ཝང་དབྱི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུས་ཤར་གནད་དོན་ཐད“བརྩི་འཇོག་བཞི”སྲུང་དགོས་པར་འདོད།
ཟླ12པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་དབྱི་ལང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་དང་གྲོས་མོལ་བྱེད་སྐབས། དབུས་ཤར་ས་ཁུལ་གྱི་གནས་བབ་སྐོར་ནས་བསྟན་དོན། དབུས་ཤར་ནི་དབུས་ཤར་མི་དམངས་ཀྱི་དབུས་ཤར་ས་ཁུལ་ཡིན་པ་ལས་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་བྱ་ཡུལ་ཞིག་མིན་ལ། ས་ཁོངས་ཕྱི་རོལ་རྒྱལ་ཁབ་ཀྱི་ས་བབ་འཕྲོག་རྩོད་ཀྱི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་འགྱུར་མི་རུང་ཞེས་གསུངས། དབུས་ཤར་ས་ཁུལ་དུ་ཟང་ཟིང་ནས་བཅོས་སྐྱོང་བྱེད་པའི་ཁ་ཚ་དགོས་གཏུག་གི་ལས་འགན་ནི་མྱུར་དུ་དམག་འཁྲུག་མཚམས་བཞག་ནས་དྲག་ཤུགས་མཚམས་འཇོག་པ་དང་། མི་ཆོས་ཉམས་ཉེན་ཞི་ལྷོད་དུ་གཏོང་བ། ཆབ་སྲིད་ཐག་གཅོད་རྒྱུན་འཁྱོངས་དང་གླེང་མོལ་དང་གྲོས་མོལ་སླར་གསོ་བྱ་རྒྱུ་དེ་རེད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུས་ཤར་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་། དབུས་ཤར་རྒྱལ་ཁབ་ལ་ལུགས་མཐུན་གྱི་དོ་ཁུར་དང་བརྩི་འཇོག་བྱེད་པ། དབུས་ཤར་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་རང་བདག་གི་གདམ་གར་བརྩི་འཇོག་བྱེད་པ། དབུས་ཤར་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་རེ་འབོད་བྱས་པ་ཡིན། ཕྱོགས་སོ་སོས་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་བརླིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་དངོས་གནས་འདོན་སྤེལ་བྱེད་པ་ལས། རང་ཉིད་ཀྱི་འདོད་བློ་དབུས་ཤར་ས་ཁུལ་གྱི་མི་དམངས་ལ་བཙན་འགེལ་བྱེད་པ་དང་། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ལ་མཛུབ་སྟོན་བྱེད་རྩིས་མི་བྱེད་པ་མ་ཟད། སྐབས་བསྟུན་བཀག་སྡོམ་གནོན་ཤུགས་གཏོང་བ་དང་། འགྲན་རྒོལ་སློང་སྐུལ། དྲག་ཤུགས་ལ་བརྟེན་པ་བཅས་དེ་བས་ཀྱང་བྱེད་མི་རུང་བའི་རེ་བ་ཡོད།
ཝང་དབྱི་ཡིས་ནན་གྱིས་བསྟན་དོན། དབུས་ཤར་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན་པའི་ཆ་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དབུས་ཤར་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་གིས་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། དབུས་ཤར་རྒྱལ་ཁབ་ཀྱིས་གླེང་མོལ་དང་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པ། དབུས་ཤར་རྒྱལ་ཁབ་ཀྱིས་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ། དབུས་ཤར་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注