ཀྲུང་གུང་ཀྲུང་དབྱང་གིས་ལའོ་ཝོ་མི་དམངས་གསར་བརྗེའི་ཏང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་གློག་འཕྲིན་བཏང་།
ཟླ3ཚེས22ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལའོ་ཝོ་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་ནས། ལའོ་ཝོ་མི་དམངས་གསར་བརྗེའི་ཏང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུས། རྟེན་འབྲེལ་གློག་འཕྲིན་ནང་དུ་བསྟན་དོན།
ལོ་ངོ70རིང་། ལའོ་ཝོ་མི་དམངས་གསར་བརྗེའི་ཏང་གིས་ལའོ་ཝོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བཅོས་ལས་དོན་ཐད་འོད་སྟོང་འཕྲོ་བའི་གྲུབ་འབྲས་བླངས་ཡོད། ལྷག་པར་དུ་ལའོ་ཝོ་ཏང་གི་ཚོགས་ཆེན་བཅུ་གཅིག་པའི་ཚུན་ལ། ལའོ་ཝོ་ཏང་ཀྲུང་དབྱང་གིས་ནུས་ཤུགས་ཡོད་རྒུས་ཏང་གི་མགོ་ཁྲིད་སྲ་བརྟན་དང་འཐུས་ཚང་དུ་བཏང་བས། ཆབ་སྲིད་དང་སྤྱི་ཚོགས་བརྟན་བརླིང་ཡིན་ལ། དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་སོང་བ་དང་། དམངས་ཚིས་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ཞིང་། རྒྱལ་སྤྱིའི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་མཐོ་རུ་སོང་ཡོད། ཀྲུང་གོའི་ཏང་དང་མི་དམངས་དེར་སེམས་གཏིང་ནས་དགའ་སྤྲོ་སྐྱེ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་གྱི་གཙོ་འཛིན་ཡིན་པའི་ལའོ་ཝོ་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ལའོ་ཝོ་ཏང་དང་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བཅོས་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ལའོ་ཝོ་ཏང་གི་ཚོགས་ཆེན་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་ངེས་པར་ཡིད་ཆེས་ཡོད།
སྤྱི་ཚོགས་རིང་ལུགས་ཀྱི་བློ་མཐུན་དང་སྤུན་ཟླ་ཡིན་པའི་ཆ་ནས། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ལའོ་ཝོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཡིད་རྟོན་རུང་བའི་གྲོགས་པོ་དང་ཟླ་གྲོགས་སུ་བརྩིས་ནས། འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ལའོ་ཝོ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། 2023ལོའི་ཟླ10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་གསར་པར་མཚན་བཀོད་དེ། དུས་རབས་གསར་པའི་ཀྲུང་གོ་དང་ལའོ་ཝོ་ཡི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་མཛེས་སྡུག་གི་འཆར་འགོད་མཛད་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ལའོ་ཝོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ངང་དངོས་འབེབས་བྱས་ནས། གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པ་རབ་དང་རིམ་པ་བླངས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དངོས་བསྩལ་ཡོད།
མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། ལའོ་ཝོ་ཡང་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་དུས་མཚམས་གལ་ཆེན་དུ་གནས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལའོ་ཝོ་མི་དམངས་གསར་བརྗེའི་ཏང་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་གྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། ཏང་སྐྱོང་རྒྱལ་སྐྱོང་གི་གཞུང་ལུགས་དང་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚད་གཏིང་ཟབ་ཏུ་གཏོང་བ། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་བགྲོད་ལམ་མཉམ་དུ་འཚོལ་ཞིབ་བྱས་ནས། ཀྲུང་གོ་དང་ལའོ་ཝོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་དེ་ཚད་གཞི་མཐོན་པོ་དང་། སྤུས་ཚད་མཐོན་པོ། ཆུ་ཚད་མཐོན་པོ་བཅས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注