ཁུལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ཆེད་དོན་བཅོས་སྒྲིག་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས།
ཤ་བོ་སྐྱབས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
ཟླ4བའི་ཚེས10ཉིན། ཁུལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ཆེད་དོན་བཅོས་སྒྲིག་བྱ་བའི་སྐུལ་སློང་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་ཐོག་ཏུ་ཁུལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ཆེད་དོན་བཅོས་སྒྲིག་བྱ་བ་སྤེལ་ཚུལ་ཁྱབ་བརྡ་བཏང་བ་དང་རྫོང་བཞིའི་སྲིད་གཞུང་གིས་གཏམ་བཤད་སྤེལ།
ཤ་བོ་སྐྱབས་ཀྱིས་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ཆེད་དོན་བཅོས་སྒྲིག་བྱ་བ་སྤེལ་རྒྱུ་ནི་རང་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་དེ་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་བཟང་པོ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ལྷག་པར་དུ་ད་ལོ་ནི་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཡིན་པས། བཅོས་སྒྲིག་བྱ་བ་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་གཟི་བརྗིད་ལྡན། བཅོས་སྒྲིག་བྱ་བ་སྤེལ་ཚུན་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཕན་འབྲས་ཐོན་པའི་བྱ་བ་འབོར་ཆེན་བསྒྲུབས་ནས་ཁུལ་ཡོངས་སུ་ཁྱོན་གནད་དོན605གྲལ་བཤེར་ཐུབ་པ་དང་གནད་དོན371བཅོས་སྒྲིག་བྱས་ནས་བཅོས་སྒྲིག་བྱ་བར་ཁྱད་ཆོས་ལྡན་པ་དང་ཕན་འབྲས་ཐོན་ཡོད། འོན་ཀྱང་སྣང་ཆུང་བྱེད་མི་རུང་བའི་གནད་དོན་དང་ཞན་ཆ་འགའ་ཤས་ཀྱང་གནས་ཡོད་པ་སྟེ། ས་ཁུལ་ཁ་ཤས་སུ་བཅོས་སྒྲིག་བྱ་བའི་བསམ་བློའི་ངོས་འཛིན་ཞན་པ་དང་། འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་མེད་པ། བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོ་མེད་པ་སོགས་ཀྱི་སྣང་ཚུལ་སྔར་བཞིན་གནས་པ་དང་། ལྷག་པར་དུ་རྩྭ་ཐང་སྟེང་གང་འདོད་ངང་མདོག་སྣ་ཚོགས་ཀྱི་སྟབས་བདེ་ཁང་བ་བསྐྲུན་པ་དང་ར་སྐོར་རྒྱག་པ་སོགས་ཀྱི་སྣང་ཚུལ་སྔར་བཞིན་མངོན་གསལ་དོད་པོ་ཡོད། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་མི་འདང་བ་དང་། ཨ་བྲའི་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་དགོས་པ། རྐང་ཚ་རྫོང་དང་མདའ་བཞི་རྫོང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས6གི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ནུས་ལྡན་བྱུང་མེད་པ། གཞུང་ལམ་གྱི་མྱུར་ཚད་དལ་སྒྱུར་ཆས་དང་ལྟ་སྐུལ་བརྙན་མིག་སོགས་ཀྱི་སྒྲིག་ཆས་རྙིང་བར་གྱུར་བ། ལམ་རྒྱུད་ཀྱི་བརྡ་ཁྱབ་བྱང་བུ་དང་དྲིལ་སྒྲོག་སྦྱར་ཡིག་སོགས་ཀྱི་སྟེང་གི་བོད་ཡིག་ཚད་ལྡན་མིན་པར་འཁྲུལ་སྒྱུར་དང་ལོག་སྒྱུར་གྱི་སྣང་ཚུལ་ཡོད་པར་བསྟན།
ཤ་བོ་སྐྱབས་ཀྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་ལ། ཞིང་ཆེན་དང་ཁུལ་ཨུའི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཁུལ་དང་རྫོང་གི་གནས་ཚུལ་དང་རྩྭ་ཐང་གི་གནས་ཚུལ་ལ་ངོས་འཛིན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློ་གཅིག་གྱུར་ཡོང་བར་བྱས་ཏེ། བཅོས་སྒྲིག་བྱ་ཐབས་ལ་ཤུགས་སྣོན་པ་དང་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། བཅོས་སྒྲིག་གི་བླང་བྱ་སྔར་བས་ནན་དུ་གཏོང་དགོས། ཁུལ་ཡོངས་ཀྱིས་ཁྲིམས་འགལ་སྒྲིག་འགལ་ངང་རྩྭ་ཐང་བསྡུ་སྤྱོད་བྱེད་པའི་བྱ་སྤྱོད་བཅོས་སྒྲིག་ནུས་ལྡན་བྱས་ནས་མཚོ་སྐོར་ས་ཁུལ་དང་གསེར་དངུལ་རྩྭ་ཐང་། མཐོན་པོ་སྒང་དང