རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན《ཞབས་ཞུ་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས།
《བསམ་འཆར》གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་བསྐྲུན་པ་དང་། ནང་མཁོ་རྒྱ་བསྐྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་གཅིག་འདོམས་བྱེད་པ། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་རྒྱ་བསྐྱེད་པ། ཤུགས་ཆེན་པོས་ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་། འཛད་སྤྱོད་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་བྱེད་པ། གསར་སྐྲུན་གྱིས་ཞབས་ཞུ་འཛད་སྤྱོད་ཀྱི་ནང་གནས་སྒུལ་ནུས་བསྐྱེད་པ། ཞབས་ཞུ་འཛད་སྤྱོད་ཀྱི་འཕར་གནས་གསར་པ་བསྐྱེད་པ་བཅས་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བར་ནུས་ལྡན་རྒྱབ་རྟེན་འདོན་སྤྲོད་བྱས་ནས། མི་དམངས་མང་ཚོགས་ཀྱི་སྒེར་གཤིས་ཅན་དང་སྣ་མང་ཅན། རྒྱུ་སྤུས་ཅན་བཅས་ཀྱི་ཞབས་ཞུ་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་བཟང་བོར་བསྐངས་ཡོད།
《བསམ་འཆར》ལས་ཕྱོགས6དང་སྣ20ཡི་གཙོ་གནད་ལས་འགན་བཏོན་ཡོད་དེ། གཅིག་ནི་བཟའ་བཏུང་ཞག་སྡོད་དང་ཁྱིམ་ལས་ཞབས་ཞུ། རྒན་གསོ་བཅོལ་སྐྱོང་སོགས་རྨང་གཞི་རྣམ་པའི་འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། གཉིས་ནི་རིག་གནས་རོལ་རྩེད་དང་ཡུལ་སྐོར། ལུས་རྩལ། སློབ་གསོ་དང་གསོ་སྦྱོང་། གནས་སྡོད་ཞབས་ཞུ་སོགས་ལེགས་བཅོས་རྣམ་པའི་འཛད་སྤྱོད་ཀྱི་གསོན་ཤུགས་བསྐྱེད་པ། གསུམ་ནི་གཞི་གྲངས་དང་ལྗང་མདོག བདེ་ཐང་སོགས་གསར་དར་རྣམ་པའི་འཛད་སྤྱོད་བསྐྱེད་པ། བཞི་ནི་ཞབས་ཞུ་འཛད་སྤྱོད་ཀྱི་སྒུལ་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཞབས་ཞུ་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱེད་པ། ཞབས་ཞུ་འཛད་སྤྱོད་ཀྱི་མཚན་སྙན་བསྐྲུན་པར་ཤུགས་སྣོན་པ། ཞབས་ཞུའི་ལས་རིགས་ཁྲོམ་རར་འཇུག་པའི་ཚད་བཀག་ཇེ་ལྷོད་དུ་གཏོང་བ། གློག་འཕྲིན་སོགས་ཁྱབ་ཁོངས་བསྟུད་མར་སྒོ་འབྱེད་ཚད་ཇེ་ཟབ་ཏུ་གཏོང་བ། ལྔ་ནི་ཞབས་ཞུ་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། ཞབས་ཞུ་འཛད་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཡིད་རྟོན་ལུགས་མཐུན་གྱི་ཚོང་གཉེར་ལ་ཁྲིད་སྟོན་བྱེད་པ་དང་། ཞབས་ཞུ་འཛད་སྤྱོད་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། དྲུག་ནི་སྲིད་ཇུས་ཀྱི་འགན་སྲུང་ཤུགས་དྲག་ཏུ་གཏོང་བ་དང་། ནོར་ཁྲལ་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་པ། འཇོན་མི་དཔུང་སྡེའི་རྒྱབ་རྟེན་སྲ་བརྟན་དུ་གཏོང་བ་དང་། སྡོམ་རྩིས་ལྟ་ཞིབ་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་རེད། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་མཉམ་དུ་ཞབས་ཞུ་འཛད་སྤྱོད་སྤུས་འདེགས་དམངས་ཕན་འགུལ་སྐྱོད་དང་ཞབས་ཞུ་འཛད་སྤྱོད་དུས་ཚིགས་ཀྱི་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། མུ་མཐུད་དུ་ཞབས་ཞུ་འཛད་སྤྱོད་ཀྱི་ཚ་རླབས་སློང་བ་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས།
《བསམ་འཆར》ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། ལས་འགན་སྣ་ཚོགས་གཟབ་ནན་དང་ཞིབ་ཚགས་ཀྱིས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། ཞབས་ཞུ་འཛད་སྤྱོད་སྤུས་ཚད་མཐོན་པོས་གོང་དུ་འཕེལ་བར་མཉམ་དུ་ཡར་སྐུལ་བྱེད་དགོས་པའི་བླང་བྱ་བཏོན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注