མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཕྱུགས་ལས་རྫོང་ཞིག་གི་གྲོང་གསེབ་དར་སྤེལ་བྱུང་བའི་རྣམ་པ་གསར་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཤང་གཉའ་གོང་མ་གྲོང་ཚོ་ནི་ས་གནས་ཀྱི་བོད་རིགས་འདུས་སྡོད་བྱེད་པའི་ཕྱུགས་ལས་གྲོང་ཚོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་བོད་ལུག་དཀར་པོ་ནུས་མཐོའི་གསོ་སྤེལ་ཐབས་ལམ་འཚོལ་ཞིབ་བརྒྱུད་དེ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཞིག་རྙེད་པ་རེད།

“2023ལོའི་ལུ་གུ་བཙའ་བའི་དུས་སུ་ངའི་འབྲོག་སར་ལུ་གུ780བཙས་པ་དང་། སྲོལ་རྒྱུན་གྱི་དུས་ཡུན་རིང་བར་གསོ་སྤེལ་དང་མི་མཚུངས་པར་ཟླ3ཙམ་ཐོན་པའི་ལུ་གུ་དེ་དག་ལ་འོ་མ་བཅད་རྗེས། ཟླ5ཙམ་གྱི་གསོ་སྤེལ་བརྒྱུད་ན་བཤས་གཏོང་ཆོག་ལ། ཤའི་སྤུས་ཀ་ལེགས་པ་མ་ཟད་འཛད་སྤྱོད་པའི་དགའ་བསུ་ཐོབ་བཞིན་ཡོད”ཅེས་གཉའ་གོང་མ་གྲོང་ཚོའི་ལོ་རབས90ནང་སྐྱེས་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་བཟང་རྣམ་རྒྱལ་གྱིས་གསར་འགོད་པར་དེ་ལྟར་བཤད།

གཉའ་གོང་མ་གྲོང་ཚོའི་ལུག་ཁྱུ།

2021ལོ་ནས་གསོ་སྤེལ་ཐོན་ལས་འཕེལ་རྒྱས་སུ་བཏང་བའི་ཚུན། ལྷ་བཟང་རྣམ་རྒྱལ་གྱིས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་གཏོང་དགོས་པ་དང་། གཟན་རྩྭ་འདང་ངེས་དང་མ་མོའི་ཤ་ཤེད་འགན་སྲུང་གང་ལེགས་བྱས་ནས་ལུ་གུ་བདེ་ཐང་ངང་འཚར་ལོངས་བྱུང་ཐུབ་པའི་གལ་ཆེན་རང་བཞིན་གསལ་བོར་རྟོགས་ཡོད་པས། ཁོས་སྨི་གྲུ་བཞི་མ2000ལྷག་གི་ཕྱུགས་ར་ཞིག་གསོ་བྱས་ནས་སྔོན་ལ་གཟན་རྩྭ་གྲ་སྒྲིག་བྱས་ནས་ལོ་རེའི་ལུ་གུ་བཙའ་བའི་དུས་བསུས་པ་རེད།

རྩྭ་ཕྱུགས་དོ་མཉམ་དང་སྤུས་ལེགས་གསོ་སྐྱོང་ལག་བསྟར་བྱ་ཆེད། ལྷ་བཟང་རྣམ་རྒྱལ་གྱིས་སྟོན་མཇུག་དགུན་མགོ་རུ་མ་མོ་ལ་གཟན་རྩྭ་ཁ་སྣོན་བྱས་པ་དང་། མ་མོས་ལུ་གུ་བཙའ་ལ་ཉེ་སྐབས་ཚང་མ་ར་ནང་བཅུག་སྟེ་གསོ་སྤེལ་བྱས་པས་མ་མོ་ཡི་ཤ་ཤེད་དང་ལུ་གུ་གསོ་སྤེལ་བཅས་ལ་ནུས་ལྡན་གྱིས་འགན་སྲུང་བྱེད་ཐུབ། མ་མོས་ལུ་གུ་བཙས་ནས་ཟླ་གཉིས་འགོར་རྗེས་ལུ་གུ་དང་བཀར་ནས་གསོ་སྤེལ་བྱས། 

རྐང་ཚ་རྫོང་ཞིང་ཕྱུགས་ཅུའུ་ཡི་ལག་རྩལ་མི་སྣར་བློ་འདྲི་བྱས་པ་བརྒྱུད། ལྷ་བཟང་རྣམ་རྒྱལ་གྱིས་མ་མོ་ཁ་ཟས་བདམས་ནས“ལོ་གཉིས་ལ་ཐེངས་གསུམ་བཙའ”བར་འཚོལ་ཞིབ་བྱས་པས་ཕན་ནུས་ལེགས། “ནུས་མཐོའི་གསོ་སྤེལ་ཁྱབ་གདལ་བརྒྱུད་དེ་ལུག་གི་སྤུས་ཀ་དང་ཕན་འབྲས་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། ལྷག་པར་དུ་རྩྭ་ཐང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་ཐོབ་པ་རེད། ད་ལྟ་ཕྱུགས་རའི་ནང་བཅུག་པའི་མ་མོ1300ལྷག་ཡོད་པ་དང་། 2023ལོའི་འབྲོག་རའི་ཁེ་བཟང་སྒོར་ཁྲི28ཟིན་ཡོད”ཅེས་ལྷ་བཟང་རྣམ་རྒྱལ་གྱིས་དེ་ལྟར་བརྗོད།

