོགས་སྡེའི་བྱ་འགུལ་བརྒྱུད་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དང་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རྩ་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཁུལ་ནང་ཁུལ་གྱི་ཕུན་སུམ་ཚོགས་པའི་ཞིབ་འཇུག་དང་ལག་ལེན་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། སློབ་མ་སྒྲིག་འཛུགས་བྱས་ནས་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མི་རིགས་རྟེན་མཛོད་ཁང་། མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་སོགས་སུ་ཞིབ་འཇུག་དང་ལག་ལེན་བྱེད་སྒོ་སྤེལ་ནས་སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། བསམ་བློ་ཆབ་སྲིད་དང་ལག་ལེན་ལ་ཤུགས་སྣོན་དགོས་ལ། ཏང་རྩ་འཛུགས་མགོ་ཁྲིད་ཀྱི་སློབ་གཙོའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་དང་། སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ། སློབ་གྲྭའི་དོ་དམ་དང་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བར་ཤུགས་སྣོན། དོ་དམ་གྱི་ནང་རྐྱེན་སྔར་ལས་ལེགས་སྒྱུར། དོ་དམ་གྱི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། དོ་དམ་གྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་སློབ་གྲྭ་འཛུགས་སྐྲུན་ལེགས་པོ་དང་དོ་དམ་ལེགས་པོ་བྱ་དགོས་པའི་བླང་བྱ་བཏོན།

     མདོ་ལ་རི་བོ་སློབ་ཆུང་དུ་ཀྲང་ཧྲིང་ཡོན་འཁོར་དང་བཅས་པས་སློབ་གྲྭའི་ཁོར་ཡུག་དང་འཛིན་གྲྭའི་རིག་གནས་འཛུགས་སྐྱོང་ལ་ལྟ་སྐོར་བྱས་ཤིང་། སློབ་གྲྭའི་དགེ་རྒན་དཔུང་སྡེ་འཛུགས་སྐྱོང་དང་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་བྱེད་སྒོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་བྱིས་པ་ཚོར་དུས་ཆེན་གྱི་འཚམས་འདྲིའི་དངུལ་ཕུལ། ཁོང་གིས་ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་མི་རིགས་ཀྱི་རེ་བ། རྒྱལ་ཁབ་ཀྱི་མ་འོངས་པ་བཅས་ཡིན་པས་ལོ་ཆུང་བྱིས་པ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་ནི་ང་ཚོའི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་གཞོན་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ“སྙུང་གཉིས”ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་གཏིང་ཟབ་བྱས་ནས་ནུས་ཤུགས་ཡོད་རྒུས་གྲོགས་པོ་ཆུང་ཆུང་འཚར་ལོངས་ཡོང་རྒྱུར་ཆ་རྐྱེན་བསྐྲུན་ཡོད་པར་བསྟན། བྱེད་སྒོའི་ཁྲོད་ཁོང་གིས་བྱིས་པ་ཚོར་ཆུང་དུས་ནས་ཀུན་སྤྱོད་བཟང་པོ་གསོ་སྐྱོང་བྱེད་པ་དང་ཕུགས་བསམ་ཆེན་པོ་བཅངས་ནས་སྒྲིག་ཁྲིམས་བརྩི་སྲུང་དང་སློབ་སྦྱོང་ཡག་པོ་བྱེད་པ། ཉིན་རེ་བཞིན་ཡར་ཐོན་ཡོང་བ་བཅས་བྱས་ཏེ། རིག་གནས་ཤེས་བྱ་དེ་བས་མང་བ་ཁོང་དུ་ཆུད་པར་བྱས་ནས་མ་འོངས་པའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་།

     ཝང་ཡུང་ཁྲང་དང་། སངས་འབུམ། ཞུ་ཡུང་ཀུང་། པོ་ཀྲེང་ཆིང་བཅས་ཀྱིས་སོ་སོར་ཕེབས་རོགས་གནང་།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号