་དེ་བཞིན་མཐའ་འཁོར་ས་ཁོངས། མདོ་ལ་རྩྭ་ཐང་། སུའུ་ཧོང་རྩྭ་ཐང་།(བཀྲ་སོག་ས་ཁོངས)འཇུ་ལག་རྟ་ར། རྡོ་སྔོན་ལ་ཁ་གྲོང་རྡལ་སོགས་གཙོ་གནད་ས་ཁོངས་བཅོས་སྒྲིག་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས། སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ་དང་། ཁོར་ཡུག་སྦགས་བཙོག་བཟོ་བ། རྣམ་པ་ལ་ཤུགས་རྐྱེན་བཟོ་བ་བཅས་ཀྱི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། བཅོས་སྐྱོང་བྱ་བར་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱེད་པ་དང་། མཚོ་བྱང་གི་སྣང་བརྙན་བཟང་པོ་གཏོད་དགོས་པ་ནན་གྱིས་བསྟན།
ཤ་བོ་སྐྱབས་ཀྱིས་བཅོས་སྒྲིག་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་ཕྱོགས་བསྡུས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། གོང་འོག་སྦྲེལ་མཐུད་དང་འཕྲེད་ཕྱོགས་ནས་སློབ་སྦྱོང་བྱེད་པའི་བསྡུར་ཚད་ལས་བརྒལ་བར་སྤྱི་འདོམས་ཡག་པོ་བྱེད་དགོས། ཕྱི་ཕྱོགས་སུ་སྔོན་ཐོན་ས་ཁུལ་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ནང་ཁུལ་དུ་ཁྱབ་གདལ་དང་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བ་སྤེལ་ནས་བཅོས་སྒྲིག་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁོངས་མིའི་སྡེ་ཁག་གིས་བྱ་བའི་འགན་འཁྲི་ཡག་པོ་སྒྲུབ་པ་དང་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ། ཆེད་དོན་བཅོས་སྒྲིག་བྱ་བའི་ཁྲོད་རང་འགན་རང་འཁུར་བྱེད་དགོས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་བྱ་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་དོན་གནད་གལ་ཆེན་དང་གནད་དོན་གཙོ་བོར་གཞོགས་འདེགས་དམ་ཟབ་བྱས་ཏེ་སྒྲིལ་ཤུགས་ཆགས་པར་བྱེད་དགོས། ལྟ་སྐུལ་སློབ་སྟོན་ཚན་ཆུང་སོ་སོས་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། འགན་འཁུར་ཕོད་པ་དང་སྒྲུབ་ཕོད་པ། བྱེད་ཕོད་པ། བཙན་པོ་དང་འཐབ་ཕོད་པ་བཅས་བྱས་ཏེ། བྱ་བའི་ཁྲོད་ཀྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན། གཞི་རིམ་གྱི་འབོད་སྒྲ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱ་དགོས། ཤེས་རྟོགས་བྱུང་བའི་གནད་དོན་ལ་དུས་ཐོག་ཏུ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ། ཁྱོན་ཡོངས་ཀྱི་ཕྱོགས་ནས་གཅིག་གྱུར་འཆར་འགོད་དང་ཇུས་འགོད། ལྟ་སྐུལ། དོན་འཁྱོལ་བཅས་བྱེད་མཁས་པོ་བྱས་ཏེ། གཞི་གྲངས་གསལ་བོ་དང་བྱ་བ་གསལ་བོ་སྒྲུབ་དགོས། ས་ཁུལ་སོ་སོས་ལག་བསྟར་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་ས་ཁུལ་དེ་གའི་བཅོས་སྐྱོང་བྱ་བའི་འགན་ཁུར་གཙོ་བོ་རང་འགུལ་ངང་འཁུར་དགོས་པ་དང་། འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ལས་འགན་གཙོ་བོར་དམིགས་པ། བརྟག་དཔྱད་མ་ལག་འཛུགས་པ། བྱ་བའི་བྱེད་ཐབས་གསར་གཏོད་བཅས་བྱེད་དགོས། རང་འགུལ་ངང་བྱ་བ་ཧུར་ཐག་གིས་སྒྲུབ་པ་དང་། སྲིད་ཇུས་དྲིལ་སྒྲོག་ལ་དོ་སྣང་བྱེད་པ། བྱ་བ་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཆེད་དོན་བཅོས་སྒྲིག་བྱ་བར་ལས་འཕྲོ་མི་འཇོག་པ་དང་འགྱོད་པ་མི་སྐྱེ་བ་བྱེད་དགོས་པའི་བླང་བྱ་བཏོན།
ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ཤིང་། ཁུལ་གྱི་མགོ་ཁྲིད་ལི་ཞང་ཏུང་དང་མཱ་རུའུ་ཞང་། དེ་བཞིན་ཁུལ་བཅོས་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་རྫོང་བཞིའི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་ཁུལ་གྱི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注