གཉའ་གོང་མ་གྲོང་ཚོ་དང་སྤྱི་ལེ30བར་ཐག་ཡོད་པའི་མཚོ་འཁྱིལ་ཤང་ཉིན་ཞྭ་གྲོང་ཚོ་ན་སྔོན་ཆད་ས་གནས་ཁྱད་ལྡན་ཐོན་ལས་བོད་ལུག་དཀར་པོ་གསོ་སྤེལ་བྱེད་བཞིན་ཡོད། གསོ་སྤེལ་གོ་རིམ་ཁྲོད་རིམ་བཞིན་ཁ་ཐོར་གསོ་སྤེལ་བྱས་ནས་ཡོང་འབབ་དམའ་བར་མ་ཟད་ལུག་ཤའི་སྤུས་ཀ་ཞན་པ་སོགས་ཀྱི་གནད་དོན་བྱུང་།

ཉིན་ཞྭ་གྲོང་ཚོའི་ལུག་ཁྱུ།

“སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་ཐབས་དང་རིགས་རྒྱུད་རྙོག་འཛིང་ཆེ་བ། རྒྱུད་འདྲེས་བཅས་ཀྱི་གནད་དོན་གྱིས་ལུག་ཤའི་སྤུས་ཀ་དང་ཤ་ཤེད་ལྷུང་པ་རེད”ཅེས་ཉིན་ཞྭ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་ཚེ་བྷོ་ཡིས་དེ་ལྟར་བཤད། ཁོས་སྔོན་ཆད་ལུ་གུ་བཙའ་ལ་ཉེ་བའི་མ་མོར་ཤ་ཤེད་རྒྱས་དཀའ་བས་འོ་མའི་ནང་བཅུད་མི་འདང་བས། ལུ་གུའི་སྤུས་ཀ་ཡང་ཞན་ལ་གསོན་དཀའ་བ། གཞན་ཡང་ཚད་བརྒལ་གྱིས་ཕྱུགས་འཚོས་པ་དེས་རྩྭ་ཐང་ཞན་འགྱུར་བྱུང་ཞེས་བརྗོད།

སྲོལ་རྒྱུན་གྱི་ཕྱུགས་ཟོག་གསོ་སྤེལ་དཔེ་དབྱིབས་ཀྱི་དཀའ་གནད་སེལ་ཏེ་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ཚན་རིག་ཅན་གྱི་གསོ་སྤེལ་དཔེ་དབྱིབས་འཕེལ་རྒྱས་གཏོང་ཆེད། ཚེ་བྷོ་ཡིས་ཉིན་ཞྭ་གྲོང་ཚོའི་བོད་ལུག་དཀར་པོའི་གསོ་སྤེལ་ཐད། གྲོང་ཚོ་ནང་གི་སྨི་གྲུ་བཞི་མ6000བརྒལ་བའི་དྲོད་ཁང་དང་མུའུ་ཁྲི2ལྷག་གི་རྩྭ་ས་ལེགས་སྒྲིག་བྱེད་པ་དང་། འབྲོག་པས་མ་རྐང་འཇོག་པའི་རྣམ་པ་ཡིས་རང་ཚང་གི་ལུག་དང་རྩྭ་ས་མཉམ་ལས་ཁང་དུ་སྤྲོད་པ། ལེགས་བསྡུས་ཞིབ་བཤེར་ཅན་གྱི་ཚོང་གཉེར་མངོན་འགྱུར་བྱེད་པ། ཕྱུགས་ཟོག་ཁྱུ་བཀར་ནས་གསོ་སྤེལ་བྱེད་པ། རྩྭ་ས་དྲ་རྒྱ་ཅན་དོ་དམ། ཚན་རིག་དང་མཐུན་པའི་ངང་ཕྱུགས་འཚོ་བ་དང་ཞིབ་ཕྲ་ཅན་གྱིས་གསོ་སྤེལ་ཟུང་དུ་འབྲེལ་བའི་ཇུས་འགོད་བཏོན།

ཚེ་བྷོ་ཡིས་ངོ་སྤྲོད་ལྟར་ན། ད་ལྟ་ཉིན་ཞྭ་གྲོང་ཚོའི་ཕྱུགས་ལས་འཕེལ་རྒྱས་སྔར་ལས་ཡག་པས་གྲོང་ཚོ་ཡོངས་ཀྱི་ར་ནང་བཅུག་ཡོད་པའི་བོད་ལུག10600ཡོད་པ་དང་། 2023ལོར་ཉིན་ཞྭ་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2.8ཟིན་པ་རེད།

“ཉེ་བའི་ལོ་ཤས་རིང་། ང་ཚོས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་དང་། མཚོ་སྔོན་སློབ་ཆེན་དང་མཉམ་འབྲེལ་གྱིས་བོད་ལུག་མང་རྩེབ་གསོ་སྤེལ་ལག་རྩལ་ལ་ཞིབ་འཇུག་བྱེད་བཞིན་ཡོད”ཅེས་རྐང་ཚ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཁྲིན་ཧའེ་ཡིས་དེ་ལྟར་ངོ་སྤྲོད་བྱས། ལས་རིགས་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། 2023ལོར་རྐང་ཚ་རྫོང་གིས་བོད་ལུག་བཤས་གཏོང་ཁྲི42.7ཟིན་པ་དང་། “བོད་ལུག་སྟོང་ཕྲག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི”20བསྐྲུན་པ། “བོད་ལུག་ཁྲི་ཕྲག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི”2བསྐྲུན་ཏེ་ནུས་མཐོ་གསོ་སྤེལ་གྱིས་སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号