མཚོ་བྱང་ཁུལ་གྱི“མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི”མཚོ་སྔོན་པོའི་རྟ་རྒྱུག་ལྷག་རིམ་འགྲན་སྡུར་རྒྱལ་ཁའི་ངང་མཇུག་སྒྲིལ།

ཟླ5པའི་ཚེས1ཉིན་ནས་ཚེས2ཉིན་བར། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ་དང“རྒྱལ་ཁབ་སྤྱི་གླིང་གཉིས”ཡག་པོ་བསྐྲུན་པ། ལྔ་གཅིག་གི་ཡུལ་སྐོར་རྫོགས་ལྡན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི”རིག་གནས་མུ་འབྲེལ་བྱེད་སྒོ་ལས། མཚོ་བྱང་ཁུལ་གྱི“མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི”མཚོ་སྔོན་པོའི་རྟ་རྒྱུག་ལྷག་རིམ་འགྲན་སྡུར་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་ནུབ་མཚོ་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས།    

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ།    གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དང་མ་རུའུ་ཞང་བཅས་ཡུལ་དངོས་སུ་ཕེབས་ནས་ལྟད་མོ་བ་དང་མཉམ་དུ་འགྲན་སྡུར་ལ་བལྟས།  

ཟླ5པའི་ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ40སྟེང་། ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་མཇུག་སྒྲིལ་རྗེས“མཚོ་སྔོན་གྱི་ལང་གྱོ་རྒྱ་རྟགས་མའི”མཚོ་སྔོན་པོའི་རྟ་རྒྱུག་ལྷག་རིམ་འགྲན་སྡུར་མགོ་བརྩམས། ཀན་སུའུ་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་དང་ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བཅས་ཀྱི་འཐུས་ཚབ་རུ་ཁག་དང་། མཚོ་བྱང་ཁུལ་གྱི་འཇུ་ལག་དང་མདོ་ལ། རྐང་ཚ། མདའ་བཞི་བཅས་རྫོང་བཞི་ནས་ཡོང་བའི་འཐུས་ཚབ་རུ་ཁག་གི་རྟ169དང་གཡག25ཡོད་ཅིང་། ཉིན་གཉིས་ནང་སྨི5000ཅན་གྱི་ཕྱི་རྟའི་རྒྱུག་རྟ་དང་སྨི3000ཅན་གྱི་འབྲོག་རྟའི་རྒྱུག་རྟ། སྨི3000ཅན་གྱི་ཕྱི་རྟའི་གོམ་རྟ། སྨི2000ཅན་གྱི་འབྲོག་རྟའི་གོམ་རྟ། སྨི1000ཅན་གྱི་བུད་མེད་འབྲོག་རྟའི་གོམ་རྟ། སྨི300ཅན་གྱི་གཡག་རྒྱུག་བཅས་ཀྱི་འགྲན་སྡུར་ནང་ཞུགས། འགྲན་སྡུར་ནང་དམངས་ཁྲོད་ཀྱི་རྒྱུག་ཡུན་དུས་ཚོད་ཀྱི་རིང་ཐུང་ལྟར་བླང་དོར་བྱེད་པའི་འགྲན་སྡུར་བྱེད་ཐབས་སྤྱད་དེ་གྲུབ་འབྲས་ལྟར་འབྲོག་རྟའི་གོམ་རྟའི་སྔོན་གྱི་ཨང་རིམ12དང་། བུད་མེད་གོམ་རྟ་དང་ཕྱི་རྟའི་གོམ་རྟ། འབྲོག་རྟའི་རྒྱུག་རྟ། ཕྱི་རྟའི་རྒྱུག་རྟ། གཡག་རྒྱུག་བཅས་ཀྱི་སྔོན་གྱི་ཨང་རིམ8བླངས་ནས་བྱ་དགའི་དངུལ་དང་གཟི་བརྗིད་དཔང་ཡིག་སྤྲད། 

