ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
ཟླ2པའི་ཚེས10ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དབྱེ་པིན་གྲོང་ཁྱེར་ཅུན་ལེན་རྫོང་དུ་རི་ཉིལ་བའི་དོན་རྐྱེན་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཉེན་ཁའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རིགས་སོ་སོའི་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགལ་རྐྱེན་ཞིབ་བཤེར་ལ་ཤུགས་སྣོན་པ། འགན་འཁྲི་དངོས་འབེབས་ཤུགས་དྲག་ཏུ་གཏོང་བ། གནོད་འཚེ་དང་དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས། རང་ཞིང་གི་ནམ་ཟླ་དང་ས་བབ་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་བྱེད་པར་ཤུགས་བསྣན་ཏེ། ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ་དང་འགལ་རྐྱེན་གཙོ་བོ་གནས་ས་གཙོར་བཟུང་ནས་ཞིབ་བཤེར་བཅོས་སྐྱོང་བྱ་བ་ཞིབ་ཚགས་གཏིང་ཟབ་དང་ལེགས་པོར་སྒྲུབ་དགོས་ལ། ཚོགས་སྐོར་ཞིབ་བཤེར་དང་ཚོགས་སྐོར་འགོག་སྲུང་། ལྟ་ཞིབ་སྔོན་བརྡ། རོགས་སྐྱོབ་དཔུང་སྡེ་འཛུགས་པར་ཤུགས་བསྣན་ནས་ནུས་ཤུགས་ཡོད་དགུས་ས་གཤིས་གནོད་འཚེ་འགོག་བཅོས་གང་ལེགས་བྱེད་དགོས། ས་གཤིས་གནོད་འཚེ་ཡི་ཉེན་ཁར་གཡོལ་བ་དང་གནས་སྤོའི་བྱ་བའི་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། གཅིག་འདོམས་བཀོད་གཏོང་ལ་ཤུགས་སྣོན་དང་། ཉེན་ཁ་ཆེ་བའི་ས་གཤིས་གནོད་འཚེ་ཡི་ཉེན་གཡོལ་དང་གནས་སྤོའི་བཟོ་བསྐྲུན་ཐད་ཕན་ནུས་མཐོ་བའི་སྐུལ་འདེད་བཏང་ནས། མང་ཚོགས་བདེ་འཇགས་སྒོས་སྡོད་ཐུབ་པ་དང་སེམས་བདེ་མོའི་སྒོ་ནས་འཚོ་བ་རོལ་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2025ལོའི་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་སྐབས་དང་ལུགས་རྙིང་ལོ་སར་སྔོན་དུ་ལེའོ་ཉིང་དུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། སྦྲུལ་གྱི་བརྩོན་པའི་རྒྱུན་རིང་བའི་ངར་ཤུགས་ཡོད་པར་བྱས་ཏེ། སྒོ་འབྱེད་ཡར་བརྩོན་གྱི་བློ་སྤོབས་སྲུང་འཛིན་དང་། དངོས་སྒྲུབ་འབད་འབུངས་དང་དངོས་སྒྲུབ་བརྩོན་ལེན་རྒྱུན་འཁྱོངས་བྱེད་དགོས་ལ། ནུས་ཤུགས་ཡོད་དགུས་དཔལ་འབྱོར་དོན་གཉེར་དང་ཚོང་འགུག་ནུས་ལྡན། ལས་གཞི་དམ་འཛིན། འཕེལ་རྒྱས་ཡར་སྐུལ་བྱས་ནས་དཔལ་འབྱོར་རྒྱུན་མཐུད་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། སྔར་ལས་རང་འགུལ་གྱི་སྒོ་ནས་ཕྱི་ནང་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་བཅོས་སྒྱུར་གྱི་ལས་འགན་གཙོ་བོ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ། མཚོན་བྱེད་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་དངོས་འབེབས་དོན་འཁྱོལ་ཡོང་བར་མྱུར་དུ་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྲིད་གཞུང་མ་ལག་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས་སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་གཙོ་གནས་ལས་དོན་གྱི་ཁག་བགོས་ཇུས་གཞི་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་ཤུགས་དྲག་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། མ་ལག་རང་བཞིན་དང་གསར་གཏོད་རང་བཞིན་གྱིས་དངོས་འབེབས་དམ་འཛིན་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་སྤྱད་ནས་དཀའ་གནད་སེལ་དགོས་ཤིང་། སྔར་ལས་མྱོང་ཚོར་ཐུབ་པའི་སྲིད་ཇུས་བྱེད་ཐབས་འདོན་པ་དང་། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་བརྩོན་ལེན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་གྲུབ་འབྲས་གསར་པ་ལོན་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཞིང་ཆེན་གྱི་གཞུང་ལམ306གི་མེན་ཧི་ཀོན་ཐིན་གྲོང་རྡལ་ནས་སྟོང་སྐོར་བོད་རིགས་ཡུལ་ཚོའི་ཧ་ཁྲིན་སྡེ་བའི་བར་གྱི་གཞུང་ལམ་ལས་བ་ཡན་ནས་ཀོན་ཐིན་ལམ་དུམ་གྱི་བཟོ་སྐྲུན་འཛུགས་སྐྲུན་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་སྔོན་སྐྱོད་ཁུལ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་བྱ་བ་དང་། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གཏིང་ཟབ་མཐོར་འདེགས་འགུལ་སྐྱོད། རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་མོ་བསྐྲུན་པའི་ཚོད་ལྟའི་མཛུབ་སྟོན་ལག་བསྟར་དངོས་འབེབས་བྱེད་པའི་སྙན་ཞུ་བཅས་ལ་ཉན།
གྲོས་ཚོགས་ལས་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注