ལི་ཧུང་ཀྲུང་གིས་ཧོ་ནན་དུ་རྟོག་ཞིབ་གནང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་ཚེས18ཉིན་ནས་ཚེས20ཉིན་བར་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་བྱས་པ་དང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། སྔར་ལས་ལྷག་པར་དམངས་ཆེན་གྱི་ལམ་ལུགས་ཀྱི་མངོན་གསལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས།
ལི་ཧུང་ཀྲུང་སྔ་རྗེས་སུ་ཀྲེང་ཀྲོའུ་དང་ལུའོ་དབྱང་། ཨན་དབྱང་སོགས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་སྒྲིག་ཆས་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་ཞིན་ལྕི་བའི་བཟོ་ལས་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས། སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་ཀྱིས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་རྟོག་ཞིབ་བྱས། ཨན་དབྱང་མི་མེད་གནམ་གྲུའི་ཐོན་ལས་གླིང་དུ། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་དང་མི་མེད་གནམ་གྲུའི་ཐོན་ལས་ཁྱུ་ཚོགས་གསོ་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་ཤིང་། སན་ཆོན་ཟས་རིགས་མ་རྐང་ཚད་ཡོད་ཀུང་སི་རུ་དམངས་གཉེར་སྣེ་ཁྲིད་ཁེ་ལས་ཀྱིས་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཐོན་ལས་འབྲེལ་ཐག་གཏོད་རྒྱུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་བཅོས་བསྒྱུར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་དགོས། ཧི་ནན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་ཞིང་ཆེན་ཏང་ཨུས་ཏང་ཀྲུང་དབྱང་གི་སྲིད་འཛིན་བྱེད་ཕྱོགས་དོན་འཁྱོལ་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ། ས་གནས་ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བ་དང་། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་ཁུར་ཆེན་པོ་འཁུར་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད།
ལི་ཧུང་ཀྲུང་རྨ་ཆུའི་རིག་གནས་སྤྱི་གླིང་དང་རྨ་ཆུའི་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས། རྨ་ཆུའི་རིག་གནས་རྒྱུན་འཛིན་དར་སྤེལ་དང་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་དཔལ་ཡོན་འཕེལ་རྒྱས་དང་ཆུ་སྐྱོང་ལོ་རྒྱུས་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་གཞི་འཛིན་ས་གལ་ཆེན་དུ་བྱས་ཏེ། ཆུ་དང་བྱེ་མ་སྙོམས་སྒྲིག་དང་གནོད་འགོག་གནོད་འཕྲིའི་ནུས་པ་ཆེ་རུ་གཏོང་བ་དང་། རྨ་ཆུ་ལོ་རྒྱུས་ཤུལ་བཞག་རིག་གནས་དང་གསར་བརྗེའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ། རྨ་ཆུ་ཡུན་རིང་བདེ་ཐང་ཡོང་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་འགན་ལེན་བྱེད་དགོས།
ལི་ཧུང་ཀྲུང་ཀྲེང་ཀྲོའུ་ཁྲང་ཞིན་ལམ་ཁྲོམ་གཞུང་གི་དམངས་ཆེན་འཐུས་མི་ལྟེ་གནས་འབྲེལ་གཏུག་ས་ཚིགས་སུ་ཕེབས་ནས། དམངས་ཆེན་གྱི་ལས་འགན་སྒྲུབ་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། དམངས་ཆེན་གྱི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བཟོ་བཅོས་བརྒྱབ་རྗེས་ཀྱི་འཐུས་མིའི་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་ཡག་པོ་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་རིམ་པ་སོ་སོ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་བྱ་བའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་དང་འཐུས་ཚང་དུ་གཏོང་བ། འཁོར་སྐྱོད་ཡག་པོ་བཅས་བྱ་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注