ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཀྱི་དུས་ཚིགས་དང་པོའི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་འདྲི་དངོས་སུ་སྤེལ་མགོ་བརྩམས།
ཚེས19ཉིན་གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་གསལ་ལྟར་ན། 2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཀྱི་དུས་ཚིགས་དང་པོའི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་འདྲི་ཉེ་སྔོན་དངོས་སུ་སྤེལ་མགོ་ཚུགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་མིའི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་པའི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང22ཞིང་ཆེན31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དུ་སྔ་རྗེས་སུ་བཅའ་སྡོད་བྱས། ད་ཐེངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་འདྲི་དེ་ཟླ3པའི་ཟླ་དཀྱིལ་ནས་མགོ་ཚུགས་ནས་ཟླ3པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཁག་ཁག་གིས་གཅིག་གྱུར་འཆར་འགོད་འཕེལ་རྒྱས་དང་བདེ་འཇགས་འགན་འཁྲི་དོན་འཁྱོལ་གནས་ཚུལ་དང་། སྔོན་གྱི་གནད་དོན་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་མཇུག་སྡུམ་གནས་ཚུལ། རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སོགས་ལ་དམིགས་ནས། མངོན་བཤེར་ལྐོག་འདྲི་དང་། ཆེད་མཁས་པའི་མཛུབ་ཁྲིད་རོགས་སྐྱོར། མང་ཚོགས་ཀྱི་ཐེར་འདོན་དང་ཁུངས་སྣེར་ཞིབ་དཔྱད་ཐག་གཅོད། དོན་རྐྱེན་གལ་ཆེན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་། གནད་དོན་གྱི་མངོན་མེད་རྐྱེན་ངན་དམར་འདོན་སོགས་ཀྱི་ལས་དོན་གཏིང་ཟབ་ངང་སྤེལ་ཏེ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཆེན་པོ་ཐོན་པར་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་རེད། བཅའ་སྡོད་བྱེད་སྐབས། དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་ཁག་གིས་ཐེར་འདོན་ཁ་པར་དང་གློག་རྡུལ་ཡིག་སྒམ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ཀྱི་ཐེར་འདོན་བསྡུ་ལེན་བྱས་ཏེ། མང་ཚོགས་ཀྱི་ཉེ་འགྲམ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་གལ་ཆེན་གྱི་མངོན་མེད་རྐྱེན་ངན་ཐག་གཅོད་མཐའ་གཅིག་ཏུ་བྱ་རྒྱུ་དང་། དཔེ་མཚོན་གྱི་གནད་དོན་གལ་ཆེན་ལ་རིམ་པ་སྤར་ནས་ལྟ་སྐུལ་བྱ་རྒྱུ་དང་འབྲེལ་མངའ་ཁོངས་སུ་ལྡོག་འདྲི་ཞིབ་བཤེར་གྱི་འགན་འཁྲི་བདའ་འདེད་བྱེད་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注