མེ་མདའི་སྒྲ་གྲགས་པ་དང་མཉམ་དུ་རྟ་པ་ཚོས་རྟ་ལྕག་གཡུག་བཞིན་དཔའ་ཉམས་དོད་པོས་བང་ལྡན་རྟ་ཕོར་སྐུལ་བ་དང་། རྟ་མཆོག་གིས་གློག་འཁྱུག་པ་ལྟར་བང་ཁ་འགྲན་ནས་མྱུར་ཚད་དང་སྤྲོ་སེམས་ཀྱིས་ཕྱུག་པའི་ལྟད་མོ་གཟབ་རྒྱས་ཤིག་འཁྲབ་སྟོན་བྱས་པ་དང་། རྟ་རྒྱུག་ར་བ་རུ་ལྟད་མོ་བ་དག་གིས་ཀི་ཀི་བསོ་བསོའི་ལྷ་རྒྱལ་འཐེན་ཞིང་རྒྱུག་ལ་འགྲན་པའི་རྟ་མཆོག་ལ་ངར་ཤུགས་སྩོལ་བཞིན་རྒྱུག་ར་ཧྲིལ་བོ་ཀི་སྒྲ་དང་དགོད་སྒྲས་ཁེངས་ཡོད།  

འགྲན་སྡུར་ཁྲོད་རྟ་པའི་ཕུལ་དུ་བྱུང་བའི་སྐྱ་རྩལ་དང་རྟ་མཆོག་གི་མགྱོགས་མོ་རླུང་ལ་འགྲན་པའི་སྣང་བརྙན་གྱིས་འགྲན་སྡུར་ཡུལ་དངོས་ལ་སླེབས་པའི་ལྟད་མོ་བའི་ཚོགས་ལ་བག་ཆགས་ཟབ་མོ་བཞག་ཅིང་གདེང་འཇོག་བཟང་པོ་ཐོབ་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དང་རྟ་དགའ་རྣམས་ལ་གསར་བརྗེའི་བཙན་ས་ནས་རྟ་རྒྱུག་ལུས་རྩལ་དང་རང་བྱུང་ཁམས་ཞི་མཐུན་མཉམ་འདྲེས་སུ་གནས་ཤིང་སྲོལ་རྒྱུན་གྱི་གོམས་སྲོལ་དང་དེང་རབས་ལུས་རྩལ་ཟུང་འབྲེལ་ཡག་པོ་བྱས་པའི་བདེན་པ་ངོ་སྤྲོད་བྱས། 

