མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས25པའི་མ་འཇོག་གསལ་བཤད་ཚོགས་འདུ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་ཟི་ལིང་དུ་འཚོགས།
ཟླ7པའི་ཚེས11ཉིན། མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས25པའི་མ་འཇོག་གསལ་བཤད་ཚོགས་འདུ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་ངོ་སྤྲོད་གནང་།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་མཚོ་སྔོན་དུ་རྟོག་ཞིབ་ཕེབས་པ་དང་གསུང་བཤད་གལ་ཆེན་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ཁ་ཕྱོགས་གསར་པ་གསལ་སྟོན་དང་། གནས་ཚད་གསར་པ་གཏན་འབེབས། ལས་འགན་གསར་པ་སྤྲད། མིག་སྔར། ཞིང་ཆེན་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་ལྟར་མདུན་སྐྱོད་བྱེད་པ་དང་། ནུས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས“གནས་བཞིའི”འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་མ་འཇོག་བཅས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བཞིན་ཡོད། ཁེ་ལས་ཆེད་མཁས་པ་ཚོས་མཚོ་སྔོན་ལ་མ་འཇོག་དང་མཚོ་སྔོན་ལ་ལས་བསྐྲུན་བྱས་ནས། ཐུན་མོང་སྒོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་པར་དགའ་བསུ་ཞུ་ཞེས་གསུངས།
ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས། ཚོགས་པ360དང་ཅིན་ཧྲན་མཉེན་ཆས་ཚོགས་པ་ཚད་ཡོད་ཀུང་སི། པེ་ཅིན་ཅིན་ཏུང་དུས་རབས་ཚོང་དོན་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བ་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་གཙོ་སྐྱོང་གནང་།
ཐེན་ཅིན་གྲོང་ཁྱེར་གྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལི་ཧྲའོ་ཧུང་དང་། སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལུའོ་ཆང་། བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཝང་ཀང་བཅས་ཀྱིས་དྲིལ་སྒྲོག་འོས་སྦྱོར་བྱས། ཀྲུང་གོའི་ཤར་ཕྱོགས་གློག་ཤུགས་ཚོགས་པ་ཀུང་སིའི་སྤྱི་གཉེར་པ་གཞོན་པ་ལི་ཀྲུང་ཅུན་དང་། 360ཚོགས་པའི་གསར་གཏོད་པ་དང་ཏུང་ཧྲི་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པའི་ཀྲོའུ་ཧུང་དབྱི། པེ་ཅིན་ཅིན་ཧྲན་གཞུང་ལས་མཉེན་ཆས་མ་རྐང་ཀུང་སིའི་སྤྱི་འདོམས་པ་གཞོན་པ་ཝང་ཏུང་། ཐེ་སི་ལ་རླངས་འཁོར(པེ་ཅིན)ཚད་ཡོད་ཀུང་སིའི་བྱང་ཁུལ་གྱི་སྤྱི་གཉེར་པ་མ་ལི་བཅས་ཀྱིས་ཚོགས་ཞུགས་ཁེ་ལས་ཀྱི་ཚབ་བྱསས་ནས་སྤེལ་རེས་གཏམ་བཤད་བྱས། ཡུལ་དངོས་སུ་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར536ཟིན་པའི་གཙོ་གནད་རྣམ་གྲངས18ཀྱི་མཉམ་ལས་གྲོས་མཐུན་བཞག
ཐེན་ཅིན་དང་ཅང་སུའུ། སི་ཁྲོན། བོད་ལྗོངས་བཅས་ཀྱི་འཐུས་མི་ཚོགས་པ་དང་། ཀྲུང་དབྱང་ཁེ་ལས་ཁག་ཅིག་གི་མགོ་ཁྲིད་དང་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་ཁེ་ལས་ལས་ཁུངས་ཀྱི་འགན་འཁུར་བ། རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་དང་ཞིང་ཆེན་ཕྱི་རོལ་གྱི་ཁེ་ལས་གྲགས་ཅན་གྱི་འཐུས་མི། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་འབྲེལ་ཡོད་དྲུང་ཡིག་གཞོན་པ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། བཟོ་ལས་གླིང་ཁུལ་སོ་སོ་དང་། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་སྒྲིག་གཞི། མཚོ་སྔོན་གྱི་ས་ཆ་གཞན་གྱི་ཚོང་ཚོགས་བཅས་ཀྱི་འགན་འཁུར་བ། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注