ཀྲང་གོ་ཆིང་ཧྥ་རན་སིའི་མི་ཐབས་རིག་ནུས་འགུལ་སྐྱོད་རྩེ་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ས་དེའི་དུས་ཚོད་ཟླ2པའི་ཚེས10ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་རུ། མི་ཐབས་རིག་ནུས་འགུལ་སྐྱོད་རྩེ་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ཀྲང་གོ་ཆིང་གིས་མི་ཐབས་རིག་ནུས་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་འགན་གཙང་ལེན་གྱི་རྣམ་འགྱུར་བཟུང་ནས་མི་ཐབས་རིག་ནུས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཁྲོད་ཞུགས་ཡོད། 2023ལོའི་ཟླ10པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས《འཛམ་གླིང་ཡོངས་ཀྱི་མི་ཐབས་རིག་ནུས་བཅོས་སྐྱོང་གྲོས་འགོ》དངོས་སུ་བཏོན་ཏེ།“མི་ཐབས་རིག་ནུས་ཇི་ལྟར་འཕེལ་རྒྱས་དང་བཅོས་སྐྱོང་བྱ་རྒྱུའི་སྐོར”གྱི་དུས་རབས་ཀྱི་ཞིབ་འཇུག་བྱེད་ཡུལ་གལ་ཆེན་ལ་དམ་པོར་དམིགས་ནས། ཀྲུང་གོའི་ཇུས་གཞི་བཏོན་པ་དང་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད། མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་གོ་སྐབས་དང་འགྲན་སློང་གི་མདུན་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་རིག་ནུས་ཀྱི་བཟང་ཕྱོགས་དར་སྤེལ་གཏོང་བ་དང་གསར་གཏོད་མཉམ་ལས་ཟབ་སྤེལ་གཏོང་བ། བསྟུན་མཁས་ཀུན་ཕན་ཆེ་རུ་གཏོང་བ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད། ཕྱོགས་ཁག་ཚང་མ་ཀྲུང་གོར་ཡོང་ནས་ཧྲང་ཧའེ་ཡི2025ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་ལ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།
འཛམ་གླིང་ཡུལ་གྲུ་སོ་སོའི་རྒྱལ་ཁབ30ལྷག་ནས་ཡོང་བའི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་། སྲིད་གཞུང་གི་མགོ་གཙོ་སམ་ཡང་ན་རིམ་པ་མཐོ་བའི་འཐུས་མི། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ད་ཐེངས་ཀྱི་རྩེ་ཚོགས་ལ་ཞུགས་པར་མ་ཟད།《བསྟུན་མཁས་དང་རྒྱུན་མཐུད་ཀྱི་མི་ཐབས་རིག་ནུས་འཕེལ་རྒྱས་བཏང་ནས། མིའི་རིགས་དང་སའི་གོ་ལར་བདེ་སྐྱིད་སྟེར་དགོས་པའི་སྐོར་གྱི་གསལ་སྒྲོག》ཅེས་པ་མཉམ་དུ་ཁྱབ་སྒྲོག་བྱས།
ཀྲུང་གོ་ཆིང་ཧྥ་རན་སིར་སྡོད་པའི་རིང་ལ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཀྲང་གོ་ཆིང་ལ་མཇལ་འཕྲད་གནང་། ཀྲང་གོ་ཆིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད། མཱ་ཁི་ལུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམིགས་བསལ་འཐུས་མི་ཧྥ་རན་སིར་མངགས་ནས་ཚོགས་འདུའི་ནང་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཧྥ་རན་སིས་འཐབ་ཇུས་རང་བདག་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོའི་བར་གྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་བསྣན་ནས། ཞི་བདེའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་དུས་རབས་ཀྱི་འགྲན་སློང་མཉམ་བསུ་བྱེད་འདོད་ཡོད་ཅེས་བསྟན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注