ཟླ5པའི་ཚེས2ཉིན་གྱི་ཉིན་གུང་། ཐེངས་འདིའི"རྟ་རྒྱུག་ལྷག་རིམ"འགྲན་སྡུར་རྒྱལ་ཁའི་ངང་མཇུག་སྒྲིལ་ནས་བྱ་དགའ་ཐོབ་པའི་རྟ་མཆོག་རྣམས་ལ་བྱ་དགའ་གནང་། དེའི་ནང་སྨི300ཅན་གྱི་གཡག་རྒྱུག་འགྲན་སྡུར་ཁྲོད་ནོར་བུ་ཚེ་རིང་དང་ཀུན་བཟང་བསམ་འགྲུབ། ནོར་བུ་ཚེ་རིང་བཅས་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ་པ་དང་། སྨི1000ཅན་གྱི་བུད་མེད་ཀྱི་གོམ་རྟའི་ཁྲོད་ལྷ་ཕྱུག་འབུམ་དང་དར་འཕེལ་རྒྱལ། རབ་བརྟན་བཅས་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ། སྨི2000ཅན་གྱི་འབྲོག་རྟའི་གོམ་རྟའི་ཁྲོད་སྟོབས་ལྡན་བཀྲ་ཤིས་དང་ཚུལ་ཁྲིམས་རྒྱ་མཚོ། འབྲུག་ཐར་བཅས་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ། སྨི5000ཅན་གྱི་ཕྱི་རྟའི་རྒྱུག་རྟའི་ཁྲོད་བླ་མ་རབ་བརྟན་དང་ལྕགས་འབུམ་རྒྱལ། བློ་ལྡན་བཅས་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ། སྨི3000ཅན་གྱི་ཕྱི་རྟའི་གོམ་རྟའི་ཁྲོད་བཀྲ་ཤིས་དོན་འགྲུབ་དང་ལྷ་མཁར་རྒྱལ། དཔའ་མཁར་རྒྱལ་བཅས་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ། སྨི3000ཅན་གྱི་འབྲོག་རྟའི་རྒྱུག་རྟའི་ཁྲོད་ཨོ་ཏིག་པཱ་ཐུར་དང་འུན་ཁུ་པ་ཡས་ཨར། མཁར་བྱམས་རྒྱལ་བཅས་ལ་སོ་སོར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་ཐོབ།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་རིགས་ལུས་རྩལ་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ལུས་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་རྟ་རྒྱུག་འགྲན་སྡུར་དང་རྐང་བགྲོད། མདའ་འཕེན། ལྕགས་རྟ་སོགས་འགྲན་སྡུར་སྣ་ཚོགས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ། མཚོ་སྔོན་མཚོ་བྱང་མཚོ་སྔོན་པོའི་རྟ་རྒྱུག་བརྗེ་རེས་ཚོགས་ཆེན་དང་མཚོ་སྔོན་འཇུ་ལག་གི་སྐབས་དང་པོའི"མཚོ་སྔོན་གྱོ་རྒྱ་རྟགས་མའི"རྟ་རྒྱུག་ཚོགས་ཆེན། "ཞལ་དཀར་རྟགས་མའི"མཐོ་སྒང་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོ་སོགས་རྟ་རྒྱུག་བྱེད་སྒོ་ཆེ་གྲས་གོ་རིམ་བཞིན་གྲུབ་འབྲས་ཐོབ་པའི་ངང་སྒྲུབ་པ་དང་། ལོ་ལྟར་དཔྱིད་དབྱར་གཉིས་ཀྱི་འབྲེལ་མཚམས་དང་དབྱར་སྟོན་གྱི་མཚམས་སུ་གཞི་ཁྱོན་མི་འདྲ་བའི་དམངས་ཁྲོད་རྟ་རྒྱུག་བྱེད་སྒོ་དང་ན་ཏམ་སྤྲོ་ཚོགས་དེ་ཁུལ་ཡོངས་ཀྱི་གང་ས་གང་དུ་སྤེལ་བཞིན་ཡོད་ཅིང་། རྟ་ལ་བརྟེན་ནས་ཕྱོགས་ཡོང་མགྲོན་པོ་བསུ་ལེན་དང་འགྲན་སྡུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྟའི་རིག་གནས་ཐོན་ལས་ལ་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་ཡོད།

ཐེངས་འདིའི་མཚོ་བྱང་ཁུལ་གྱི“མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི”མཚོ་སྔོན་པོའི་རྟ་རྒྱུག་ལྷག་རིམ་འགྲན་སྡུར་རྒྱལ་ཁའི་ངང་གཉེར་བ་དེས་མཚོ་བྱང་གི་སྙན་པ་མཐོ་རུ་ཕྱིན་པར་མ་ཟད་ཕྱི་ཕྱོགས་སུ་མཚོ་བྱང་གི་སྤུས་ཚད་དང་གསོན་ཤུགས་དེ་བས་མཐོང་ཐུབ་པ་བྱུང་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དང་ལྟད་མོ་བ་གནས་འདི་རུ་འཛོམས་ནས"རྟ་རྒྱུག་ལྷག་རིམ"འགྲན་སྡུར་དང་མཉམ་དུ་མཐོ་སྒང་ས་གཞི་ཆེན་མོར་ཡུལ་སྐོར་སྤྲོ་འཆམ་བྱས་ནས་མཚོ་བྱང་གི་གསར་བརྗེའི་རིག་གནས་དང་དམངས་སྲོལ་རིག་གནས། “རྒྱལ་ཁབ་སྤྱི་གླིང་གཉིས”བཅས་ཀྱི་ཁྱད་ཆོས་ལ་མྱོང་རོལ་བྱས་པས"མདངས་ལྡན་གནས་མཆོག དག་སྣང་མཚོ་བྱང"གི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号